གཡས་པ་སྡེ་བ་ནི་རྫ་ཆུའི་འགྲམ་གྱི་ཆེས་མཛེས་པའི་མཁར་གྲོང་གསར་པར་གྱུར་པ།
2020.09.11 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 30

ཡུས་ཧྲུའུ་ཁུལ་ནང་ཆེན་རྫོང་ཐོག་ནས་སྤྱི་ལེ23མཚམས་སུ་གནས་པའི་གཡས་པ་སྡེ་བ་ནི།ས་མགོའི་མཐོ་ཚད་སྨི3700ཡོད་ཅིང་རི་ཆུ་ནགས་གསུམ་འཛོམས་པའི་གནའ་བོའི་གྲོང་ཚོ་ཉམས་དགའ་བ་ཞིག་རེད། ཡིན་ནའང་། རི་བོ་མཐོ་ཞིང་བྲག་རོང་ས་ཁུལ་དུ་གནས་ཡོད་པས་འགྲིམ་འགྲུལ་སྟབས་མི་བདེ་ལ་ཕན་ཚུན་འགྲོ་འོང་བྱེད་པར་དཀའ་ཁག་ཡོད་པ་དང་། ས་བབ་མཐོ་བའི་དབང་གིས་རང་བྱུང་ཁོར་ཡུག་གི་ཆ་རྐྱེན་ཞན་ཞིང་རིགས་མི་འདྲ་བའི་རང་བྱུང་གནོད་འཚེ་མང་དུ་འབྱུང་བཞིན་ཡོད།

ཉེ་བའི་ལོ་འདི་འགའི་རིང་ལ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་གིས་རི་བོ་སྔོ་ཞིང་ཆུ་བོ་དྭངས་མོ་ཡོང་བ་དང་།རི་ཆུའི་རིག་གནས་དང་གནའ་བོའི་གྲོང་ཚོར་སྲུང་སྐྱོབ་བྱེད་ཆེད། དབུལ་ཐར་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་ཏེ་སྤྲེལ་ཚྭ་ཡུལ་ཚོ་གཡས་པ་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་རྣམས་རྫོང་མཁར་ཉེ་འགྲམ་གྱི་གནས་སྤོར་བཀོད་སྒྲིག་ས་ཁུལ་དུ་བཀོད་སྒྲིག་བྱས་ཡོད་ལ། སྡེ་འདབས་ནས་ཕར་བལྟས་ན་རྫོང་མཁར་མིག་ལ་ལྷིང་ངེར་མངོན་ཡོང་ཞིང་། རྫ་ཆུ་བསིལ་མའི་བཞུར་སྒྲ་རྣ་ལ་འཇེབས་པས།གཡས་པ་སྡེ་བ་ནི་རྫ་ཆུའི་འགྲམ་ངོགས་སུ་ཆགས་པའི་མཐོ་སྒང་གི་མཁར་གྲོང་གསར་པར་འབོད་ཀྱིན་ཡོད།

འབྲོག་མི་པད་དགའ་ཡི་སེམས་སུ་ནམ་ཡང་བརྗེད་ཐབས་མེད་པ་ནི། ལོ་ངོ20ཡི་སྔོན་ཏེ་ཁོ་རང་གཞོན་པའི་དུས་སྐབས་ཀྱི་འཚོ་བ་ཡིན། སྐབས་དེར་གཡས་པ་སྡེ་བ་ནས་རྫོང་ཐོག་ལ་འགྲོ་བ་ཞིག་ཡིན་ན། རྟར་ཞོན་ནས་ཉིན་གཅིག་འགྲོ་དགོས།“ལོ་ཞིག་ལ། རང་གི་ཨ་ཕས་ཆམ་ནད་ཀྱི་སྨན་འཐུང་ནས་སྨན་མ་འཕྲོད་པར། ལུས་ལ་རྨ་མང་པོ་བྱུང་སྟེ་རྫོང་ཐོག་གི་སྨན་ཁང་ནང་སྨན་བཅོས་བྱེད་དུ་འགྲོ་དགོས་པས་རྟར་ཞོན་ནས་སྨན་བཅོས་བྱེད་དུ་སོང་། སྐབས་དེར་རི་བོ་མཐོ་ཞིང་རྐང་ལམ་ཀྱག་ཀྱོག་དེད་ནས་སོང་མཐར་ཉིན་དེའི་ཕྱི་དྲོ་མ་གཏོགས་སྨན་ཁང་དུ་སླེབས་མ་ཐུབ། ”

སྤྲེལ་ཚྭ་ཡུལ་ཚོ་གཡས་པ་སྡེ་བ་ཡོངས་ལ་རུ་ཁག་བཞི་ཡོད་པ་དང་། བསྡོམས་པས་ཁྱིམ་ཚང222དང་། མི་འབོར981ཡོད། དེའི་ཁྲོད་གཡས་པ་སྡེ་བར་ཁྱིམ་ཚང158དང་མི་འབོར731ཡོད། དབུལ་ཕོངས་ཁྱིམ་ཚང69ཡོད་པ་དེར་མི་འབོར356དང་། དབུལ་ཕོངས་མིན་པའི་ཁྱིམ་ཚང89དང་མི་འབོར375ཡོད།

གཡས་པ་སྡེ་བའི་གནས་སྤོར་བཀོད་སྒྲིག་ས་ཁུལ་གྱི་རིག་གནས་ཐང་ཆེན་གྱི་གཡས་སུ་མིས་བཟོས་རྫིང་བུ་ཆེན་པོ་ཞིག་ཡོད། དྭངས་ཤིང་གསལ་བའི་མིས་བཟོས་རྫིང་བུའི་ནང་དུ་ཞོགས་པའི་ཉི་འོད་འཚེར་ཞིང་། ཆུ་འགྲམ་དུ་རྩེན་པའི་བྱ་བྱིའུ་སྣ་ཚོགས་ཀྱིས་སྐད་སྙན་སྒྲོག་པ་དང་བྱིས་པ་རྣམས་ཀྱིས་ལག་ཏུ་རྩེད་ཆས་བཟུང་ནས་ཕན་ཚུན་རྗེས་འདེད་བྱེད་བཞིན་པའི་སྣང་ཚུལ་ལས་དངོས་གནས་མི་སེམས་ལ་སྨྲ་མི་ཤེས་པའི་སྤྲོ་སྣང་ཞིག་བསྩལ་ཡོང་། དེ་དང་བསྟུན་ནས་ཆུ་འགྲམ་དུ་རྒན་རྒོན་དང་བྱིས་པ་སྐོར་ཞིག་རྐུབ་སྟེགས་སྟེང་ཙོག་ནས་མིག་མངས་རྩེ་བཞིན་ཡོད། རྒྱུན་པར་གནམ་ངོ་དྭངས་པའི་སྐབས་སུ་ཆོས་ཉིད་ཀྱིས་རང་གི་ཨ་ཕ་པད་དགའ་ཁྲིད་ནས་སྤྲེལ་ཚྭ་ཡུལ་ཚོ་གཡས་པ་སྡེ་བའི་གནས་སྤོར་ས་ཚིགས་ཀྱི་མིས་བཟོས་རྫིང་བུའི་འགྲམ་དུ་འཆམ་འཆམ་ལ་འགྲོ་བར་དགའ། ཉིན་དེར་ཆོས་ཉིད་ཀྱིས་ལག་གཡས་པར་ལག་འཁྱེར་གློག་ཀླད་ཅིག་བཟུང་ཞིང་། གཡོན་པས་ཨ་ཕར་འཇུས་ནས་རྫིང་བུའི་ལྡིང་ཁང་གི་འོག་ཏུ་བསྡད་འདུག

“ཨ་ཕ། དེ་རིང་དྲ་བའི་མྱུར་ཚད་བཟང་གི”

“འོ། དེ་ན་ཡག་པོ་འདུག མྱུར་མོར་དགེ་རྒན་གྱིས་བཀོད་སྒྲིག་བྱས་པའི་ལས་བྱ་ཡོངས་འགྲུབ་བྱས་ན་ལེགས།”

ཆོས་ཉིད་ཀྱིས་ཀན་སུའུ་ཞིང་ཆེན་གྱི་སློབ་གྲྭ་ཆེན་མོ་ཞིག་ཏུ་སློབ་གཉེར་བྱེད་བཞིན་ཡོད་མོད། ད་ལོའི་པྲོག་གསར་ནད་དུག་གི་རྐྱེན་གྱིས་སློབ་གྲྭར་འགྲོ་མ་ཐུབ་པར་ཁྱིམ་དུ་གློག་ཀླད་ནང་གི་སློབ་ཁྲིད་ལ་ཉན་བཞིན་ཡོད།“ཨ་ཕས་བཤད་པ་ལྟར་ན། སྔོན་ཆད་དྲ་བ་ཟེར་བའི་མིང་ཙམ་ཡང་གོ་མ་མྱོང་ཞིང་། རྡོ་སྣུམ་བཀར་ནས་འོད་སྣང་འཚོལ་བའི་འཚོ་བ་དེ་དངོས་གནས་ཐབས་སྡུག་རེད། ཡིན་ཡང་། ད་ལྟ་ང་ཚོ་རྫོང་ཐོག་ཏུ་གནས་སྤར་ནས་ཁྱིམ་ཚང་རེར་ཤིང་དང་སོ་ཕག་གིས་གྲུབ་པའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པ་དང་། དེང་རབས་མཁར་གྲོང་སྡོད་མིའི་འཚོ་བའི་ཆ་རྐྱེན་འཛོམས་པའི་གཞིས་ཁུལ་དུ་གནས་སྤོར་ཐུབ་པ་བྱུང་བ། དེར་མ་ཟད་དྲ་བ་ཡང་སྤྱོད་ཐུབ་པ་བྱུང་བ་འདི་དགའ་བའི་དོན་ཆེན་ཞིག་རེད།”

ད་ལོར་པྲོག་གསར་ནད་དུག་གི་རྐྱེན་གྱིས་སློབ་གྲྭའི་ནང་དངོས་སུ་འགྲོ་མ་ཐུབ་པའི་སློབ་མ་མང་པོ་ཡོད་རུང་། གནས་སྤོར་བཀོད་སྒྲིག་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་ཇེ་ལེགས་སུ་སོང་ཡོད་སྟབས། གཡས་པ་སྡེ་བ་རུ་ཆོས་ཉིད་དང་འདྲ་བའི་སློབ་མ་ཚོར་རང་ཁྱིམ་དུ་དྲ་བའི་སྟེང་ནས་དགེ་རྒན་གྱི་སློབ་ཁྲིད་ལ་ཉན་པར་སྟབས་བདེ་གང་ལེགས་བསྐྲུན་ཡོད།

ནང་ཆེན་རྫོང་དབུལ་སྐྱོར་ཅུས་ཀྱི་འབྲེལ་ཡོད་མགོ་ཁྲིད་ལས་རྒྱུས་ལོན་པ་ལྟར་ན། གཡས་པ་སྡེ་བ་ནི་ལོ་རྒྱུས་ཀྱི་རྒྱུ་རྐྱེན་དང་ཡུལ་སྲོལ་གོམས་གཤིས་ཀྱི་རྐྱེན་གྱིས་མང་ཚོགས་ཀྱི་ཁང་པ་རི་ལ་བརྟེན་ནས་བསྐྲུན་ཡོད་པས། ཆར་ཆུ་མོད་དུས་ཁང་པ་བརྡིབ་བའི་ཉེན་ཁ་ཆེན་པོ་ཡོད་པ་རེད། དེར་མ་ཟད། ས་བབ་ཀྱི་གནས་ཡུལ་དང་རང་བྱུང་ཆ་རྐྱེན་གྱི་ཚོད་འཛིན་ཐེབས་པའི་དབང་གིས་ས་གནས་དེ་གའི་ཐོན་ལས་གྲུབ་ཚུལ་སྣ་གཅིག་རྐྱང་ཡིན་པ་དང་། མང་ཚོགས་ཀྱི་དཔལ་འབྱོར་ཡོངས་ཁུངས་གཙོ་བོ་སྟེ་ཕྱུགས་ལས་དང་དབྱར་རྩྭ་དགུན་འབུའི་ཡོང་འབབ་བརྟན་པོ་མ་བྱུང་ན། གཞི་རྩའི་ལྟོ་གོས་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུ་ལས་ཡོང་འབབ་འཕར་དཀའ་བ་སོགས་ཀྱི་གནད་དོན་ཧ་ཅང་འབུར་ཐོན་ཡིན་པར་དམིགས་ནས། དབུལ་སྐྱོར་གནས་སྤོར་ལས་གཞི་ལག་བསྟར་བྱས་ནས་རྒྱལ་ཁབ་ཀྱི་སྲིད་ཇུས་དངོས་འབེབས་བྱས་པ་རེད།

གཡས་པ་སྡེ་བ་ནི་ནང་ཆེན་རྫོང་གི་དབུལ་སྐྱོར་གནས་སྤོར་སྡེ་བའི་ཁྲོད་ཀྱི་ཚབ་མཚོན་སྡེ་བ་ཞིག་རེད། སྡེ་མི་པད་དགའ་ཡིས་བཤད་རྒྱུར། ས་འདིར་གནས་སྤར་ཡོང་བའི་ལོ་འདི་དག་གི་རིང་ལ་འཚོ་བའི་ཐད་འགྱུར་ལྡོག་ཆེན་པོ་བྱུང་ཡོད། སྔོན་ཆད་ཀྱི་ཤིང་དང་རྡོ་ཡིས་གྲུབ་པའི་ཁང་ཆུང་ནས་ད་ལྟའི་སོ་ཕག་དང་ཨར་འདམ་གྱིས་གྲུབ་པའི་ཁང་གསར་དུ་གནས་སྤར་བ་དང་། ཆུ་གློག་ལམ་གསུམ།སློབ་གྲྭ་དང་སྨན་ཁང་སོགས་རྨང་གཞིའི་སྒྲིག་བཀོད་འཛོམས་པས། སྡེ་མི་རྣམས་ཀྱིས་མཁར་གྲོང་དུ་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད། །

                                                                                 རྩོམ་སྒྲིག་པ། གཡང་འབུམ་རྒྱལ།