འཚོ་བ་ཡག་པོ་གཞི་ནས་མགོ་བརྩམས་།
2020.09.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཡུལ་གཞན་དུ་གནས་སྤོར་དབུལ་སྐྱོར་བྱས་པས་གུང་ཧོ་རྫོང་ཨེར་སྟི་ཡུལ་ཚོ་ཆོས་ཚ་སྡེ་བའི་དཀར་མོ་སྐྱིད་ཀྱི་འཚོ་བར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།

གུང་ཧོ་རྫོང་ཨེར་སྟི་ཡུལ་ཚོའི་ཆོས་ཚ་སྡེ་བའི་ཁྱིམ་ཚང་ཚང་མར་མེ་ཏོག་བཞད།

ཉེ་ལམ། གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་མཁར་བྱང་སྡོད་ཁུལ་གསར་བའི་ཆོས་ཚ་སྡེ་བ་རུ་ཐོན་པ་ན། འཚེམ་འཁོར་གྱི་ཐག་སྒྲ་ཐོས་ཐུབ་ལ། མཚམས་རེར་བྱིས་པ་རྩེད་འཇོ་རོལ་བའི་དགོད་སྒྲ་ཐོས་ཐུབ། འཚེམ་འཁོར་གྱི་སྒྲ་དང་བྱིས་པའི་དགོད་སྒྲའི་ཕྱོགས་སུ་བསྐྱོད་པ་ན། སྡེ་མི་རིན་ཆེན་རྒྱལ་གྱི་སྡོད་ཁང་གསར་བ་རུ་ཐོན་བྱུང་།

ར་སྐོར་ལ་ལྕགས་ར་བསྐོར་ཡོད་པ་ལས་མཐོ་རྒྱུ་མེད་ལ། རྐང་པ་ཡར་བཀྱག་ན་ནང་དུ་འགྲོ་ཐུབ། ར་སྐོར་གྱི་གཡོན་ཕྱོགས་སུ་ཞོག་ཁོག་བཏབ་ཡོད་པ་དང་མེ་ཏོག་ཁ་དོག་སྣ་ཚོགས་བཞད་ཡོད།  སྒོ་རའི་གཡས་ལོགས་སུ་སྔོ་ཚལ་སྟབས་བདེ་འགའ་བཏབ་ཡོད་ལ། ད་དུང་མེ་ཏོག་ཉི་དགའ་ཡིས་ཉི་མའི་ཁ་ཕྱོགས་དང་བསྟུན་ནས་མེ་ཏོག་བཞད་ཡོད།

ཁང་པའི་ནང་དུ་བསྐྱོད་པ་ན། ཤེལ་བཀབ་ཡོད་པའི་ཁྱམས་ར་རུ་བྱིས་པ་གཉིས་རྩེད་འཇོ་རོལ་བཞིན་ཡོད། ཁང་པའི་འགྲུལ་ཁང་དུ་ས་གདན་བཏིང་ཡོད་པ་དང་། གྱང་ཐོག་ཏུ་བརྙན་འཕྲིན་བཀལ་ཡོད་ལ། བརྙན་འཕྲིན་གྱི་སྟེང་དུ་གཙོ་འཛིན་གྱི་སྐུ་པར་བཀལ་ཡོད། མགྲོན་ཁང་གི་གཡས་ཕྱོགས་ཀྱི་ཉལ་ཁང་དུ་རིན་ཆེན་རྒྱལ་འཚེམ་འཁོར་མདུན་དུ་བསྡད་ནས་བོད་ལྭ་བཟོ་བཞིན་ཡོད་པ་དང་ཆུང་མས་གམ་དུ་ལག་རོགས་བྱེད་བཞིན་ཡོད། འགྲམ་གྱི་ཉལ་ཁྲི་ཞིག་གི་སྟེང་དུ་བཟོས་ཚར་བའི་བོད་ལྭ་བཞག་ཡོད། ཁང་པ་འདི་ནི་རིན་ཆེན་རྒྱལ་གྱི་ལས་དོན་ཁང་རེད།

ད་ལོ་ལོ་ཞེ་བཞི་ལ་སླེབས་པའི་རིན་ཆེན་རྒྱལ་ནི་གུང་ཧོ་རྫོང་ཨེར་སྟི་ཡུལ་ཚོ་ཆོས་ཚ་སྡེ་བའི་ཡིན་པ་དང་། སྡེ་བ་དེ་རྫོང་མཁར་དང་བར་ཐག་སྤྱི་ལེ་སུམ་ཅུ་ལྷག་ཡོད་ལ། ཕྱུགས་ལས་རྐྱང་བ་གཉེར་བའི་སྡེ་བ་ཞིག་རེད། ལོ་འགའི་སྔོན་ལ། རིན་ཆེན་རྒྱལ་བཟའ་མི་གང་བོས་འབྲོག་པའི་འཚོ་བ་རོལ་བཞིན་ཡོད་པས་ཡོང་འབབ་ཅུང་ཙམ་ལས་མེད་པས་འཚོ་བར་དཀའ་ཁག་ཧ་ཅང་ཆེ། ད་ལྟ་ཚང་མ་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་དང་། རིན་ཆེན་རྒྱལ་བཟའ་མི་གང་བོ་གུང་ཧོ་རྫོང་མཁར་བྱང་སྡོད་ཁུལ་གསར་བའི་མཁར་སྐོར་བྱང་ལམ་གྱི་ཆོས་ཚ་སྡེ་བ་རུ་གནས་སྤོར་བྱས་ཡོད། གནས་དེ་རྫོང་མཁར་དང་བར་ཐག་སྤྱི་ལེ་གསུམ་ཙམ་ལས་མེད། རིན་ཆེན་རྒྱལ་གྱིས་བཤད་རྒྱུར། “རྫོང་མཁར་དང་ཐག་ཧ་ཅང་ཉེ་བས་བྱ་བ་ཅི་ཞིག་སྒྲུབ་ཀྱང་སྟབས་ཧ་ཅང་བདེ། བདེ་སྐྱིད་ཀྱི་འཚོ་བ་གཞི་ནས་མགོ་བརྩམས་ཟེར།

ཆོས་ཚ་སྡེ་བ་ནི་གུང་ཧོ་རྫོང་གི་ཡིག་ཚགས་བྱང་བུ་བཟོས་པའི་དབུལ་ཕོངས་སྡེ་བ་བཞི་བཅུའི་གྲས་ཀྱི་གཅིག་ཡིན་ལ། སྡེ་བ་ཡོངས་སུ་ཁྱིམ་ཚང་བཞི་བརྒྱ་དོན་དྲུག་དང་མི་གྲངས་སྟོང་གཅིག་བདུན་བརྒྱ་བཅུ་དགུ་ཡོད། ཡིག་ཚགས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་བརྒྱ་དང་དོན་བཞི་དང་མི་གྲངས་དྲུག་བརྒྱ་ཞེ་བཞི་ཡོད། ས་གནས་རྒྱང་རིང་འབྲོག་ཁུལ་དུ་ཡོད་པ་དང་སྡོད་གནས་ཆ་རྐྱེན་ཞན་པ། སྐྱེ་ཁམས་ཁོར་ཡུག་ཉམས་ཞན་ཡིན་པ། རྨང་གཞིའི་སྒྲིག་ཆས་ཞན་པ་བཅས་ཀྱི་རྐྱེན་གྱིས་ཕྱོགས་གཅིག་གི་ས་ཆུས་ཕྱོགས་གཅིག་གི་མི་གསོ་མི་ཐུབ་པར་གྱུར་ཡོད།

སྔོན་ཆད་ཀྱི་འཚོ་བའི་གནས་ཚུལ་སྐོར་གླེང་སྐབས། རིན་ཆེན་རྒྱལ་གྱིས་ཚོར་སྣང་ཟབ་མོའི་སྒོ་ནས་བཤད་རྒྱུར།“དེ་སྔོན་སྡེ་བ་རུ་ཆུ་དང་གློག་མེད་པར་ཞག་སྒྲོན་ལ་བརྟེན་དགོས་པ་དང་། ཆུ་ནི་སྤྱི་ལེ་གཉིས་ཙམ་གྱི་གནས་སུ་སོང་ནས་ཆུ་མིག་རྒྱབ་དུ་ཁུར་ནས་ཡོང་བའམ་ཡང་ན་ཕྱུགས་ཟོག་ལ་བཀལ་ནས་ཡོང་དགོས་ལ། མེ་སྦར་དྲོད་ལེན་ལ་བཀོལ་བ་ནི་ལྕི་བ་ཡིན་ཟེར།

2017ལོར། གུང་ཧོ་རྫོང་གིས་གནས་སྤོ་དང་དབུལ་སྐྱོར་དུས་མཉམ་དུ་བྱེད་པ་དང་། བདེ་སྡོད་དང་བདེ་འཇགས་གཉིས་མཉམ་དུ་བཟུང་སྟེ། མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་ལྔ་འབུམ་ལྔ་ལྷག་བཏང་ནས་སྡེ་བ་ཡོངས་ཀྱི་ཐག་རིང་ལུང་ཁུག་དང་ཁ་ཐོར་དུ་གནས་པའི་ཁྱིམ་ཚང་བརྒྱ་དང་ཞེ་བཞི་ཡི་རོང་འབྲོག་པ་བཞི་བརྒྱ་དོན་གཅིག་ལ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་གཞི་ལག་བསྟར་བྱས་པ་རེད། དེའི་ཁྲོད་ཁྱིམ་ཚང་ཞེ་གསུམ་གྱི་དབུལ་ཕོངས་མ་ཡིན་པའི་མི་གྲངས་བརྒྱ་དང་སོ་བདུན་ཐག་ཉེ་ས་ནས་བཀོད་སྒྲིག་བྱས་པ་རེད། ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོ་བརྒྱ་དང་གཅིག་དང་མི་གྲངས་སུམ་བརྒྱ་སོ་བཞི་གཅིག་གྱུར་འཆར་འགོད་དང་སྡོད་ཁང་རང་བསྐྲུན་བྱས་པ་བརྒྱུད། ཆབ་ཆ་གྲོང་རྡལ་མཁར་བྱང་སྡོད་ཁུལ་གསར་པར་བཀོད་སྒྲིག་བྱས་པ་ཡིན་ལ། སྡེ་གསར་ལ་ཆོས་ཚ་སྡེ་བ་ཞེས་མིང་བཏགས་པ་རེད།

ཆོས་ཚ་སྡེ་བར་བསྐྱོད་པ་ན། བོད་ཀྱི་ཁྱད་ཆོས་ལྡན་པའི་སྡོད་ཁང་གསར་པ་གྲལ་སྟར་སྒྲིག་ཡོད་པ་དང་། སྡེ་བའི་ཐང་ཆེན་དུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་ཞིང་ལྟ་ན་སྡུག་པ་ཞིག་རེད། ཁོད་སྙོམས་པའི་ཨར་འདམ་ལམ་ཕྱོགས་བཞི་མཚམས་བརྒྱད་ལ་འཐེན་ཡོད་པ་དང་། ལམ་འགྲམ་དང་ཁང་པའི་མདུན་རྒྱབ་དུ་མེ་ཏོག་དང་རྩི་ཤིང་གིས་ཁེངས་ཤིང་། གཙང་ཞིང་གྲལ་དག་པའི་སྡེ་གསར་དུ། མང་ཚོགས་གཉིས་རེ་གསུམ་རེ་བྱས་ནས་སོས་དལ་བག་ཕེབས་སྒོས་འཆམ་འཆམ་དུ་འགྲོ་བཞིན་ཡོད་པ་མ་ཟད་ཐང་ཆེན་གྱི་ལུས་སྦྱོང་ཡོ་བྱད་ཐོག་སྦྱོང་བརྡར་བྱེད་ཞོར་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར།

ཆོས་ཚ་སྡེ་བའི་བུ་བཅོལ་ཁང་གི་གྱང་སྟེང་དུ “ཁོར་ཡུག་གཙང་མ་ཡིན་ན། མི་སེམས་ལ་སྤྲོ་སྣང་འཕེལ་ཐུབ”ཞེས་པའི་སྦྱར་ཡིག་སྦྱར་ཡོད་ལ། དེ་ལས་གནས་སྤོས་རྗེས་ཀྱི་ཆོས་ཚ་སྡེ་བའི་འབྲོག་པའི་བསམ་པའི་ཉམས་འགྱུར་གསར་པ་མངོན་ཡོད།

“ད་ལྟ་འཚོ་བ་ཡག་པོ་གང་འདྲ་ཞིག་ཡིན་པ་གཞི་ནས་ཤེས་བྱུང་། སྡེ་བའི་ནང་དུ་བུ་བཅོལ་ཁང་ཡོད་པ་དང་། རྫོང་མཁར་དུ་སྤྱི་སྤྱོད་རླངས་འཁོར་ལ་བསྡད་ནས་སྐར་མ་ཁ་ཤས་སོང་ན་སླེབས་ཐུབ་ལ། ཡོང་སྒོ་བཙལ་བར་ཡང་སྔར་ལས་སྟབས་བདེ་རུ་གྱུར་ཡོད”ཅེས་ཟེར་ཞོར་རིན་ཆེན་རྒྱལ་ལ་དེ་ནི་ཁོའི་འབྱོར་འབྲིང་འཚོ་བ་ཡིན་པའི་ཚོར་སྣང་བྱུང་ཡོད།

རིན་ཆེན་རྒྱལ་གྱིས་འཚེམ་བཟོའི་རྩལ་ནུས་ཁོང་དུ་ཆུད་ཡོད། སྔོན་ཆད་སྡེ་བའི་ནང་དུ་ནུས་པ་འདོན་ས་མེད། ལོ་གཅིག་ལ་ཆེས་མང་ན་ལྭ་བ་འགའ་ལས་རྒྱུ་མ་གཏོགས་མེད་ལ། དངུལ་ཅུང་ཙམ་ཡང་གསོག་མི་ཐུབ། སྡེ་གསར་དུ་གནས་སྤོས་རྗེས་རྫོང་མཁར་དང་ཉེ་བའི་ས་བབ་ཀྱི་ལེགས་ཆར་བརྟེན་ནས། རིན་ཆེན་རྒྱལ་དང་རྫོང་མཁར་གྱི་གྱོན་ཆས་ཀུང་སི་ཞིག་དབར་ཕྱིར་ཚོང་གི་གན་རྒྱ་བཞག་པ་དང་མ་བཅོས་རྒྱུ་ཆ་ཚང་མ་གྱོན་ཆས་ཀུང་སིས་མཁོ་འདོན་བྱེད་ཀྱིན་ཡོད། ཁོས་ལས་སྣོན་བྱས་ནས་སྒོར་མོ་ལེན་བཞིན་ཡོད་ལ། ཟླ་རེར་བོད་ཆས་ཆ་ཚང་བཅུ་བཟོ་ཐུབ་པ་དང་ཡོང་འབབ་སྒོར་སྟོང་གཉིས་ནས་གསུམ་བར་ཡིན།

འདི་ནི་རིན་ཆེན་རྒྱལ་ཚང་གི་ཡོང་འབབ་ཀྱི་ཆ་ཤས་ཤིག་ཡིན་ལ། རིན་ཆེན་རྒྱལ་གྱིས་རྩིས་ཤིག་བརྒྱབ་ནས་སྐྱེ་ཁམས་བདག་སྐྱོང་བ་བྱས་ན། ཟླ་རེར་གཏན་འཇགས་གླ་ཕོགས་སྒོར་སྟོང་གཅིག་བརྒྱད་བརྒྱ་ཡོད་པ་དང་རྩྭ་ཐང་གི་བྱ་དགའི་ཁ་གསབ་ལོ་རེར་སྒོར་སྟོང་གསུམ་དང་བཞི་བརྒྱ་ཉེར་གསུམ་ཡོད། གནས་སྤོས་རྗེས་རྩྭ་ས་བོགས་མར་གཏོང་ལེན་བྱས་ནས་ལོ་རེར་ཡོང་འབབ་སྒོར་སྟོང་གཉིས་དང་བརྒྱ་ལེན་བཞིན་ཡོད་པས། ལོ་རེར་ཞོར་ལས་ཀྱི་ཡོང་འབབ་སྒོར་ཁྲི་གསུམ་ལྷག་ཡོད་པས། བསྡོམས་རྩིས་བྱས་ན། བཟའ་མི་གང་བོས་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་དྲུག་ལྷག་ཡོད་ཟེར།

རིན་ཆེན་རྒྱལ་དང་བསྡུར་ན་ཁྱིམ་མཚེས་ལྷ་སྐྱབས་རྒྱལ་ལྟོས་བཅས་ཀྱིས་དཀའ་ཁག་ཅུང་ཆེ། འོན་ཀྱང་། སྲིད་ཇུས་སྣ་ཚོགས་ཀྱི་རོགས་སྐྱོར་འོག་ལྷ་སྐྱིད་རྒྱལ་གྱི་འཚོ་བའི་ཆུ་ཚད་ཀྱང་ལོ་རེ་བཞིན་མཐོ་རུ་འགྲོ་བཞིན་ཡོད།

ལྷ་སྐྱིད་རྒྱལ་ད་ལོ་ལོ་ང་དྲུག་ལ་སླེབས་པ་དང་བཟའ་ཟླ་ཚེ་ལས་འདས་སོང་། བུ་མོ་གནས་ལ་སོང་བ་དང་བུ་ལ་ཁྱིམ་གསར་བཅོས་ཡོད་པས། ཁོ་མོས་ལོ་དྲུག་ལ་སོན་པའི་ཚ་བོ་དང་མཉམ་དུ་འཚོ་བ་རོལ་བཞིན་ཡོད། ལོ་ན་ཆེ་བས་ལས་ཀ་ལས་ས་མེད་ལ། ཡོང་འབབ་མང་ཆེ་བ་སྲིད་ཇུས་རང་བཞིན་གྱི་ཡོང་འབབ་ལས་བྱུང་བ་དང་རྩྭ་ཐང་གི་བྱ་དགའི་ཁ་གསབ་མ་དངུལ་ལོ་རེར་སྒོར་ཁྲི་གཅིག་ཙམ་ཡོད། མ་མཐའི་འཚོ་བའི་འགན་སྲུང་གི་ལོ་རེའི་ཡོང་འབབ་སྒོར་སྟོང་བརྒྱད་ལྷག་ཡིན་ལ། གནས་སྤོས་རྗེས་དེ་སྔའི་རྩྭ་རའི་བོགས་གཏོང་ཡོང་འབབ་སྒོར་ཁྲི་གཅིག་དང་སྟོང་གཉིས་རེད།

“ཏང་གི་སྲིད་ཇུས་ཡག་པས། ད་གཟོད་དེ་སྔའི་རུ་སྤོར་བའི་འབྲོག་པའི་འཚོ་བ་དང་འབྲལ་ཐུབ་བྱུང་། རྒྱ་ཆེ་ལ་ཁོད་ཡངས་བའི་ཁང་པ་ཆེན་པོའི་ནང་སྡོད་སྐབས། སྔོན་ཆད་སེམས་སུ་ཡང་དྲན་མ་མྱོང་བའི་འཚོ་བ་སྐྱིད་པོ་ཞིག་ད་ལྟ་གཞི་ནས་མངོན་འགྱུར་བྱུང་ཡོད། ད་ལྟ་ལོ་གཅིག་གི་ཡོང་འབབ་མང་པོ་མེད་ཀྱང་ང་ལ་བློ་ཡིད་ཚིམ་པའི་འཚོ་བ་རོལ་དུ་འཇུག་ཐུབ”ཅེས་ལྷ་སྐྱིད་རྒྱལ་གྱིས་ཡུལ་ཚོའི་ལས་བྱེད་པའི་ལག་པར་འཇུས་ནས་དེ་ལྟར་བཤད།

ཡོང་འབབ་དེ་དག་ལས་གཞན་ལྷ་སྐྱིད་རྒྱལ་ལ་ད་དུང་སྡེ་བའི་ཐུན་མོང་ཐོན་ལས་ཀྱི་ཁེ་སྤོགས་བགོ་བཤའ་རྒྱག་བཞིན་ཡོད།

གུང་ཧོ་རྫོང་གིས་ཆོས་ཚ་སྡེ་བའི་གནས་སྤོས་མང་ཚོགས“སྤོ་ཐུབ་པ་དང་བརྟན་པོར་གནས་ཐུབ་པ། འཕེལ་རྒྱས་གཏོང་ཐུབ་པ། ཕྱུག་པོར་འགྱུར་ཐུབ་པ”བཅས་ཀྱི་ཆེད་དུ། 2019ལོར་རྒྱལ་ལམ་109དང་ཆབ་ཆ་ནས་ཚྭ་ཁའི་མྱུར་བགྲོད་གཞུང་ལམ་ཕྱིར་གཏོང་བྱེད་པའི་གཞུང་ལམ་ལམ་རྒྱུད་ཀྱི་ལེགས་ཆར་བརྟེན་ནས། ཞིང་ཆེན་རིམ་པའི་ཞིང་སྡེའི་ཡུལ་སྐོར་དབུལ་སྐྱོར་ཆེད་སྤྱོད་མ་དངུལ་སྒོར་ས་ཡ་གསུམ་བཏང་ཡོད་པ་དང་། ཆོས་ཚ་སྡེ་བའི་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་ལ་ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་སྒོར་ས་ཡ་བཞི་དང་ཁྲི་ལྔ་བཏང་བ་དང་། རྫོང་རིམ་པའི་ནོར་སྲིད་ཀྱིས་སླར་ཡང་སྒོར་ས་ཡ་གཅིག་དང་འབུམ་ལྔ་ཁྲི་གསུམ་སྟོང་བདུན་ཙམ་བཏང་བས། ཨེར་སྟི་ཡུལ་ཚོ་ཆོས་ཚ་སྡེ་བ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་ཐོན་ལས་ལག་བསྟར་བྱས་པ་རེད།

ཆོས་ཚྭ་སྡེ་བའི་ཐང་ཆེན་འགྲམ་ནི་སྡེ་བའི་ཐུན་མོང་ཐོན་ལས་གནས་ཡུལ་ཡིན་པ་དང་། ཐོག་རྩེག་གཉིས་ཅན་གྱི་ཁང་བ་སྟར་ཕྲེང་གཅིག་ཡོད། ཐོག་ཁང་ཀླད་ཀྱི“བོད་ཁྱིམ་མགྲོན་ཁང”ཞེས་པའི་ཡིག་འབྲུ་ཆེན་པོ་དེ་ནི་མིག་ལམ་དུ་ཧ་ཅང་གསལ་བོ་ཞིག་རེད། གཅིག་ཐོག་ཏུ་ཚོང་ཁང་བཅུ་བཞི་ཡོད་པ་དང་། དེ་ནི་བཟའ་བཏུང་དང་ཞག་སྡོད། རླངས་འཁོར་ཞིག་གསོ་སོགས་སུ་སྤྱད་ཡོད་པ་དང་། ཐོག་བརྩེགས་གཉིས་པར་འགྲུལ་ཁང་བཅུ་དགུ་ཡོད་ལ། སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་ཐོན་ལས་ཐོག་ཁང་དེ་ལོ་དྲུག་ལ་སྒོར་ས་ཡ་གཉིས་དང་འབུམ་བཞི་བླངས་ནས་ཕྱི་རུ་གླས་ཡོད།

ཚོང་ཁང་དང་མགྲོན་ཁང་མཛེས་སྤྲས་བྱས་ཚར་ལ་ཉེ་བ་དང་། སྔོན་དཔག་བྱས་ན་རྒྱལ་སྟོན་དུས་ཆེན་ཡས་མས་སུ་དངོས་སུ་ལས་གཉེར་བྱེད་ཐུབ་ལ། སྐབས་དེར་སྡེ་བའི་ཁྱིམ་ཚང་དབུལ་པོར་ལས་ཞུགས་ལས་རྐང་མང་པོ་འདོན་སྤྲོད་བྱེད་ཐུབ་པ་མ་ཟད། ད་དུང་རིན་ཆེན་རྒྱལ་དང་ལྷ་སྐྱིད་རྒྱལ་སོགས་དབུལ་ཕོངས་མང་ཚོགས་ལ་ཡོང་སྒོ་བགོ་བཤའ་རྒྱག་ཐུབ་པས། ཁོ་ཚོའི་འཚོ་བའི་སྤུས་ཚད་དང་འཚོ་བའི་ཆུ་ཚད་ཀྱང་སྔར་བས་མཐོ་རུ་འགྲོ་སྲིད།

ལོ་ཙཱ་བ། ཤ་བོ་རིན་མཚོ།