མཚོ་སྔོན་གྱིས“སྦྲ་དཀར་དཔེ་དབྱིབས”ཀྱི་ཕྱུག་འགྱུར་གསང་གྲངས་བརྟོལ་བ།
2020.10.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

འབྲོག་པ་ལྕགས་རྡོར་གྱི་བྱིས་དུས་ཀྱི་དྲན་ཤེས་སུ་ཡོད་པའི་ཕ་ཡུལ་སྦྲ་དཀར་རྩྭ་ཐང་སླར་ཡང་སྔོ་ལྗང་ལྗང་དུ་གྱུར་ཡོད་པ་དང་། ནོར་ལུག་རྣམ་རྩྭ་ཐང་ལ་ཕྲ་རྒྱན་བཏབ་པ་ལྟར་སྣང་ལ། སྦྲ་གུར་མང་པོ་རྩྭ་ཐང་དུ་སྐར་ཚོགས་བཀྲ་བ་ལྟར་ཕུབ་འདུག

མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཉིང་ཕྱུག་གྲོང་རྡལ་དུ་གནས་པའི་སྦྲ་དཀར་སྡེ་བ་ནི་ཆ་སྙོམས་ས་མགོའི་མཐོ་ཚད་མུས་སུམ་སྟོང་ལྔ་བརྒྱ་ཡིན་པ་དང་། ཕྱུགས་ལས་ནི་ས་གནས་དེ་གའི་འབྲོག་པའི་འཚོ་གནས་ཀྱི་སྲོག་ཤིང་ཐོན་ལས་སུ་གྱུར་ཡོད།

འོན་ཀྱང་། སྲོལ་རྒྱུན་གྱི་ཕྱུགས་ལས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་སྦྲ་དཀར་རྩྭ་ཐང་གི་སྐྱེ་ཁམས་རིམ་བཞིན་ཉམས་ཞན་དུ་གྱུར།

ལྕགས་རྡོར་གྱིས་བཤད་རྒྱུར། དུས་རབས་ཉི་ཤུའི་ལོ་རབས་དགུ་བཅུའི་དུས་ནས་བཟུང་། རྩྭ་ཐང་དུ་རིམ་བཞིན་ས་ནག་ཕྱིར་མངོན་པ་དང་། ནོར་ལུག་གི་གཟན་རྩྭ་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར་ཟེར།

སྐབས་དེར། སྦྲ་དཀར་ས་གནས་ཀྱི་ཐོན་ལས་གྲུབ་ཚུལ་སྣ་གཅིག་ཡིན་པ་དང་ཐོན་སྐྱེད་ཚོང་གཉེར་རགས་ལས་ཡིན་པ། རྩྭ་ཕྱུགས་ཀྱི་འགལ་བ་འབུར་ཐོན་ཡིན་པ། རྩྭ་ས་ཞན་འགྱུར་ཚབས་ཆེན་ཡིན་པས་སྐྱེ་ཁམས་ཀྱི་དཀའ་ཁག་ཆེན་པོར་འཕྲད། གྲངས་ཀར་གདེང་འཇོག་བྱེད་པ་དང་ཕན་འབྲས་ལ་སྣང་ཆུང་བྱེད་པའི་སྲོལ་རྒྱུན་ཕྱུགས་ལས་ཚོང་གཉེར་རྣམ་པ་རྒྱུན་སྐྱོང་དཀའ་བར་གྱུར་བས། དེང་རབས་ཅན་གྱི་སྐྱེ་ཁམས་ཕྱུགས་ལས་བཅོས་སྒྱུར་གྱི་བྱ་བ་གསར་བའི་མགོ་བརྩམས།

འཚོལ་ཞིབ་བྱས་པ་བརྒྱུད། སྦྲ་དཀར་གྱིས་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་གཏོང་རྒྱུའི་གཏན་འཁེལ་བྱས་པ་རེད། དཔེ་དབྱིབས་དེ་ཆགས་པ་དེས་སྦྲ་དཀར་སྡེ་བའི་སྡེ་མིའི་སེམས་ཤུགས་དང་རྔུལ་ཆུ་གཅིག་ཏུ་བསྡུས་ཡོད།

“མཉམ་ལས་ཁང་འཕེལ་རྒྱས་གཏོང་རྒྱུར་དཀའ་ལས་ཆེན་པོ་མེད། དཀའ་ངལ་ཆེ་ཤོས་ནི་སྡེ་མིའི་བསམ་བློ་བཅིངས་འགྲོལ་གཏོང་རྒྱུ་དེ་རེད། 2010ལོ་ནས་བཟུང་། མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་ཨོ་རྡོ་ཡིས་སྡེ་བའི་ནང་གི་རྒན་པོ་བསམ་ཤེས་འགའ་ཁྲིད་ནས་ལོ་གཅིག་གི་དུས་ཚོད་སྤྱད་དེ་སྡེ་མི་ཚོ་མཉམ་ལས་ཁང་ནང་ཞུགས་རྒྱུར་སྐུལ་ལྕག་བྱས་པ་རེད། དང་ཐོག་སྡེ་མིས“ནོར་ལུག་རྒྱལ་ཁབ་ལ་སྤྲོད་དགོས”ཞེས་སེམས་ཁྲལ་བྱེད་ཀྱིན་ཡོད། ཁྱིམ་ཚང་རེ་ནས་ཡོང་བའི་སྡེ་མི་ཚོས་མཉམ་ལས་ཁང་ནང་ཞུགས་པའི་གན་རྒྱའི་ཐོག་མཛུབ་ཐེལ་བརྒྱབ་པ་དང་ཁོ་ཚོས་རྒྱུན་འཁྱོངས་ལྷོད་མེད་བྱས་པ་བརྒྱུད་སྡེ་མིའི་ཡིད་ཆེས་ཐོབ་ཡོད།

བསམ་བློའི་འགལ་རྐྱེན་གཙང་སེལ་བྱས་རྗེས། ལམ་ལུགས་ཇི་ལྟར་འཐུས་ཚང་དུ་གཏོང་དགོས་པ་མིག་མདུན་དུ་ལྷགས་ཡོད། ད་ལྟའི་བར་དུ་ཨོ་རྡོ་ཡི་དྲན་ངོགས་སུ་གསལ་བོར་སྣང་བ་ནི་སྡེ་བའི་ནང་དུ་བསྡོམས་པས་ཚོགས་འདུ་ཐེངས་བརྒྱ་དང་དགུ་བཅུ་ལ་བསྡུས་པ་དང་། དུས་ཡུན་ཆེས་རིང་བ་དེ་ཉིན་མཚན་བཞི་ལ་ཚོགས་པ་རེད།

“སྡེ་མིའི་འཐུས་མི་བཅུ་ལྷག་ཙམ་ཚ་ཐབ་ཐོག་སྐྱིལ་ཀྲུང་དུ་བསྡད་ཡོད་པ་དང་མི་འགའ་རེ་ལྕགས་ཐབ་ཀྱི་མཐའ་བསྐོར་ནས་ཞོགས་པའི་ཆུ་ཚོད་བརྒྱད་དང་ཕྱེད་ཀ་ནས་བཟུང་། དྲོས་ཇ་དང་དགོང་ཟས་ཁྱིམ་ཚང་གཅིག་ཏུ་བསྡད་ནས་ཟ་མ་ཟ་ཞོར་དུ་གྲོས་བསྡུར་བྱེད་ཀྱིན་ཡོད”ཅེས་མཉམ་ལས་ཁང་གི་ལས་འཛིན་མགོ་གཙོ་གཞོན་པ་སྐལ་བཟང་རྡོ་རྗེས་འཛུམ་དམུལ་དམུལ་ངང་བཤད་རྒྱུར། “ཞོགས་པའི་ཆུ་ཚོད་བཞི་པར་སླེབས་སྐབས་ཚང་མའི་སྐད་འགགས་ཡོད་མོད། མི་ལ་ལས་པགས་ཚག་གྱོན་ནས་གཉིད་དུ་ཡུར་ཡོད་ལ། མི་ལ་ལས་ད་དུང་བེའུ་ཞིག་གི་རིན་གོང་མ་རྐང་ག་ཚོད་ཡིན་པ་རྩོད་བཞིན་འདུག

བློ་བསྡུས་དགེ་འཚོལ་བྱས་པ་བརྒྱུད། སྦྲ་དཀར་སྡེ་བའི་ཁྱིམ་ཚང་སོ་དྲུག་དང་མི་གྲངས་ཉིས་བརྒྱ་བཅུ་བདུན་གྱིས་དབྱར་སའི་རྩྭ་ས་མུའུ་སྟོང་དྲུག་དང་འབྲི་གཡག་དོན་བཞི་བསྡུ་སྒྲིག་བྱས་ནས་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད། སྡེ་བའི་ལས་བྱེད་པ་དང་འབྲོག་པ་ཚོས་མ་དངུལ་དང་དངོས་རྫས་ཀྱི་རྣམ་པའི་ཐོག་ནས་མ་རྐང་ནང་ཞུགས་པ་དང་མ་རྐང་རེར་སྒོར་ལྔ་བརྒྱ་ལྟར་ཕབ་རྩིས་བྱས། བེའུ་གཅིག་ལ་སྒོར་སྟོང་གཅིག་དང་རིམ་པ་དང་པོའི་རྩྭ་ས་མུའུ་རེར་སྒོར་གོ་གསུམ་དང་། རྨོ་ཞིང་མུའུ་རེར་སྒོར་ཉིས་བརྒྱ་ཡིན་པའི་བྱ་ཐབས་སྤྱད་དེ་མ་རྐང་ལམ་ལུགས་ཀྱི་སྒྱུར་བཀོད་འཐུས་ཚང་དུ་བཏང་།

ཨོ་རྡོ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། མིག་སྔར། མཉམ་ལས་ཁང་དུ་བོགས་མར་བཏང་ཆོག་པའི་དབྱར་ས་མུའུ་སྟོང་བདུན་དང་ཉིས་བརྒྱ་ཡོད་པ་དང་། མ་མོ་དགུ་བརྒྱ་དང་བཅུ་གསོ་སྤེལ་ཚན་ཆུང་བཞི་ལ་བགོས་ནས་དབྱར་དུས་ས་ཁུལ་བགར་ནས་ཕྱུགས་འཚོ་རེས་བྱེད་ཀྱིན་ཡོད་ལ། དགུན་དུས་སྤྱིལ་ཁང་དུ་གསོ་བཞིན་ཡོད་པ་མ་ཟད་མི་སྣ་ལྔ་བཀོད་སྒྲིག་བྱས་ནས་ལུག་རེར་སྒོར་བརྒྱ་དང་གྱ་གཉིས་ཀྱི་ཚད་གཞི་ལྟར་ལོ་རེའི་གླ་ཕོགས་སྟེར་བཞིན་ཡོད།

ལག་ལེན་དང་འཚོལ་ཞིབ་ལ་བརྟེན་ནས། རྩྭ་ར་དང་ཕྱུགས་ཟོག་མ་རྐང་དུ་བཞག་ནས་མཉམ་ལས་ཁང་བཙུགས་པ་དང་། ཕྱུགས་ཟོག་རིགས་བགར་ནས་གསོ་སྤེལ་བྱེད་པ། རྩྭ་ས་དབྱེ་ནས་ཕྱུགས་རིགས་རེས་སྐོར་བྱས་ཏེ་འཚོ་བ། ཁོངས་མིས་ལས་བགོས་དང་ལས་རིགས་དབྱེ་བ། ནོར་ལུག་གཅིག་གྱུར་གྱིས་ཕྱིར་འཚོང་བྱེད་པ། ལས་ཀ་ལས་ཚད་ལྟར་ཡོང་སྒོ་བགོ་བ་དང་ཡོང་འབབ་མ་རྐང་ལྟར་བགོ་བའི“སྦྲ་དཀར་དཔེ་དབྱིབས”དངོས་སུ་གྲུབ་པ་རེད།

ཚན་རིག་གི་དཔེ་དབྱིབས་ཀྱིས་ཕན་འབྲས་ཆེ་རུ་ཕྱིན་ཡོད། ལྕགས་རྡོར་ནི་ཆེས་ཐོག་མར་མཉམ་ལས་ཁང་དུ་ཞུགས་པའི་སྡེ་མི་ཡིན། “ད་ལྟ་ངེད་བཟའ་མི་ལྔ་བོར་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་ལྔ་བགོ་བཤའ་རྒྱག་ཐུབ་པ་དང་། སྤྱིའི་ཡོང་འབབ་སྒོར་ཁྲི་བདུན་ལས་བརྒལ་ཡོད། 2019ལོར། སྦྲ་དཀར་སྡེ་བའི་ཁྱིམ་ཚང་བརྒྱ་དང་གྱ་བཞི་ཡི་ཁྲོད་ཁྱིམ་ཚང་བརྒྱ་དང་བརྒྱད་ཅུ་མཉམ་ལས་ཁང་དུ་ཞུགས་ཡོད་པ་དང་མི་གྲངས་བརྒྱད་བརྒྱ་དོན་གཅིག་ཡོད་ལ། སྡེ་བ་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་གོ་བརྒྱད་ཟིན་ཡོད།

2010ལོར། སྦྲ་དཀར་སྡེ་བའི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་སྟོང་གཉིས་དང་ལྔ་བརྒྱ་བཅུ་གཉིས་ཡིན་པ་དང་། དེ་ནི་རྩེ་ཁོག་རྫོང་གི་དཔེ་མཚོན་གྱི་དབུལ་ཕོངས་སྡེ་བ་ཞིག་རེད། མིག་སྔར། རྩེ་ཁོག་རྫོང་གི་རོང་འབྲོག་པའི་ལོ་རེའི་ཆ་སྙོམས་ཡོང་སྒོ་སྒོར་སྟོང་བརྒྱད་དང་ཉིས་བརྒྱ་བཞི་བཅུ་ལ་སླེབས་ཡོད།

ལམ་ལུགས་ལག་བསྟར་བྱས་ཏེ་ཤེས་ལྡན་མི་སྣའི་རྨང་གཞི་དང་ལག་རྩལ་གྱི་རོགས་སྐྱོར་ལ་སྐུལ་འདེད་བཏང་བ།

གུ་རུ་རྡོ་རྗེ་ནི་སྦྲ་དཀར་སྡེ་བའི་སྡེ་དཔོན་སློབ་ཆེན་པ་ཐོག་མ་རེད། ལོ་དགུའི་སྔོན་ལ། མཚོ་སྔོན་ཞིང་ཆེན་སྟོང་སྐོར་ཕྱུགས་རིགས་སྨན་པའི་ལས་རིགས་ལག་རྩལ་སློབ་གླིང་ནས་མཐར་ཕྱིན་རྗེས་སྦྲ་དཀར་སྡེ་བར་ཐོན་པ་དང་།  ཉིན་རྒྱུན་སྡེ་མི་ཚོ་དང་མཉམ་དུ་མཉམ་ལས་ཁང་ལ་ཐབས་འདོན་ཇུས་འགོད་བྱེད་བཞིན་ཡོད།

གུ་རུ་རྡོ་རྗེ་ཡིས་བཤད་རྒྱུར།“ཁོ་ཚོར་ལོ་མང་པོར་ཕྱུགས་འཚོ་བའི་ཉམས་མྱོང་ཡོད་པ་དང་། ངས་སློབ་གྲྭའི་ནང་གསོ་སྤེལ་ཆེད་ལས་ལག་རྩལ་བསླབ་མྱོང་བ་དང་། ང་ཚོས་ཕན་ཚུན་ལ་སློབ་སྦྱོང་བྱས་པས། སྡེ་མི་ཚོར་མཉམ་ལས་ཁང་ལ་ཕན་འབྲས་དངོས་མཐོང་དུ་བཅུག 2012ལོ་ནས2019ལོའི་བར། མཉམ་ལས་ཁང་གིས་བསྡོམས་པས་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་གསུམ་འབུམ་དྲུག་ཁྲི་དགུ་སྟོང་དགུ་ལྷག་གི་བགོ་བཤའ་བརྒྱབ་ཟེར།

སྦྲ་དཀར་ལ་འཕེལ་རྒྱས་ཆེན་པོ་བྱུང་པས། དབུལ་ཐར་ལམ་གསར་གྱི་ཐབས་ལམ་དེ་རྩེ་ཁོག་རྫོང་དུ་སྙན་གྲགས་ཆེན་པོ་བྱུང་། “སྦྲ་དཀར་དཔེ་དབྱིབས”ཀྱི་སྣེ་ཁྲིད་འོག རྩེ་ཁོག་རྫོང་དུ་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་རེ་བཞི་དང་ཚད་ལྡན་ཅན་གྱི་ཕན་ནུས་མཐོ་བའི་གསོ་སྤེལ་རྟེན་གཞི་སོ་བདུན་བཙུགས་ཡོད་ལ། དབུལ་ཕོངས་ཁྱིམ་ཚང་ཁྲི་གཅིག་དང་སུམ་བརྒྱ་ཞེ་བཞི་ལ་ཕན་ཁེ་ཐོབ།

2018ལོར་སྦྲ་དཀར་སྡེ་བ་ཧྲིལ་བོར་དབུལ་ཐར་བྱས།

ད་ལྟ། “སྦྲ་དཀར་དཔེ་དབྱིབས”དེ་མཚོ་སྔོན་ལྷོ་རྒྱུད་འབྲོག་ཁུལ་གྱི་དབུལ་སྐྱོར་ཐོན་ལས་ཀྱི་ཐབས་ལམ་གསར་བ་ཞིག་ཏུ་གྱུར་པ་དང་། ཕྱུགས་ལས་དེ་སྲོལ་རྒྱུན་ནས་དེང་རབས་ཅན་དུ་སྒྱུར་རྒྱུར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད།

ལོ་ཙཱ་བ། ཤ་བོ་རིན་མཚོ།