“དབུལ་སྐྱོར་རྩྭ་ར”ཡིས་དབུལ་ཐར་གྱི་གནས་བབ་ཆེན་མོ་སྤོ་སྒྱུར་བྱས་པ།
2020.09.18 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 13

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གཡུ་དགེ་ཡུལ་ཚོ་དར་དམར་སྡེ་བའི“དབུལ་སྐྱོར་རྩྭ་ར”ཡི་སྟེང་དུ། དར་དམར་སྡེ་བ་ཡོངས་ཀྱིས་ཁས་ལེན་པའི་ལུག་རྫི་བཟང་པོ་ཕུར་བ་ཡིས་ལུག་ཁྱུ་དེད་ནས་འགྲོ་བཞིན་འདུག 2018ལོ་དང2019ལོར་རང་ཉིད་ལ་ཐོབ་ཆ་བགོ་བའི་རྣམ་པ་དེ་ཕུར་བའི་ཡིད་ལ་གསལ་པོ་བཟུང་ཡོད་ལ། ཐོན་འབབ་བྱུང་བའི་དགའ་སྤྲོ་དེ་ནི་རྒྱུན་ཆད་མེད་པར་རང་ཉིད་ཡར་རྒྱས་འགྲོ་བའི་སྒུལ་ཤུགས་སུ་གྱུར་ཡོད་པ་རེད།

དར་དམར་སྡེ་བ་རུ་འབྲོག་ཁྱིམ561དང་མི1567ཡོད་པ་དང་། 2015ལོའི་ལོ་མཇུག་ལ་ཚགས་བཙུགས་བྱང་སྒྲིག་དབུལ་ཁྱིམ205དང་མི་འབོར522ཡོད་པ་རེད། 2015ལོའི་ལོ་མཇུག་ཏུ་ཕུར་བ་ཚང་དར་དམར་སྡེ་བའི་ཚགས་བཙུགས་བྱང་སྒྲིག་དབུལ་ཁྱིམ་གྱི་གྲས་སུ་འཇོག་དོན་ཡང་། ཁྱིམ་དུ་ནད་བྱུང་བའི་ལོ་ལོན་ཡོད་སྟབས། ཁོ་ཐག་རིང་སར་འགྲོ་མི་ཕོད་ལ་འགྲོ་ཡང་མི་རུང་བར་ལུས་སུ་བཅུག ཕུར་བ་ནི་ཁྱིམ་གྱི་ངལ་རྩོལ་པ་གཅིག་པུ་ཡིན་མོད། ལས་ཀར་འགྲོ་ས་ཞིག་ཀྱང་མེད་སྟབས། དབུལ་ཁྱིམ་གྱི་གྲས་སུ་བཞག “དབུལ་སྐྱོར་རྩྭ་ར”ཡོད་པ་ནས་བཟུང་། ཁོ་ལ་རེ་བའི་འོད་སྣང་སྦྱིན།

ད་ལྟ་ཕུར་བ་ནི་ཆེད་གཉེར་ལུག་རྫི་ཞིག་རེད། ཉིན་ལྟར་ལས་ཚོགས་ལས་གྲོལ་དང་། ཟླ་རེར་གླ་ཕོགས་ལེན་རྒྱུ་ཡོད་ལ། ལོ་མཇུག་ལ་ཁེ་སྤོགས་བགོ་རྒྱུ་ཡང་ཡོད་པ་རེད། དེ་ལས་ཀྱང་ཁོ་རང་དགའ་སྤྲོ་སྐྱེས་པ་ཞིག་ནི། ཁྱིམ་དང་ཐག་མི་རིང་བའི་ས་ནས“དབུལ་ཕོངས”ལས་ཐར་ཐུབ་པར་མ་ཟད། ཁྱིམ་གྱི་ལོ་ལོན་ལའང་ལྟ་རྟོག་བྱེད་ཐུབ་པས། དངོས་གནས་བཟང་ཆ་མང་པོ་ཡོད་པ་དེ་རེད། མིག་མདུན་གྱི་མི་རབས་ནས་མི་རབས་ལ་འཚོ་གཞེས་གནང་བའི་རྩྭ་ཐང་དེ་གླེང་ཡོང་སྐབས། ཁོས་འཛུམ་མདངས་སྟོན་ཞོར།“ན་ནིང་གི་ཟླ12པའི་ཚེས5ཉིན།ང་ཚོ་དར་དམར་སྡེ་བའི་མཉམ་ལས་ཁང་གིས་བསྡོམས་པས་ཁེ་སྤོགས་སྒོར468792བགོས་ལ། ང་རང་ལའང་ལུག་བཅུ་ལྷག་ཐོབ་བྱུང་། ད་ལྟ། རྩྭ་ས་ཇེ་བཟང་དང་། ཡོང་འབབ་ཇེ་མང་རེད། མི་རྣམས་རྩྭ་ས་ལས་བཅིངས་འགྲོལ་ཐོབ་པ་དང་། ང་ཚོའི་མཉམ་ལས་ཁང་ཡང་ཇེ་བཟང་ནས་ཇེ་བཟང་རེད།”

ཆུ་དམར་ལེབ་རྫོང་གི་སྐྱེ་ཁམས་གོ་གནས་ནི་ཧ་ཅང་གལ་ཆེ་བ་སྟེ། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི12ལྷག་ཡོད་པའི་ས་གཞི་དེའི་སྟེང་དུ། ཚེ་ཚེ་རབས་རབས་ལ་རྩྭ་ཆུར་བསྙེགས་ནས་འཚོ་གཞེས་བྱེད་པའི་འབྲོག་པ་མང་ཚོགས་ཀྱིས་དབུལ་ཕོངས་ལས་ཐར་ཞོར། མི་དང་རང་བྱུང་ཁམས་གཉིས་འཆམ་མཐུན་མཉམ་གནས་བྱེད་པའི་དོ་སྙོམས་ས་ཞིག་ཀྱང་འབད་པ་ཆེན་པོས་འཚོལ་བཞིན་འདུག ཕྱུགས་ལས་ནི་གནད་ཁེལ་དབུལ་སྐྱོར་གྱི་གྲུབ་འབྲས་ཇེ་བརྟན་དུ་གཏོང་བའི་རྨང་གཞིའི་ཐོན་ལས་ཡིན་སྟབས། སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱེད་པར་དམིགས་ཏེ“དབུལ་སྐྱོར་རྩྭ་ར”གསར་འཛུགས་བྱས་ཏེ། ཆུ་དམར་ལེབ་རྫོང་གིས་དབུལ་ཐར་མཁྲེགས་གཏོར་གྱི་ཁྱད་ལྡན་ཐབས་ལམ་ཞིག་ལག་ལེན་བྱས།

གཡུ་དགེ་ཡུལ་ཚོའི་ཡུལ་གཙོ་པདྨ་དབང་མོས་བཤད་རྒྱུར“ཡུལ་ཚོ་ཡོངས་སུ་སྡེ་བ་གསུམ་ཡོད་ལ། སྡེ་བ་རེར‘དབུལ་སྐྱོར་རྩྭ་ར’རེ་ཡོད། སྤུས་ལེགས་པ་དང་མ་བཅོས་ལྷུན་གྱིས་གྲུབ་པའི་རྩྭ་སའི་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་འཕེལ་རྒྱས་སུ་གཏོང་བའི་ཁ་ཕྱོགས་གཏན་འཁེལ་བྱས་ཏེ། ‘ཁག་བགོས་ནས་ཕྱུགས་འཚོ་རེས་བྱེད་པ་དང་། ལུགས་མཐུན་ངང་ཕྱུགས་སྐྱོང་བ། ཐོན་ཁུངས་ཧྲག་སྡེབ་བྱེད་པ་དང་། སྣ་མང་བདག་གཉེར་བྱེད་པ’བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་བཟུང་སྟེ། ཚན་རིག་དང་མཐུན་ལ་ལུགས་དང་མཐུན་པའི་སྒོ་ནས་རྩྭ་ཕྱུགས་ཀྱི་འགལ་བ་ཞིབ་བཤེར་ཐག་གཅོད་དང་། རྩྭ་ཕྱུགས་དོ་མཉམ་ཡོང་བ་བྱས་ཏེ་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུ་ནི། འབྲོག་པའི་ཡོང་འབབ་ཇེ་མང་དུ་གཏོང་བ་དང་། ཕྱིར་འཚོང་བྱེད་རྒྱུར་སེར་སྣ་སྐྱེས་པའི་བསམ་བློ་སྒྱུར་བ། ངལ་རྩོལ་ནུས་པ་སྤོ་སྒྱུར་བྱེད་པ་བཅས་ཀྱི་སྟེགས་བུ་བཟང་པོ་ཞིག་རེད།”

ཆོས་གྲགས་ཚང་ནི་དར་དམར་སྡེ་བའི་ཚགས་བཙུགས་བྱང་སྒྲིག་དབུལ་ཁྱིམ་ཡིན། བཟའ་མི་གསུམ་པོར་ངལ་རྩོལ་ནུས་པ་མེད་མོད། འོན་ཀྱང་བསྟུད་མར་ལོ་བཞིའི་རིང་ལ“དབུལ་སྐྱོར་རྩྭ་ར”ཡི་ཁེ་སྤོགས་བགོས་པ་དེས་ཏང་གི་སྲིད་ཇུས་བཟང་པོ་ནི་ཇེ་མང་ནས་ཇེ་མང་ཡིན་པའི་ཚོར་བ་བྱིན། ཆོས་གྲགས་ཀྱིས་བཤད་རྒྱུར“2019ལོའི་ཁེ་སྤོགས་བགོ་སྐབས། ལག་དངུལ་བགོ་བ་ལས་གཞན་ད་དུང་བོད་ལུགས་ས་གདན་དང་། གཡིས། འབྲས་བཅས་ཀྱི་འཚོ་བའི་མཁོ་རྫས་གཞན་དག་གི་བྱ་དགའ་ཡང་གནང་བྱུང་། ང་ཚོ་མ་འོངས་པའི་འཚོ་བར་ཡིད་ཆེས་ཀྱིས་ཁེངས་ཡོད།”

དར་དམར་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མཁས་རྒྱལ་གྱིས་ངོ་སྤྲོད་བྱས་པ་ལྟར་ན། “དབུལ་སྐྱོར་རྩྭ་ར”ཡིས་ཚད་ངེས་ཅན་ཞིག་གི་སྟེང་ནས་ངལ་རྩོལ་ནུས་པ་བཅིངས་འགྲོལ་བྱས་ཏེ། ངལ་རྩོལ་ནུས་པ་ལྷག་མ་རྣམས་རྫོང་མཁར་གྱི་རྩལ་ནུས་གསོ་སྦྱོང་གི་ནང་དུ་ཞུགས་སུ་བཅུག་པ་དང་། ཐོན་སྐྱེད་རྩལ་ནུས་རྒྱུད་ལ་འབྱོར་རྗེས།བྱ་བའི་ནང་ཞུགས་ཏེ་ཡོང་འབབ་ཇེ་མང་དུ་བཏང་། དར་དམར་སྡེ་བའི་སྡེ་མི་འབྲུག་ལོས་རྩྭ་ས་མཉམ་ལས་ཁང་གི་མ་རྐང་དུ་བཞག་རྗེས། ཆུ་དམར་ལེབ་རྫོང་གི་རོང་འབྲོག་མང་ཚོགས་ཀྱི་ལས་ཞུགས་ལས་སྐྲུན་ཞབས་ཞུ་ལྟེ་གནས་སུ་ཐང་ག་འབྲི་བའི་ལག་རྩལ་སྦྱོང་དུ་སོང་། འབྲུག་ལོས་གཞུག་ཕྱོགས་རང་ཉིད་སྤྲོ་བ་ཡོད་པའི་ཐང་ག་འབྲི་བཞེངས་ལ་བརྟེན་ནས་ཡོང་འབབ་འཚོལ་བ་ནི། རང་ཉིད་ལ་སྤྲོ་བ་རྒྱས་སུ་འཇུག་པའི་དོན་ཞིག་རེད་སྙམ་ཡོད།

“དབུལ་སྐྱོར་རྩྭ་ར’ཞིག་བཙུགས་པ་དེས། མང་ཚོགས་སྐོར་ཞིག་དབུལ་ཐར་བྱེད་པར་སྐུལ་ཁྲིད་བྱས། ”ད་ལྟ། ཆུ་དམར་ལེབ་རྫོང་གིས་བསྡོམས་པས“དབུལ་སྐྱོར་རྩྭ་ར”14འཛུགས་སྐྲུན་བྱས་པར་མ་ཟད། རྒྱུན་མཐུད་ཀྱི་དོ་དམ་བྱེད་ཐབས་བཏོན་ནས“དབུལ་སྐྱོར་རྩྭ་ར”བདག་གཉེར་བྱེད་པ་ཚད་ལྡན་དང་འཐུས་ཚང་དུ་བཏང་སྟེ། ཁེ་ལས་ཅན་གྱི་བདག་གཉེར་དང་། དབུལ་ཕོངས་དུད་ཁྱིམ་མི་སྒེར་གྱིས་འགན་གཙང་ལེན་བྱེད་པའམ། ཡང་ན་འཇོན་མིས་སྣེ་ཁྲིད་པ་བཅས་སྣ་མང་ཡིན་པའི་བདག་གཉེར་དཔེ་དབྱིབས་རགས་ཙམ་གྲུབ་ཡོད། ཁྱད་ཆོས་ལྡན་པའི“དབུལ་སྐྱོར་རྩྭ་ར”རེ་རེར་བརྟེན་ནས། ཤ་སྐམ་དང་། ཆུར་བ། རུས་ཕྱེ། འོ་ལས་སོགས་ཕྱུགས་ཐོན་དངོས་རྫས་ལས་སྣོན་བྱེད་པའི་ཐོན་ལས་འཕེལ་རྒྱས་སུ་བཏང་བ་དང་། ཞིང་ཐོན་དངོས་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོར་འདེགས་སུ་བཏང་སྟེ། འབྲོག་དམངས་ལ“འཕེལ་རྒྱས་ཀྱི་ཁེ་འབབ”ལོངས་སྤྱོད་དུ་བཅུག་ལ། “དབུལ་འཕྲི”ཡི་ལམ་དུ། མང་ཚོགས་ཀྱི་འཚོ་བ་ཡང་ཉིན་རེ་ནས་ཉིན་རེར་བརྟན་འཇགས་བག་ཕེབས་སུ་གྱུར་དང་འགྱུར་མུས་སུ་མཆིས། །

                                                  རྩོམ་སྒྲིག་པ། གཡང་འབུམ་རྒྱལ།