བདེ་སྐྱིད་ཀྱི་ལམ་ཆེན་སྟེང་བགྲོད་བཞིན་པའི་འབྲི་ཆུའི་མགོ་ཁུངས་སྡེ་བ།
2020.09.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་བཏོན་པའི“ཏན་ཏན་ཏིག་ཏིག་བཞི”ཡི་རེ་བ་གལ་ཆེན་ནི་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་སྐུལ་ལྕག་ཆེན་པོ་ཞིག་རེད། མིག་རྡེབ་དབང་ཙམ་གྱིས་ལོ་ངོ་བཞིའི་དུས་ཚོད་ཕར་ལ་འདས་ཡང་། ང་ཚོར་གནངས་བའི་མངགས་བཅོལ་དེ་ད་དུང་རྣ་ལམ་དུ་རྒྱུ་བཞིན་ཡོད་པ་དང་། བློ་སྤོབས་དེ་སེམས་གཏིང་དུ་ཉར་ཡོད། ལོ་ངོ་བཞིའི་རིང་ལ། མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ཏང་ཨུ་དང་། ཁུལ་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་དང་དུ་བླངས་ནས་ཚད་མཐོ་བའི་འགན་འཁྲི་དང་འགྱུར་མེད་ཀྱི་ཆོད་སེམས་ལ་བརྟེན་ནས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ལ་དྲིས་ལན་ཡག་པོ་ཞིག་སྤྲད་ཡོད།

ན་གོར་མོ་གྲོང་ཁྱེར་ནས་ལྷོ་ཕྱོགས་སུ་བསྲིངས་པའི་རྒྱལ་ལམ109ཡི་འབྲི་ཆུའི་མགོ་ཁུངས་སྡེ་བར་བསྐྱོད་པའི་ལམ་ཁ་རུ། “གདང་ལ་གྲོང་རྡལ་འབྲི་ཆུ་མགོ་ཁུངས་སྡེ་བ”ཞེས་གསེར་མདོག་གིས་བྲིས་པའི་ཡི་གེ་ཆེན་པོ་འགའ་མིག་མདུན་དུ་མངོན་ཡོང་བ་དང་། གཙང་ཞིང་ཡངས་པའི་ལམ་འགྲམ་གཉིས་ནི་དཀར་མདོག་གི་ཉི་འོད་ནུས་པའི་གློག་སྒྲོན་ཡིན་ལ། བོད་ཀྱི་སྲོལ་རྒྱུན་རི་མོས་བརྒྱན་པའི་ཁང་ཀླད་དུ་གཡུ་རྩི་བྱུགས་ཡོད་པ་རེད།

ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་འབྲི་ཆུའི་མགོ་ཁུངས་སྡེ་བ་ནི་བོད་རིགས་སྡེ་བ་ཞིག་ཡིན་པ་དང་། དེ་ནི་གནས་སྤོས་གཏན་སྡོད་ཁུལ་ཞིག་རེད། 2004ལོའི་ཟླ11པར། སྡེ་བ་ཡོངས་སུ་ཁྱིམ་ཚང128དང་མི་གྲངས407ཡོད་པ་ཚང་མས་རྒྱལ་ཁབ་ཀྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་སྲིད་ཇུས་ལ་བརྟེན་ནས་ན་གོར་མོ་གྲོང་ཁྱེར་གྱི་ལྷོ་ཁུལ་དུ་གནས་སྤར་བ་དང་། དེ་ལས་དེ་རིང་གི་མཛེས་སྡུག་ལྡན་པའི་འབྲི་ཆུའི་མགོ་ཁུངས་སྡེ་བ་འདི་བྱུང་བ་རེད། ལོ་བཅུ་དྲུག་གི་རྗེས་ཀྱི་དེ་རིང་། “གནས་སྤོ”བའི་ཐག་གཅོད་ལ་ཕྱིར་དྲན་བྱེད་སྐབས། མི་རེའི་ཆ་སྙོམས་ཡོང་སྒོ་སྔོན་ཆད་ལས་ལྡབ་བཅུ་འཕར་བ་དང་། གྲོང་ཁྱེར་གྱི་འཚོ་བར་གོམས་པའི་འབྲི་ཆུའི་མགོ་ཁུངས་སྡེ་བའི་མི་རྣམས་ད་ལྟ་ང་རྒྱལ་དང་སྤྲོ་སྣང་གིས་ཁེངས་ཡོད།

སྡེ་མི་སེང་གེའི་ཁྱིམ་གྱི་གསལ་ཞིང་ཡངས་པའི་བོད་ལུགས་ཀྱི་འགྲུལ་ཁང་དུ། སེང་གེ་ཡིས2016ལོའི་ཟླ8པའི་ཚེས22ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཁོ་ཚང་ལ་སླེབས་པའི་རྣམ་པར་ཕྱིར་དྲན་བྱེད་བཞིན་ཡིད་འགུལ་ཐེབས་བཞིན་འདུག ཁོས་བཤད་རྒྱུར། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ངེད་ཚང་ལ་ཕེབས་ཡོང་བ་ཞིག་སེམས་ལའང་དྲན་མ་མྱོང་། ད་དུང་བརྗེད་དཀའ་བ་ཞིག་ནི་སྤྱི་ཁྱབ་ཧྲུའུ་ཅི་ངེད་ཚང་ནས་ཕྱིར་ཕེབས་སྐབས་ཁ་ཕྱིར་འཁོར་ནས་ང་དང་ཕྱག་འཇུ་གནང་བྱུང་བ་དང་། ངེད་རྒན་རྒོན་གཉིས་ལ་ལུས་ཕུང་ལ་བདག་སྐྱོང་བཟང་པོ་བྱོས་དང་། བདེ་སྐྱིད་ཀྱི་འཚོ་བ་ཡུན་རིང་ངེས་པའི་མངགས་བཅོལ་གནངས”ཞེས་བཤད།

སེང་གེ་སྔོན་ཆད་གདང་ལ་ཡུལ་ཚོ་རུ་བསྡད་ཡོད། “འདིར་གནས་མ་སྤར་བའི་སྔོན་ལ། ང་ཚོ་སྦྲ་གུར་ནང་བསྡད་ཡོད་ལ། གློག་ཆས་མེད་པ་དང་ལུག་ཚིལ་གྱིས་གློག་སྒྲོན་བཀར་བ་ཡིན། ཟ་རྒྱུ་རྩམ་པ་དང་བསིལ་སྐམ་བྱས་པའི་ཤ་སྐམ་ལས་མེད། བྱིས་པ་སློབ་གྲྭར་འགྲོ་ན་ལམ་ཐག་ཤིན་ཏུ་རིང་བ་དང་། འཚོ་བའི་ཆ་རྐྱེན་ཧ་ཅང་སྡུག”ཅེས་སེང་གེ་ཡིས་དེ་ལྟར་བཤད་པ་དང་། “ས་འདིར་གནས་སྤར་རྗེས་འཚོ་བ་སྔར་ལས་ཇེ་སྐྱིད་རུ་སོང་བ་མ་ཟད། སྔར་ལས་ཀྱང་སྟབས་བདེ་བར་གྱུར། ཁྱིམ་ཚང་རེ་རེར་མུས་གྲུ་བཞི་མ་སུམ་བརྒྱའི་ར་བསྐོར་ཡོད་པ་དང་། མུས་གྲུ་བཞི་མ་རེ་གཉིས་ཀྱི་ཁང་བ་ཡང་ཡོད། ཁང་བའི་ནང་དུ་ཆུ་དང་། གློག སོལ་རླངས། ཇ་ཁང་། སྤྱོད་ཁང་ཚང་མ་ཡོད་པ་དང་། ཁྱིམ་སྤྱོད་གློག་ཆས་ཚང་མའང་མཉམ་གཅིག་ཏུ་བཀོད་སྒྲིག་བྱས་ཡོད། སྡེ་བའི་ནང་དུ་སློབ་གྲྭ་དང་། འཕྲོད་བསྟེན་ཁང་། རིག་གནས་ཐང་ཆེན་སོགས་ཀྱང་ཁ་ཚང་དུ་ཡོད་པས། ང་ཚོར་ད་ལྟའི་འཚོ་བ་འདི་སྔར་ལས་སྐྱིད་པའི་སྣང་བ་ཞིག་བཅོས་མིན་དུ་ཡོད་པར་གྱུར”ཞེས་ཀྱང་བཤད།

དུས་ཚོད་ཀྱིས་འབྲི་ཆུའི་སྡེ་བར་འགྱུར་ལྡོག་ཆེན་པོ་བྱུང་བ་བདེན་དཔང་བྱས་ཡོད་པ་དང་། མང་ཚོགས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་སེམས་ཁུར་ཟབ་མོ་སེམས་ལ་བཟུང་ཡོད། ད་ལྟ། སྡེ་བའི་ལྗང་བསྒྱུར་དང་། ལམ་སྲ་བསྒྱུར། ལམ་ཇེ་འཇམ་དུ་གཏོང་བ་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་ཉིན་རེར་འཐུས་ཚང་དུ་བཏང་ནས་སྔ་གཞུག་ཏུ་སློབ་གྲྭ་དང་། རྒན་བཀུར་ཁང་། གད་སྙིགས་བསྡུ་ས་སོགས་བཙུགས་པ་དང་། རང་བྱུང་སོལ་རླངས་དང་། ཆུ། བཙོག་ཆུ་ཕྱིར་གཏོང་ལེགས་བཅོས་བྱེད་པ་སོགས་ཁྱིམ་ཚང་རེ་རེ་ནས་མངོན་འགྱུར་བྱས། སྔ་གཞུག་ཏུ་སྡེ་བ་ནས་རླངས་འཁོར་འབབ་ཚུགས་དང་། རིག་གནས་ཐང་ཆེན་ལས་ཏེ། ཉི་འོད་ནུས་པའི་གློག་སྒྲོན་དང་ཕྱོགས་བསྡུས་ཚོང་འདུས་ཚོང་ར་སོགས་ཡོད་པར་གྱུར།

གཙང་ཞིང་ཡངས་པའི་གཞུང་ལམ་དང་། འདུ་འཛི་ཆེ་བའི་ཞིང་ཕྱུགས་ཉོ་ཚོང་ཚོང་ར། ཡངས་ཤིང་གསལ་བའི་ཁང་བའི་ནང་དུ། ཟླ་བ་སྒྲོལ་མས་བྱིས་པ་ཉལ་སའི་མལ་ཁྲིའི་སྟེང་བསྙལ་བའི་བྱིས་པར་ལྟ་བཞིན་ཁ་ནས་གཉིད་གླུ་འགུགས་བཞིན་འདུག ཟླ་བ་སྒྲོལ་མར་མཚོན་ནས་བཤད་ན་ད་ལྟ་ནི་ཆེས་བདེ་སྐྱིད་ལྡན་པའི་དུས་སྐབས་ཤིག་ཡིན་པ་དང་། ལོ་འདི་ལ་རང་ཉིད་ཀྱིས་ཆེས་རོལ་འདོད་པའི་བདེ་སྐྱིད་ཀྱི་འཚོ་བ་འདི་རོལ་བ་རེད། ཁོ་མོའི་ཁྱིམ་ལ་ལྟོས་ན། སྤུས་བཟང་གི་བོད་ལུགས་འབོལ་ཁྲི་གྱང་ངོས་སུ་གཏད་ནས་བཞག་ཡོད་པ་དང་། མདུན་ཅོག་སྟེང་དུ་ཀ་ར་དང་། ཀ་ར་གོ་རེ། དཀྲུགས་ཇ་སོགས་བཞག་འདུག་པ་དང་། ཁྱིམ་བདག་མས་ཁང་བ་ཧྲིལ་བོ་གཙང་དག་ལེགས་པོ་བྱས་འདུག

ཟླ་བ་སྒྲོལ་མ་ཁྱིམ་ཚང་དཀའ་ཁག་ཅན་ཞིག་གི་ཁྱིམ་བདག་མ་ནས་རྩྭ་ཐང་དོ་དམ་སྲུང་སྐྱོབ་མཁན་ཞིག་ཏུ་གྱུར་ཡོད་པ་དང་། བྱ་བ་ཡོད་པས་ཁོ་མོར་བརྟེན་ས་ཡོད་པར་གྱུར། བྱིས་པ་ལྷིང་འཇགས་ཀྱིས་གཉིད་ཡོད་པ་མཐོང་རྗེས། ཟླ་བ་སྒྲོལ་མས་སྐད་མགོ་དམའ་མོའི་ངང་ནས“2004ལོ་ནས་སྡེ་བ་འདིར་སླེབས་རྗེས། ཉིན་རེ་རེར་འགྱུར་ལྡོག་འབྱུང་བཞིན་འདུག སྔོན་ཆད་ཁྱིམ་གྱི་ཟོག་ཁ་ཤས་དང་ལུག་འགའ་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད། ད་ལྟ་རྒྱལ་ཁབ་སྲིད་ཇུས་ཀྱི་རོགས་སྐྱོར་འོག་ནས་ང་ཚོ་ལ་བདམས་གསེས་མང་པོ་ཡོད་པར་གྱུར”ཞེས་བཤད། ན་ནིང་། ཟླ་བ་སྒྲོལ་མས་ལོ་ན་བརྒྱད་ཅུར་སོན་པའི་ཤ་ཉེ་ལྷ་མོ་རྒན་བཀུར་ཁང་ནས་རང་ཁྱིམ་དུ་བསུས་ཡོང་བ་དང་། ཁྱིམ་མི་ལྔ་བོས་མཉམ་དུ་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད།

དཀའ་སྤྱད་འབད་བརྩོན་བྱས་ཏེ། དགའ་བའི་གྲུབ་འབྲས་ལ་རོལ། ན་གོར་མོ་གྲོང་ཁྱེར་གྱི་རིམ་པ་སོ་སོའི་འབྲེལ་ཡོད་སྡེ་ཁག་དང་འབྲི་ཆུ་མགོ་ཁུངས་སྡེ་བས་མཉམ་གཅིག་ཏུ་འབད་བརྩོན་བྱས་འོག རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་དང་པོའི་བཟོ་སྐྲུན་ལག་བསྟར་བྱས་ནས་ལོ་ངོ་བཅུ་འགོར་བའི་རིང་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རིགས་སོ་སོའི་རྩྭ་ས་ནས་རྩྭའི་ཐོན་ཚད་བརྒྱ་ཆའི་སུམ་ཅུ་ཇེ་མཐོར་སོང་བ་དང་། ཆུའི་ཐོན་ཁུངས་ཀྱི་ཚད་དེ་མུས་རྒྱ་དཔངས་གྲུ་བཞི་མ་བརྒྱད་ཅུ་ཙམ་འཕར་སྣོན་བྱུང་ཞིང་། དེ་ནི་ཞི་ཧུའུ་མཚེའུ་ལྟ་བུ་ལྔ་བརྒྱ་དང་དྲུག་ཅུ་ཡོད་པ་རེད།

ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་ཀྲའོ་ཧྲིག་ཡོན་གྱིས་བཤད་རྒྱུར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འདུ་ཤེས་དེ་སྔ་མོ་ནས་འབྲོག་པ་མང་ཚོགས་ཀྱི་སེམས་གཏིང་ལ་ཟུག་ཡོད་པ་དང་། ས་དེའི་འབྲོག་པ་མང་ཚོགས་ཀྱི་བབ་ཆགས་ཀྱི་སྐད་ཆས་བཤད་ན། སྐྱེ་ཁམས་ནི་དམངས་འཚོ་ཡིན་པ་དང་། གངས་རི་ནི་མཛེས་སྡུག་ལྡན་ལ། གནམ་སྔོན་པོ་ནི་བདེ་སྐྱིད་ཅིག་ཡིན་པ་རེད་ཞེས་བཤད།

ལོ་ཙཱ། ཚེ་རིང་སྒྲོལ་མ།