ཏང་གིས་ང་ཚོར་བདེ་སྐྱིད་ཀྱི་འཚོ་བ་གསར་པ་རོལ་ཏུ་བཅུག་བྱུང་། 
2020.09.11 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 35

   2020ལོའི་དབྱར་ཟླ6པའི་ཟླ་སྨད་དུ། སྨུག་གཞུང་ཡུལ་ཚོ་རྟ་ཡན་སྡེ་བ་བདེ་བླག་ངང་རྒྱལ་ཁབ་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་ཕྱོགས་གསུམ་པའི་འཐེན་བཤེར་དཔྱད་ཞིབ་ཁྲོད་ཚད་མཐུན་ཡིན་པར་གྲོས་འཆམ་བྱུང་བས། སྡེ་བ་ཡོངས་ཀྱི་ཁྱིམ་ཚང446དང་མི1879ཡིས “དབུལ་ཕོངས་ཀྱི་ཞྭ་མོ”ཕུད་པ་རེད། འདི་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་ལྷོའི་རྒྱུད་དུ་ཆགས་པའི་རྫ་སྟོད་རྫོང་ཁོངས་ཀྱི་འགྲིམ་འགྲུལ་ཐག་རིང་ཞིང་དཔལ་འབྱོར་ཆེས་རྗེས་ལུས་ཡིན་པའི་སྡེ་བ་ཞིག་ཡིན་ཞིང་།  རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་ཀྱིས་གནད་ཁེལ་རོགས་སྐྱོར་བྱས་པ་བརྒྱུད་ནས།“རྨ་འབྲི་རྫ་གསུམ་འབྱུང་ཡུལ་གཙོ་གནད་དབུལ་ཕོངས་སྡེ་བ”ཞེས་པའི་མིང་བྱང་ཕར་གཡུགས་པ་དང་། ལྷད་མེད་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་ཚུར་བསུས་པ་རེད།

ཁང་པ་ལས། གློག་འཐེན། ཟམ་པ་འཕངས། སྡེ་བའི་ནང་དུ་སློབ་བྱོལ་བྱེད་པའི་བྱིས་པ་གཅིག་ཀྱང་མེད།

“དང་ཐོག་རྟ་ཡན་སྡེ་བར་འབྱོར་སྐབས། སྡེ་བའི་ནང་གི་ཆ་རྐྱེན་ཧ་ཅང་སྡུག་པོ་ཡིན་ལ། སློབ་གསོ་ཐོབ་མྱོང་མཁན་གྱི་མི་ཡང་མང་པོ་མེད་པ་དང་། རྒྱ་སྐད་གོ་ཐུབ་མཁན་ཡང་རེ་གཉིས་ཙམ་ལས་མེད། སྡེ་མི་རྣམས་ཀྱིས་གཙོ་བོ་ཕྱུགས་འཚོ་སྐྱོང་བྱས་པར་བརྟེན་ནས་འཚོ་བ་སྐྱེལ་གྱིན་ཡོད།” ཅེས་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲལ་དོན་ཅུས་ཀྱི་རིམ་པ་གཉིས་པའི་མཐོ་རིམ་གཙོ་གཉེར་པའམ་རྟ་ཡན་སྡེ་བར་བཅའ་སྡོད་བྱས་པའི་སྡེ་སྡོད་ཧྲུའུ་ཅི་དང་པོ་ཝུའུ་ཧྭ་ཡིས་དེ་ལྟར་བཤད་བྱུང་།

ད་ལོ་ལོ58ཡིན་པའི་ཝུའུ་ཧྭ་ཡིས་སྡེ་སྡོད་ཧྲུའུ་ཅི་དང་པོའི་འགན་ཁུར་བའི་ཚུན་དུ། ཁོ་མོས་ད་ལྟའི་བར་རྟ་ཡན་སྡེ་བ་བརྟན་སྲུང་བྱས་ནས་བསྡད་པ་རེད། སྔོན་ཆད་ཀྱི་རྟ་ཡན་སྡེ་བར་མང་ཚོགས་རྣམས་ཀྱིས་གཙོ་བོ་ཕྱུགས་ལས་རྐྱང་བའི་ཐོན་སྐྱེད་བྱེད་བཞིན་ཡོད་པ་དང་།  དབྱར་རྩྭ་དགུན་འབུ་བརྐོས་ནས་འཚོ་ཐབས་བྱེད་ཀྱིན་ཡོད། “ཁྱེད་ཀྱིས་བསམ་བློ་ཐོངས་དང་། ངལ་རྩོལ་བྱེད་སྟངས་རྐྱང་པ་དེ་འདི་འདྲའི་དཀའ་ཚེགས་ཆེ་ཞིང་ས་བབ་མཐོ་བའི་ས་ཁུལ་དུ། འཚོ་གནས་ཀྱི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པ་རེད། རྟ་ཡན་སྡེ་བ་དབུལ་ཐར་བྱེད་དགོས་ན་འཚོ་གནས་བྱེད་སྟངས་འདི་རིགས་ཡོངས་སུ་གཏོར་བ་ནས་མགོ་བརྩམ་དགོས” ཞེས་ཝུའུ་ཧྭ་ཡིས་ཡང་དང་བསྐྱར་དུ་མང་ཚོགས་ལ་དེ་ལྟར་བཤད་བྱུང་།

རྒྱལ་ཁབ་ཀྱི་གནད་ཁེལ་དབུལ་སྐྱོར་སྲིད་ཇུས་ལག་བསྟར་བྱས་པ་དང་བསྟུན་ནས། རྟ་ཡན་སྡེ་བར་རྒྱལ་ཁབ་སྤྱི་གླིང་གི་དོ་དམ་སྲུང་སྐྱོང་ལམ་ལུགས་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། དེ་ལས་གཞན། 2015ལོ་ནས་མགོ་བརྩམས་ཏེ། རྟ་ཡན་སྡེ་བའི་ཁྱིམ་ཚང175ཙམ་གྱི་སྡེ་མི་རྣམས་རང་མོས་ངང་རྫ་སྟོད་རྫོང་མཁར་དུ་གནས་སྤར་ནས་འཚོ་བ་སྐྱེལ་བ་དང་། ཁྱིམ་ཚང37ཙམ་གྱིས་རྒྱལ་ཁབ་ཀྱི་ཡུལ་གཞན་དུ་གནས་སྤོར་བའི་དབུལ་སྐྱོར་སྲིད་ཇུས་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད།

ད་ལོ་ལོ42ཡིན་པའི་རྡོར་སྐྱབས་ནི། མི་རབས་ནས་མི་རབས་བར་རྟ་ཡན་སྡེ་བར་ཕྱུགས་ལས་གཉེར་ནས་འབྲོག་པའི་འཚོ་བ་རོལ་བཞིན་ཡོད། ཁོས་སློབ་གསོ་ཅི་ཡང་མྱངས་མེད་པ་དང་། བྱིས་པ་བཞི་ཡོད། ཁོ་ཚང་ནི་སྡེ་བའི་ནང་གི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ཞིག་རེད། 2018ལོར། རྡོར་སྐྱབས་ཚང་གིས་རྒྱལ་ཁབ་ཀྱི་ཡུལ་གཞན་དུ་གནས་སྤོར་བའི་དབུལ་སྐྱོར་སྲིད་ཇུས་ལོངས་སུ་སྤྱོད་ཐུབ་པ་བྱུང་ཏེ། རྫ་སྟོད་རྫོང་མཁར་ནས་མུས་གྲུ་བཞི་མ80ཡོད་པའི་སྡོད་ཁང་གསར་བའི་ནང་སྤར། དུས་དེ་ནས་བཟུང་ཁོ་ལ་སྡོད་སའི་ཁང་པ་ཡོད་པ་དང་། གློག་བཀོལ་རྒྱུ་ཡོད་པ། ཞོར་ལས་བྱེད་ས་ཡོད་པ། སློབ་གྲྭར་འགྲོ་ས་ཡོད་པ་བཅས “ཡོད་པ་བཞི”དང་ལྡན་པའི་འཚོ་བ་གསར་པ་ཞིག་རོལ་མགོ་བརྩམས།  དེ་ནི“གུང་ཁྲན་ཏང་གིས་ང་ཚོར་བདེ་སྐྱིད་ཀྱི་འཚོ་བ་གསར་པ་རོལ་དུ་བཅུག་པ་ཡིན”ཞེས་རྡོར་སྐྱབས་ཀྱིས་དུས་རྟག་ཏུ་ཚོར་སྣང་ཟབ་མོའི་ངང་དེ་ལྟར་བཤད་ཀྱིན་ཡོད།

སྔོན་ཆད་ཡིན་ན། རྟ་ཡན་སྡེ་བའི་ཁྱིམ་ཚང་ཧ་ཅང་མང་པོ་ཞིག་ལ་གློག་བཀོལ་རྒྱུ་མེད་པ་དང་། དྲ་རྒྱ་ཡང་ཤར་གཏོང་ཐུབ་ཀྱིན་མེད། ད་ལྟ་ཡིན་ན། རྫོང་མཁར་དུ་གནས་སྤར་བའི་སྡེ་མི་རྣམས་ལ་གློག་དང་དྲ་རྒྱ་ཚང་མ་འཐེན་ནས་ཤར་གཏོང་ཐུབ་ཀྱིན་ཡོད་པ་དང་། སྔོན་ཆད་ཀྱི་གནས་ཡུལ་དུ་ལུས་ཡོད་པའི་ཁྱིམ་ཚང79ཡི་སྡེ་མི་ཀུན་ལ། ཉི་ནུས་ཁེབས་ཡོད་པ་དང་། གློག་འཕྲིན་འཕྲིན་གཏོང་གི་དྲ་བ་ལེགས་པར་འཐེན་ཡོད། སྔོན་ཆད་རྟ་ཡན་སྡེ་བའི་སློབ་ལོ་རན་པའི་བྱིས་པ་མང་པོ་ཞིག་སློབ་གྲྭར་འགྲོ་བཞིན་མེད་མོད། དེང་སྐབས་སྡེ་བའི་ནང་དུ་སློབ་མཚམས་འཇོག་མཁན་གྱི་བྱིས་པ་གཅིག་ཀྱང་མེད་པ་རེད།

རྟ་ཡན་སྡེ་བ་འདི་རྫ་སྟོད་རྫོང་མཁར་དང་བར་ཐག་སྤྱི་ལེ200ཙམ་ཡོད་པ་དང་། ལམ་མི་བཟང་བ་དང་ལམ་གྱི་གནས་ཚུལ་ཞན་པས་འགྲིམ་འགྲུལ་སྟབས་བདེ་མིན་ལ། རྫོང་མཁར་ནས་སྡེ་བའི་ནང་འགྲོ་ན་ཧ་ལམ་དུས་ཚོད་བདུན་བརྒྱད་ཙམ་འགོར་གྱིན་ཡོད། གཞན་ཡང་། འབྲོག་པ་ཚོའི་སྡོད་གནས་ཐར་ཐོར་ཡིན་པའི་ཁར་ཆུ་བོས་བར་ཆོད་ཡོད་པས། མང་ཚོགས་རྣམས་རྒྱུན་དུ་འགྲོ་འོང་བྱེད་པ་དང་། ཐོན་སྐྱེད་དང་འཚོ་བ་གང་ས་ནས་ཧ་ཅང་སྟབས་བདེ་མིན་པ་རེད། 2018ལོ་ནས་བཟུང་། ལས་བྱེད་རུ་ཁག་གིས་ཧུར་ཐག་སྒོས་འབྲེལ་འཛུགས་མཐུན་སྦྱོར་བྱས་པ་དང་། སྡེ་ཁག་མང་པོས་མཉམ་འབྲེལ་ཐོག་རོགས་སྐྱོར་བྱས་པའི་འོག་ཏུ། མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་ཀྱི་ཏང་ཨུས་མ་དངུལ་གྲབས་གསོག་བྱས་ཏེ། སྔ་གཞུག་ཏུ་ཁྲ་ཆུ་གཙང་པོའི་ཟམ་པ་དང་། དབབ་ཆུ་གཙང་པོའི་ཟམ་པ། བཀའ་ཆུ་གཙང་པོའི་ཟམ་པ་བཅས་ཟམ་པ་འབྲིང་པོ3འཕངས་པར་བརྟེན་ནས། རྟ་ཡན་སྡེ་བའི་ཧྲེ་གསུམ་གྱི་འབྲོག་པ་ཁྱིམ་ཚང355ལྷག་གི་མི་གྲངས1412ལ་ཕན་ཐོགས་པ་དང་། མང་ཚོགས་རྣམས་ཀྱིས་མཛའ་བརྩེ་དང་སྙིང་ཉེ་བའི་སྒོ་ནས་དེའི་ནང་གི་ཟམ་པ་གཉིས་ལ“སེམས་སྦྲེལ་ཟམ་པ”དང“བདེ་སྐྱིད་ཟམ་པ”ཞེས་འབོད་ཀྱིན་ཡོད།

སྒོར་མོ་དང་དངོས་པོས་རོགས་རམ་བྱེད་པ་ལས་ཀྲི་པུའུ་ཡག་པོ་ཞིག་འཛུགས་རོགས་བྱས་ན་དགའ།

“སྒོར་མོ་དང་དངོས་པོས་རོགས་རམ་བྱེད་པ་ལས་ཀྲི་པུའུ་ཡག་པོ་ཞིག་འཛུགས་རོགས་བྱས་ན་དགའ”རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་ཀྱིས་བསམ་ཕྱོགས་དེ་གཞིར་བཟུང་ནས། རྟ་ཡན་སྡེ་བས“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཚན་ཁག་འཛུགས་སྐྲུན་བྱེད་པར་རོགས་རམ་བྱས་པ་དང་། སྨུག་གཞུང་ཡུལ་ཚོར་ཏང་ཡོན་བྱ་འགུལ་ཁང་བཙུགས་ཏེ། དུས་བཅད་ལྟར་རྩ་འཛུགས་ཀྱི་འཚོ་བ་དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་ཀྱི་བྱ་འགུལ་སྤེལ་བ་དང་། སྡེ་བའི་ཏང་ཀྲི་པུའུ་ཚད་ལྡན་ཅན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བ་རེད། དེ་དང་ཆབས་ཅིག་ཏུ། ཏང་རྩ་འཛུགས་ཀྱིས་ཆ་སྒྲིག་མཉམ་སྐྲུན་སྒོས་སྡེ་བར་རོགས་རམ་བྱེད་པ་དང་། ཏང་ཡོན་ལས་བྱེད་པས་ཆ་སྒྲིག་རོགས་སྐྱོར་སྒོས་ཁྱིམ་ཚང་ལ་རོགས་རམ་བྱེད་པའི“རོགས་སྐྱོར་གཉིས”ཀྱི་བྱ་བ་ཧུར་ཐག་གིས་སྤེལ་ནས། “ཁྱིམ་ཚང་རེར་མི་རེ་དང་ཁྱིམ་ཚང་རེར་ཐབས་བཀོད་རེའི”བྱེད་སྟངས་ལྟར། ཆ་སྒྲིག་རོགས་སྐྱོར་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་ཡོད།

རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་ཀྱི་ཏང་ཨུའི་ཧྲུའུ་ཅིའམ། དབུལ་སྐྱོར་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཀུའུ་ཅན་ཧྥུན་གྱིས་ཞིང་ཆེན་ཁྲལ་དོན་ཅུས་ཀྱི་ཏང་ཨུས་དམིགས་ཚད་དང་རེའུ་མིག་ལ་ཞིབ་བསྡུར་བྱས་ནས། རིམ་བཞིན་ཕྱོགས་དྲུག་གི་ཐད་ནས་དབུལ་ཐར་མཁྲེགས་གཏོར་ལ་རྒྱབ་སྐྱོར་བྱེད་པའི་ཁྲལ་བསྡུ་སྲིད་ཇུས110རེ་རེ་བཞིན་དངོས་འབེབས་བྱས་ནས། སྲིད་ཇུས་ཀྱི་ལེགས་ཆ་དེ་དབུལ་ཐར་མཁྲེགས་གཏོར་གྱི་ཕན་འབྲས་དངོས་སུ་བསྒྱུར་རྒྱུ་ཡིན་ཞེས་དེ་ལྟར་བཤད་བྱུང་། ཞིང་ཆེན་ཁྲལ་དོན་ཅུས་ཀྱི་ཏང་ཨུས་རྟ་ཡན་སྡེ་བར་ངལ་རྩོལ་ནུས་ཤུགས་ཀྱི་རྩལ་ནུས་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་འཆར་གཞི་དང་སྦྲང་ཆར་འཆར་གཞི། ཞིང་པ་ཞོར་ལས་པར་གསོ་སྦྱོང་བྱེད་པ་སོགས་ཀྱི་སྲིད་ཇུས་ཤུགས་ཆེན་པོས་དངོས་འབེབས་བྱས་ཏེ། རོགས་སྐྱོར་སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་སློབ་གྲྭ་ཆེན་མོ་པའི་སྡེ་བའི་ལས་བྱེད་པ་སོགས་ལ་སློབ་གསོའི་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཧུར་བརྩོན་གྱིས་ཏང་ཡོན་རྗེས་གྲབས་ལས་བྱེད་པ་དང་ཕྱུག་འགྱུར་འཇོན་ཐང་ཅན་སྐོར་ཞིག་གསོ་སྐྱོང་བྱས་པ་རེད། མིག་སྔར། རྟ་ཡན་སྡེ་བར་ཏང་ཡོན40ཡོད་པ་དང་། དེའི་ཁྲོད་སྐྱེས་པ་ཏང་ཡོན33དང་། བུད་མེད་ཏང་ཡོན7ཡོད་པས། དབུལ་ཐར་མཁྲེགས་གཏོར་གྱི་སྲོག་ཤིང་ལྟ་བུའི་སྟོབས་ཤུགས་མཉམ་དུ་བསྡུས་ཡོད།

རྟ་ཡན་སྡེ་བའི་ས་བབ་མཐོ་བ་དང་སྦགས་བཙོག་མེད་པའི་ས་ཁམས་ཁོར་ཡུག་ལས། ལྷད་མེད་ལྗང་མདོག་དང་མ་བཅོས་རང་བྱུང་གི་སྐམས་ལུག་ཤ་དང་དབྱར་རྩྭ་དགུན་འབུ་སོགས་ཁྱད་ལྡན་ཐོན་རྫས་གོང་འཕེལ་བཏང་ཡོད་ལ། ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་སྡེ་བའི་ནང་དུ་གསོ་སྤེལ་ལས་རིགས་དང་སྐྱེ་ཁམས་ཞིང་ལས་སོགས་ཐུན་མོང་དཔལ་འབྱོར་ལེགས་པར་ཆགས་ཡོད་སྟབས། འཕེལ་རྒྱས་ཀྱི་གཞི་ཁྱོན་ད་རུང་སྔར་ལས་ཆེ་རུ་གཏོང་དགོས་བ་རེད།

ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་ཀྱི་རིམ་པ་སོ་སོའི་ཏང་ཨུ་ཡིས་ཞིང་ཆེན་ཡོངས་ཀྱི་ཁྲལ་དོན་ཁོངས་གཏོགས་ལ་གནས་གཏན་འཁེལ་གྱིས་རོགས་སྐྱོར་བྱེད་པའི་དབུལ་ཕོངས་སྡེ་བ106ལ། སྔ་གཞུག་ཏུ་རོགས་སྐྱོར་མ་དངུལ་སྒོར་བྱེ་བ་གཅིག་ས་ཡ་བརྒྱད་འབུམ་དགུ་ཁྲི་ལྔ་ལྷག་བཏང་ནས། ཁེ་ལས14ནང་དུ་ཡོང་བར་རོགས་རམ་བྱས་པ་དང་། རོགས་སྐྱོར་མ་དངུལ་སྒོར་བྱེ་བ་གསུམ་ས་ཡ་དགུ་འབུམ་བདུན་ལྷག་ནང་འདྲེན་བྱས་ནས། སྣེ་འདྲེན་ཁེ་ལས་དང་ཞིང་སྡེའི་མཉམ་ལས་ཁང46ལ་རོགས་སྐྱོར་བྱས་སྟབས། དབུལ་ཕོངས་ཁྱིམ་ཚང8182ཀྱི་དབུལ་ཕོངས་མི་གྲངས་ཁྲི་ལྔ་ལྷག་བརྟན་བརླིང་ངང་དབུལ་ཐར་བྱེད་པར་སྐུལ་ཁྲིད་བྱས་པ་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།