རྐང་ཚ་རྫོང་གི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ནང་དོན་གསར་པ།
2020.09.21 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 30

“ཉ་དང་བྱ་ཡི་དག་ཞིང་། མཚོ་ངོགས་བོད་མཁར་གྱི་རྐང་ཚ། ”ཞེས་པ་ནི་རྐང་ཚ་རྫོང་གིས་རང་ཉིད་ལ་གསར་དུ་ཕྱེས་པའི་གནས་མཚམས་རེད།

“ནུབ་མཚོ”ཡི་འགྲམ་ངོགས་སུ་ཆགས་པའི་མཚོ་ངོགས་བོད་མཁར་དུ་གསེར་ཉ་ཡོད་པའི་རྐྱེན་གྱིས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་དཔྱིད་དཔལ་གཉིས་པ་བསུ་བའི་སྐལ་བ་བྱུང་།

ད་ལྟ། གསེར་ཉ་སྒོ་ང་གཏོང་དུ་རྐྱལ་བར་དམིགས་ནས་མཚོ་སྔོན་པོའི་བཞུར་རྒྱུན་གཙོ་བོའི་གྲལ་ཏེ་འོམ་ཆུ་དེ་གསེར་ཉའི་གཞིས་ཁྱིམ་དུ་བསྐྲུན་ནས་གཞི་ཁྱོན་རགས་ཙམ་ཆགས་ཡོད། འདིའང་ཡུལ་འདིའི་ཉ་མོ་ཚེ་ཐར་གཏོང་ཡུལ་གལ་ཆེན་ཞིག་ཏུ་གྱུར། ལོ་རེར་རྐང་ཚ་རྫོང་གིས་ཡུལ་དེ་ནས་མཚོ་སྔོན་པོའི་ཉ་མོ་ཚེ་ཐར་གཏོང་བའམ་ཉ་གཟིགས་དུས་ཆེན་སྤེལ་བ་ལས་རང་ཡུལ་གྱི་མང་ཚོགས་དང་ཡུལ་སྐོར་པ་མང་པོ་བཀུག དེ་ལས་མཆེད་པའི་རིག་གནས་དང་ལུས་རྩལ་བྱ་འགུལ་སྣ་ཚོགས་ཀྱང་ཡུལ་དེའི་མང་ཚོགས་ཀྱི་ཆེས་གལ་ཆེ་བའི་བསམ་པའི་རིག་གནས་ཀྱི་བྱ་འགུལ་དུ་གྱུར་ཡོད།

“ན་ནིང་ང་ཚོས་གསེར་ཉ་བྱེ་བ་གཅིག་དང་ས་ཡ་གཅིག་ཚེ་ཐར་ལ་བཏང་བ་ཡིན། ད་ལོ་གསེར་ཉ་བྱེ་བ་གཅིག་དང་ས་ཡ་བཞི་ཚེ་ཐར་ལ་གཏོང་རྩིས་ཡོད”ཅེས་རྐང་ཚ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་ཚེ་བརྟན་གྱིས་དེ་ལྟར་བཤད། ཉེ་བའི་ལོ་འགའི་རིང་ལ། ཚེ་ཐར་དུ་བཏང་བའི་གསེར་ཉའི་གྲངས་ཀ་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པར་མ་ཟད། དེར་ཞུགས་མཁན་གྱི་མི་གྲངས་ཀྱང་རིམ་བཞིན་འཕར། “2019ལོར་རྐང་ཚ་རྫོང་གིས་ཡུལ་སྐོར་བ་ས་ཡ་གཅིག་དང་འབུམ་བརྒྱད་ཁྲི་བཞི་སྣེ་ལེན་བྱས་པ་དང་། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་སྒོ་སྒོར་དུང་ཕྱུར་བཞི་ཡས་མས་སུ་སླེབས་པས། ཉ་གཟིགས་དང་ཉ་ཕྲུག་གཏོང་བའི་དུས་སྐབས་ཀྱིས་རྐང་ཚ་རྫོང་གི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་འཕར་གནས་གསར་པ་བསྩལ་སོང་ཞེས་བཤད་ཆོག”

ཚེ་བརྟན་གྱི་བྱ་བའི་བརྒྱུད་རིམ་དང་རྐང་ཚ་རྫོང་གི་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་རྒྱས་གཉིས་ཕན་ཚུན་གཅིག་ཏུ་འདྲེས་ཡོད། སྔོན་ཆད། ཚེ་བརྟན་གྱིས་བྱ་གླིང་ལྗོངས་ཁུལ་ནས་བྱ་བ་བསྒྲུབས་མྱོང་། སྐབས་དེར་རྐང་ཚ་རྫོང་གི་ཡུལ་སྐོར་ཐོན་ལས་བྱ་གླིང་ལ་བརྟེན་ཡོད། འོན་ཀྱང་དེའི་རྗེས་ནས་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་བྱ་གླིང་དུ་ཐོན་པའི་ཡུལ་སྐོར་པའི་མི་གྲངས་ཇེ་ཉུང་དུ་སོང་བས། རྐང་ཚ་རྫོང་གི་ཡུལ་སྐོར་ཡོང་སྒོ་དང་གྲོང་ཁྱེར་འཕེལ་རྒྱས་ལ་ཤན་ཤུགས་ཐེབས།

སྐབས་དེར། གསེར་ཉ་རྒྱུད་སྤེལ་དང་གསེར་ཉ་ཚེ་ཐར་ལ་གཏོང་བ་དེ་རིམ་བཞིན་རྐང་ཚ་རྫོང་གི་ལོ་རེར་ཐེངས་རེར་སྤེལ་བའི་སྲོལ་རྒྱུན་རིག་གནས་ཀྱི་བྱ་འགུལ་ཞིག་ཏུ་གྱུར། དུས་མཉམ་དུ། རྐང་ཚ་རྫོང་གིས་ཀྱང་གསེར་ཉར་སྲུང་སྐྱོབ་བྱེད་པ་དང་གསེར་ཉ་འཛིན་མཚམས་འཇོག་པ་དེ་ཉ་ལས་སྲིད་འཛིན་ལས་ཁུངས་དང་སྲིད་གཞུང་ལ་བརྟེན་ནས་དྲིལ་སྒྲོག་བྱས་པ་ཁོ་ནས་མི་ཆོག་པར། དེ་ནི་རྒྱ་ཆེའི་མང་ཚོགས་ལ་བརྟེན་དགོས་པ་དང་། མི་དམངས་མང་ཚོགས་ཀྱི་གསེར་ཉའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་པ་དེ་ཡིན་པ་ཤེས།

2005ལོར། རྐང་ཚ་རྫོང་གིས་གསེར་ཉར་ལྟ་བའི་བྱ་འགུལ་སྐབས་དང་པོ་སྤེལ་བར་མ་ཟད། བྱ་འགུལ་དེ་རིམ་བཞིན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སློབ་གསོའི་བྱ་འགུལ་ཞིག་ཏུ་རྒྱ་བསྐྱེད། བྱ་འགུལ་གྱི་ཤུགས་རྐྱེན་ནུས་ཤུགས་ཇེ་ཆེར་སོང་བ་དང་བསྟུན་ནས། 2011ལོར། གསེར་ཉར་ལྟ་བའི་དུས་ཆེན་ལ་འགྱུར་ལྡོག་ཆེན་པོ་བྱུང་། ལོ་དེ་ནས་བཟུང་། གསེར་ཉར་ལྟ་བ་དང་ཉ་མོ་ཚེ་ཐར་གཏོང་བ་དེ་ནི་རྐང་ཚ་རྫོང་ཁོ་ནས་སྤེལ་བའི་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་འགུལ་ཞིག་མ་ཡིན་པར། ཞིང་ཆེན་ཡོངས་ཀྱི་གསེར་ཉ་སྲུང་སྐྱོབ་ལ་ཞུགས་པའི་བྱ་འགུལ་ཞིག་ཏུ་གྱུར། རྐང་ཚ་རྫོང་གིས་གོ་སྐབས་དེ་དང་བསྟུན་ནས། ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་ལས་རིགས་གསར་སྐྲུན་བྱེད་ཐེངས་གཉིས་པའི་མགོ་བརྩམས།

ད་ལྟ། གསེར་ཉར་ལྟ་བ་དང་ཚེ་ཐར་དུ་གཏོང་བའི་བྱ་འགུལ་ལས་རྐང་ཚ་རྫོང་གི་ཡུལ་སྐོར་ལ་ཡོང་སྒོ་བསྐྲུན་པར་མ་ཟད། དེ་ལས་ཀྱང་གལ་ཆེ་བ་ནི་གསེར་ཉར་ལྟ་བ་དང་གསེར་ཉ་ཚེ་ཐར་ལ་གཏོང་བ་དེ་ནི་ས་གནས་དེ་གའི་མི་རིགས་མཐུན་སྒྲིལ་གྱི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར།

ཚེ་བརྟན་གྱིས་བཤད་རྒྱུར། ལོ་རེའི་གསེར་ཉར་ལྟ་བ་དང་གསེར་ཉ་ཚེ་ཐར་ལ་གཏོང་བའི་སྐབས་སུ། མཚོ་སྐོར་རྟ་རྒྱུག་འགྲན་ཚོགས་དང་མཚོ་སྔོན་པོའི་མཐོ་སྒང་གོམ་བགྲོད་འགྲན་སྡུར། བོད་མཁར་རྟགས་མའི་མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་སྡུར། དམངས་གླུ་འགྲན་སྡུར་སོགས་ཀྱི་རིག་གནས་ལུས་རྩལ་བྱ་འགུལ་རབ་དང་རིམ་པ་སྤེལ་བཞིན་ཡོད་པས། མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་། “སྔོན་ཆད། ང་ཚོ་སྤྱིར་བཏང་གི་མང་ཚོགས་ལ་མཚོན་ན་གསེར་ཉ་འཛིན་མཁན་མཐོང་ན་ཞུ་གཏུག་མི་བྱེད་པར་ལྟད་མོར་ལྟ་བའི་རྣམ་འགྱུར་འཛིན་པ་ཞིག་ཡིན། ད་ལྟ་བསམ་བློ་དེར་འགྱུར་ལྡོག་བྱུང་སྟེ། གསེར་ཉ་སྲུང་སྐྱོབ་བྱེད་པའི་སྐྱེ་ཁམས་འདུ་ཤེས་མེད་པའི་མི་གཅིག་ཀྱང་མེད་ལ། འདུ་ཤེས་དེ་རྫོང་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་སེམས་ཀྱི་གཏིང་རིམ་དུ་སིམ་ཡོད། དེར་མ་ཟད་ཁོར་ཡུག་སྲུབ་སྐྱོབ་ཀྱི་འདུ་ཤེས་དེ་མི་རབས་རྗེས་མའི་སེམས་ལའང་འཇགས་པར་བྱེད་རྒྱུ་ཡིན”ཞེས་ཚེ་བརྟན་གྱིས་བཤད།

རྐང་ཚ་རྫོང་གི་སྲང་ལམ་དུ་སོང་ན། གསེར་ཉ་སྐོར་གྱི་རིག་གནས་སྦྱར་ཡིག་གང་ས་གང་ནས་ཀྱང་མཐོང་ཐུབ། གསེར་ཉ་ནི་ཡུལ་འདིའི་སྐྱེ་དངོས་ཀྱི་ཐོན་ཁུངས་ཡིན་པར་མ་ཟད། གསེར་ཉ་དང་འབྲེལ་བའི་རིག་གནས་ལུས་རྩལ་བྱ་འགུལ་རབ་དང་རིམ་པ་སྤེལ་བས་མཚོ་ངོགས་བོད་མཁར་གྱི་རྣམ་པར་ཡང་འགྱུར་ལྡོག་འབྱུང་བཞིན་ཡོད།

རྐང་ཚ་རྫོང་མཁར་དུ་ཡོད་པའི་འོམ་ཆུ་ས་ཁུལ4Aརིམ་པའི་ལྗོངས་ཁུལ་དུ་བདམས་པ་དང་། མཚོ་མཆོད་ཆེན་མོ་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གྲས་སུ་རེ་ཞུ་བྱས་ཤིང་། རྐང་ཚ་རྫོང་མཚོ་སྐོར་ས་ཁུལ་བོད་ལུགས་ཡུལ་སྲོལ་གྲོང་རྡལ་དུ་བསྐྲུན་པ་སོགས་གྲུབ་འབྲས་དེ་དག་ཚང་མ་ནི་གསེར་ཉར་བརྟེན་ནས་ཐོན་པ་ཡིན་ལ། དེ་ཡང་། གསེར་ཉའི་རིགས་ཀྱི་གྲངས་ཀ་ཇེ་མང་དུ་སོང་བ་ལས་བྱུང་བའི་འགྱུར་ལྡོག་དང་གོ་སྐབས་ཀྱང་རེད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།