ཡུའུ་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་ཁྲ་འདམ་ཡུལ་ཚོ་བག་ཆེན་སྡེ་བ་ནི་བོད་ལྗོངས་དང་མཚོ་སྔོན་གཉིས་ཀྱི་འབྲེལ་མཚམས་ཏེ། རྫོང་མཁར་དང་བར་ཐག་སྤྱི་ལེ200ལྷག་གི་སར་ཡོད། ས་བབ་མཐོ་བ་དང་རང་བྱུང་ཆ་རྐྱེན་ཞན་པ། རྨང་གཞིའི་སྒྲིག་ཆས་རྗེས་ལུས་དང་ཕྱུགས་ལས་རྐྱང་བ་གཉེར་བཞིན་ཡོད་པས་ཐོན་ལས་སྣ་རྐྱང་ཡིན་ལ། མང་ཚོགས་ཀྱི་སློབ་གསོའི་ཆུ་ཚད་ཅུང་དམའ་བ་སོགས་ཀྱི་དབང་གིས་དཔེ་མཚོན་རང་བཞིན་གྱི་དབུལ་ཕོངས་སྡེ་བ་ཞིག་རེད། རྒྱལ་ཡོངས་སུ་དབུལ་ཐར་སྲིད་ཇུས་ལག་ཏུ་བསྟར་བ་དང་བསྟུན་ནས་རྫ་སྟོད་རྫོང་ཨུའི་རྩ་འཛུགས་པུའུ་ཡིས་ས་དེར་རྒྱུས་མངའ་ཆེན་པོ་ཡོད་པའི་པད་མཚོར་སྡེ་སྡོད་ཧྲུའུ་ཅི་དང་པོའི་ལས་འགན་ལྕི་མོ་དེ་སྤྲད་པ་རེད།
པད་མཚོ་ནི་དེ་སྔ་རྫོང་འཕེལ་རྒྱས་དང་བཅོས་བསྒྱུར་ཅུའུ་ཡི་ལས་བྱེད་པ་ཞིག་ཡིན་ལ། རྒྱུན་ལྡན་གྱི་བྱ་བའི་ཁྲོད་ནུས་པ་འབུར་དུ་ཐོན་ལ། ལས་ཁུངས་ནང་གི་ལས་གྲོགས་ཚོར་མཐུན་སྒྲིལ་དང་རོགས་རམ་མང་པོ་བྱས་ནས་ཀུན་གྱི་མིག་དཔེར་གྱུར་ཡོད། 2015ལོའི་ཟླ11པར་རྫ་སྟོད་རྫོང་གིས་གནད་ཁེལ་དབུལ་སྐྱོར་སྐུལ་སློང་ཚོགས་ཆེན་བསྡུས་རྗེས་རྩ་འཛུགས་ཀྱིས་བག་ཆེན་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོར་མངགས། ཕྱི་ལོར་བྱ་བའི་དགོས་དབང་གིས་ཕྱིར་ལས་ཁུངས་ནང་ལ་ལོག་པ་དང་། 2017ལོར་མོར་བྱ་བའི་ཉམས་མྱོང་ཕུན་སུམ་ཚོགས་པ་ལྡན་པ་དང་བག་ཆེན་སྡེ་བའི་སྡེ་དམངས་ཀྱིས་སྡེ་སྡོད་བྱ་བ་སྒྲུབ་པར་གདེང་འཇོག་གང་ལེགས་ཐོབ་པས། རྩ་འཛུགས་ཀྱིས་ཡང་བསྐྱར་གནས་དེར་མངགས་ནས་ད་ལྟའི་བར་སྡེ་སྡོད་ཧྲུའུ་ཅི་དང་པོའི་འགན་ཁུར། བྱ་བ་དེ་འགན་དུ་བླངས་པ་ནས་བཟུང་མོར་འཁང་ར་དང་བློ་འགྱོད་གང་ཡང་མེད་པར་བློ་གཅིག་སེམས་གཅིག་གིས་དབུལ་ཐར་བྱ་བར་འབད་ཅིང་། ལོ་ན80ལ་སོན་པའི་ཨ་མ་དང་ལོ་ན་ཕྲ་བའི་བྱིས་པ་གཉིས་ཁྱིམ་དུ་བསྐྱུར་ནས་རྒྱང་ཐག་རིང་བའི་བག་ཆེན་སྡེ་བར་དམངས་ཀྱི་བྱ་བར་འབད་བཞིན་ཡོད།
དབུལ་ཐར་ཕྱུག་འགྱུར་གྱི་དམིགས་འབེན་མངོན་འགྱུར་བྱེད་ཆེད། པད་མཚོ་རྒྱུན་པར་སྡེ་བའི་ནང་གི་ཁྱིམ་ཚང་རེ་རེར་སོང་ནས་གནས་ཚུལ་ལ་རྒྱུས་ལོན་མཐར་ཕྱིན་བྱས་ཏེ་ཟིན་ཐོར་བཀོད། ཁྱད་པར་དུ་དབང་བོ་སྐྱོན་ཅན་དང་ཁྱིམ་ན་ངལ་རྩོལ་ནུས་ཤུགས་མེད་པ་ཚོར་ཁ་གཏད་ནས་ཆེད་དུ་རོགས་སྐྱོར་དང་མཛུབ་སྟོན་གང་ལེགས་བྱས། སྡེ་བའི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས“ཐོན་ལས་འཛུགས་པ། རྩ་འཛུགས་ཇེ་དྲག་ཏུ་གཏོང་བ། སྡེ་གསར་གྱི་ཁྱད་ཆོས་མངོན་པ”བཅས་བྱ་བའི་ཁ་ཕྱོགས་སུ་བཟུང་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་དང་མང་ཚོགས་ཕྱུག་པོར་འགྱུར་བར་སྣེ་ཁྲིད་པས།བག་ཆེན་སྡེ་བའི་ཁྱད་ཆོས་ལྡན་པའི་དབུལ་ཐར་གྱི་ཐབས་ལམ་གསར་པ་ཞིག་བཙལ་བ་རེད།
བག་ཆེན་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ཨ་རིག་སྐྱིད་རྒྱལ་གྱིས་བཤད་རྒྱུར“སྡེ་སྡོད་ཧྲུའུ་ཅི་དང་པོ་པད་མཚོ་དབྱར་དགུན་མེད་པར་ང་ཚོ་སྡེ་བའི་ཁྱིམ་ཚང་རེ་རེར་ཡོང་ནས་འཚོ་བའི་ཐད་ལ་རོགས་རམ་གང་མང་བྱས་པ་དང་། ཕྱོགས་ལྷུང་གང་ཡང་མེད་པར་དྲང་བདེན་གྱིས་བྱ་བ་བསྒྲུབས་པས་སྡེ་དམངས་ཀྱི་དགའ་བསུ་ཐོབ་པའི་ཧྲུའུ་ཅི་བཟང་བོ་ཡིན། མོའི་སྣེ་ཁྲིད་ལ་བརྟེན་ནས་ལོ་འདི་འགའི་རིང་ལ་སྡེ་བར་འཕེལ་རྒྱས་ཆེན་པོ་བྱུང་ཡོད”ཟེར།
ཐེངས་མང་པོར་སྡེ་བའི་ཏང་ཡོན་རྩ་འཛུགས་བྱས་ནས་ཏང་གི་སྒྲིག་ཡིག་དང་ཏང་སྲོལ། འབྲེལ་ཡོད་ཡིག་ཆའི་དགོངས་དོན་སློབ་སྦྱོང་། འོས་འགན་སློབ་གསོ་སོགས་དམངས་ཕན་སྲིད་ཇུས་སྣ་ཚོགས་དྲིལ་སྒྲོག་བྱས་ནས“སྲིད་གཞུང་གིས་སྣེ་ཁྲིད། མང་ཚོགས་རང་མོས། སྤྱི་ཚོགས་ནང་ཟབ་ཞུགས་བྱེད་པ”བཅས་རྒྱུན་འཁྱོངས་བྱས་ཏེ་མང་ཚོགས་ལ་འདུ་ཤེས་ལེགས་པོ་ཆགས་སུ་བཅུག་ནས་བསམ་བློའི་གོ་རྟོགས་ཇེ་མཐོར་བཏང་།
2017ལོའི་ཚུན་ལ། བག་ཆེན་སྡེ་བ་དང་འདབས་འབྲེལ་གྱི་སྡེ་དམངས་བར་རྩྭ་སའི་རྩོད་གླེང་ཐེངས་གསུམ་ལྷག་བྱུང་བས། པད་མཚོས་སྡེ་བའི་ལས་བྱེད་པའི་སྣེ་ཁྲིད་ནས་དུས་ཐོག་ཏུ་ཡུལ་དངོས་སུ་སོང་ཞིང་གནད་དོན་ལ་བརྟག་དཔྱད་དང་འགལ་བ་འདུམ་འགྲིག་བྱས་པ་དང་། འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་རྒྱུ་ནོར་བདེ་འཇགས་ལ་ཁག་ཐེག་བྱེད་ཆེད་སྡེ་བའི་ལས་བྱེད་པ་དང་ལྷན་དུ་ཉིན30ལྷག་གི་རིང་ལ་རི་མགོ་རུ་གནས་སྡོད་བྱས་ཏེ་རྩོད་གླེང་རྩ་བ་ནས་ཐག་གཅོད་བྱས།
མོར་སྡེ་བའི་གནས་ཚུལ་ཞིབ་མོར་བཀོད་ཡོད་པའི་ཟིན་བྲིས་དེབ་མཐུག་པོ་བཅུ་གསུམ་ཡོད་ལ། ཟིན་བྲིས་དེབ་རེ་རེའི་ནང་དུ་སྡེ་བའི་གནས་ཚུལ་མཐའ་དག་གསལ་པོར་བཀོད་ཡོད་ཅིང་། གནས་ཚུལ་དེ་དག་ལ་དམིགས་ནས་ཁ་ཚ་དགོས་གཏུག་ཏུ་གྱུར་པའི་དོན་དག་ཐམས་ཅད་ཐག་གཅོད་བྱས། འཐུང་ཆུ་དཀོན་པ་དང་གློག་མེད་པ། ཆུར་ཟམ་པ་མེད་པ། གློ་གཅོང་གི་ནད་ཚབས་ཆེན་ཡིན་པ་སོགས་ཀྱི་གནད་དོན་ཡོད་ཚད་སེལ་ཐབས་བྱས་པར་མ་ཟད། ཁྱད་པར་དུ་བུད་མེད་ཀྱི་འཕྲོད་བསྟེན་ཐད་བྱ་བ་མང་བོ་བསྒྲུབས།
སྡེ་སྡོད་ཧྲུའུ་ཅི་དང་པོ་ཡིན་པའི་ཆ་ནས་པད་མཚོས་བག་ཆེན་སྡེ་བའི་མང་ཚོགས་ནི་རང་གི་བུ་ཕྲུག་ནང་བཞིན་སྙོར་སྐྱོང་གང་ལེགས་མཛད་མཐར། 2020ལོར་བག་ཆེན་སྡེ་བ་སྔ་རྗེས་སུ་དབུལ་ཐར་མཁྲེགས་གཏོར་ཕྱོགས་གསུམ་པའི་ཞིབ་དཔྱད་དང་དབུལ་ཐར་མཁྲེགས་གཏོར་རྒྱལ་ཁབ་ཞིབ་དཔྱོད་མཇུག་བསྡུ་ཚན་ཆུང་གིས་ཞིབ་བཤེར་བྱས་མཐར་མོའི་བྱ་བར་ཁས་ལེན་དང་གདེང་འཇོག་གནང་། །
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།