ཧ་ཤུལ། དམངས་ཡོངས་སྐྱེ་ཁམས་བདག་སྐྱོང་པར་གྱུར་པའི་ཁོར་སྲུང་གི་ཞང་གྲོང་ཞིག
2020.10.20 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 30

ས་མགོའི་མཐོ་ཚད་མུས་བཞི་སྟོང་བརྒྱ་དང་དྲུག་ཅུ་ཡིན་པའི་ཧ་ཤུལ་ཞང་སྲིད་གཞུང་གནས་ཡུལ་ནས་ཕྱོགས་བཞིར་བལྟས་ན། ལྟ་ན་སྡུག་པའི་རང་བྱུང་མཛེས་ལྗོངས་ཀྱི་རི་མོ་ཞིག་གི་དབུས་སུ་ལངས་པ་དང་འདྲ། གངས་རི་དཀར་པོ་ནི་ཨ་སྔོན་གྱི་མཛེས་སྤྲས་འོག་ན་སྔར་ལས་བརྗིད་ཉམས་ལྡན། ཧ་ཤུལ་ཞང་བརྒྱུད་དེ་བཞུར་བཞིན་པའི་གཡུ་ཆུའི་ནང་དུ་ཁྲུང་ཁྲུང་ཁྲ་བོ་དང་བྱ་གག་དམར་པོ་རྣམས་ཆུ་ལ་རོལ་བཞིན་ཡོད་པ་དང་། ཞང་གྲོང་གི་སྲང་ལམ་ཡོངས་རྫོགས་དག་གཙང་ཡིན་ལ། གྲོང་སྡེ་གྲ་འགྲིག་ཅིང་ཁོར་ཡུག་ཤིན་ཏུ་མཛེས། ལམ་བར་ནས་སྐབས་དང་སྐབས་སུ་མང་ཚོགས་ཀྱིས་འཚོ་བའི་གད་སྙིགས་ཁྱེར་ཏེ། གཏན་འཁེལ་གྱི་གད་སྙིགས་ཕྱིར་བསྡུ་ས་རུ་འཕེན་བཞིན་ཡོད།

གསར་འགོད་པར་འགྲོ་རོགས་བྱེད་པའི་ཧ་ཤུལ་ཞང་གི་ཏང་ཨུའི་ཧྲུའུ་ཅི་དབྱང་ཡུང་ཧའེ་ཡིས་བཤད་པ་ལྟར་ན།“ཧ་ཤུལ་ཞང་ནི་ཡུས་ཧྲུའུ་གྲོང་ཁྱེར་གྱི་ཞང་གྲོང་ཆེས་ཆུང་བ་དེ་ཡིན་ཞིང་། ཞང་ཡོངས་སུ་ཁྱིམ་ཚང་སྟོང་གཅིག་ལྔ་བརྒྱ་ཉེར་གཅིག་དང་། མི་གྲངས་སྟོང་ལྔ་དང་ཉིས་བརྒྱ་གྱ་ལྔ་ལས་མེད་ཀྱང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་བརྟན་པོ་ཆགས་ཡོད། ལོ་ངོ་མང་པོའི་སྔོན་ལ། ཧ་ཤུལ་ཞང་གཡང་ཐར་སྡེ་བའི་འབྲོག་པ་མང་ཚོགས་ཀྱིས་རང་འགུལ་སྒོས་ཁོར་ཡུག་སྲུང་སྐྱོབ་ཚན་ཆུང་བཙུགས་ཏེ། ཟླ་བ་རེ་རེའི་ཆེས་མཐའ་མཇུག་གི་ཉིན་མོ་དེ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཉིན་མོར་གཏན་འཁེལ་བྱས་ཤིང་། རི་མགོར་འགོས་ཏེ་གད་སྙིགས་བཏུ་བ་དང་ཡང་ན་རི་སྐྱེས་སྲོག་ཆགས་ལ་སྐོར་སྲུང་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དྲིལ་སྒྲོག་བྱེད་བཞིན་ཡོད། དེང་སྐབས། ཧ་ཤུལ་ཞང་ནི་དམངས་ཡོངས་སྐྱེ་ཁམས་བདག་སྐྱོང་པར་གྱུར་བའི་ཁོར་སྲུང་གི་ཞང་གྲོང་ཞིག་ཏུ་གྱུར་ཡོད”ཅེས་བཤད་སྐབས། ཁོའི་གདོང་ལ་དགའ་བའི་འཛུམ་མདངས་རྒྱས་འདུག

ཉིན་གུང་དུ་སླེབས་ལ་ཉེ་དུས། ང་ཚོ་གཡང་ཐར་སྡེ་བའི་ཧྲེ་གསུམ་པ་རུ་འབྱོར། ཉེ་འགྲམ་དུ་འབྲི་ཆུ་བཞུར་བཞིན་ཡོད་ལ། བྱ་གག་གྲགས་ཤིང་ལྗོན་ཤིང་གི་ཡལ་འདབ་མཉེན་ལྕུག་ལྡན་ལ། ཆུ་བོ་དྭངས་ཤིང་གཙང་།

གཡང་ཐར་སྡེ་བའི་རུ་ཁག་གསུམ་པའི་རུ་གཙོ་རྟ་མགྲིན་དབང་འདུས་ཀྱིས་སྡེ་མི་རྣམས་རྩ་འཛུགས་བྱས་ཏེ་ཁོར་ཡུག་གད་བདར་བྱེད་པར་བྲེལ་བཞིན་ཡོད། “ངེད་ཚང་ལ་ནོར་བཞི་བཅུ་ཡོད་པ་དང་། 2014ལོར། ནོར་གྱིས་གློ་བུར་དུ་རྩྭ་མི་བཟའ་བར། ཉིན་རེར་ཤ་ཤེད་ཇེ་ཞན་དུ་གྱུར། ནོར་ཤི་རྗེས། ངས་ཁོག་པ་བཤགས་ཏེ་ལྟ་སྐབས། ནོར་གྱི་གྲོད་པུའི་ནང་འཚོ་བའི་གད་སྙིགས་ཀྱིས་གང་འདུག ནོར་ནི་གད་སྙིགས་ལ་རྐྱེན་བྱས་ཏེ་ཤི་བ་ཡིན་སྟབས། ངས་རུ་ཁག་ནང་གི་མི་རྣམས་རྩ་འཛུགས་བྱས་ཏེ་དུས་ལྟར་གད་སྙིགས་བཏུས་ཤིང་གཅིག་སྡུད་ཀྱིས་མེད་པར་བཏང་བ་ཡིན། ད་ལྟ་ང་ཚོའི་འཚོ་བའི་ཁོར་ཡུག་ཇེ་བཟང་ནས་ཇེ་བཟང་དུ་གྱུར། རྨི་ལམ་དུའང་རྨིས་མ་མྱོང་བའི་འཚོ་བ་སྐྱིད་པོ་ཞིག་རོལ་བས། ང་ཚོའི་རང་གི་ཁྱིམ་གཞིས་ཇེ་གཙང་ནས་ཇེ་གཙང་དང་མཛེས་སྡུག་ལྡན་པར་གྱུར་ལ། འབྲི་ཆུ་ཇེ་དྭངས་ནས་ཇེ་དྭངས་ཡིན་པར་སྲུང་སྐྱོབ་བྱེད་དགོས།”

དུས་དེ་ནས་བཟུང་། གཡང་ཐར་སྡེ་བའི་ཁྱིམ་ཚང་བཞི་བརྒྱ་བཅུ་བདུན་དང་མི་གྲངས་སྟོང་གཅིག་དང་ལྔ་བརྒྱ་རང་འགུལ་གྱིས་ཁོར་སྲུང་ཚན་ཆུང་ཁྲོད་ཞུགས་ཏེ། ཧུར་ཐག་སྒོས་ཁོར་ཡུག་འཕྲོད་བསྟེན་དྲིལ་སྒྲོག་བྱས་པ་དང་། ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་ཆེན་མོ་སྒྲིག་འཛུགས་བྱས་ཤིང་། ཟླ་རེའི་ཟླ་མཇུག་ཏུ་རི་ལ་སྐོར་ཞིབ་དང་ཆུ་ལ་སྐོར་ཞིབ་ཀྱིས་གད་སྙིགས་བཏུས། བྱེད་སྟངས་དེས་རིམ་བཞིན་ཞང་ཡོངས་དང་ཐ་ན་ཡུས་ཧྲུའུ་གྲོང་ཁྱེར་ཡོངས་ཀྱི་མང་ཚོགས་ལ་ཤུགས་རྐྱེན་ཐེབས།

ཁོར་ཡུག་ལ་གཅེས་སྐྱོང་བྱ་རྒྱུ་དེ་ནི་ས་དེའི་འབྲོག་པ་མང་ཚོགས་ཀྱི་ཐུན་མོང་གི་ངོས་འཛིན་དུ་གྱུར། དེའི་རྗེས་ནས་ལོ་རེ་རེར་དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་ཚིགས་མཇུག་བསྒྲིལ་རྗེས། ཞང་ཡོངས་ཀྱི་འབྲོག་དམངས་རྣམས་ཀྱིས་རང་འགུལ་ངང་འཚོ་བའི་གད་སྙིགས་ཕྱིར་ཁྱེར་ནས་ཡོང་།

སྐྱེ་ཁམས་བདག་སྐྱོང་པར་མཚོན་ནས་བཤད་ན། ཧ་ཤུལ་ཞང་ཡོངས་སུ་སྐྱེ་ཁམས་བདག་སྐྱོང་གི་གླ་ཆ་ལོངས་སྤྱོད་ཐུབ་མཁན་མི་བརྒྱ་དང་ཞེ་གཅིག་ལས་མེད་ཀྱང་། འོན་ཀྱང་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྐྱོང་བྱ་རྒྱུ་དེ་ཀུན་གྱི་ཐུན་མོང་ངོས་ཟིན་དུ་གྱུར་ཡོད་ལ། ང་དང་ཁྱོད་ཀྱི་དབྱེ་བ་མེད་ལ། གླ་ཆ་ཁོ་ན་ཞིབ་རྩིས་མི་རྒྱག་པར་ཐུན་མོང་གིས་ཡངས་ཤིང་མཛེས་པའི་ས་གཞི་འདི་སྲུང་སྐྱོབ་བྱས།

“ཧ་ཤུལ་ཞང་གི་འབྲོག་པ་མང་ཚོགས་ལ་གནའ་ནས་བཟུང་རང་བྱུང་ལ་གུས་བཀུར་དང་ཚེ་སྲོག་ལ་བརྩི་བཀུར་བྱེད་པའི་བསམ་པ་ཡོད་ལ། ས་གཞི་འདི་རུ་མི་རབས་ནས་མི་རབས་ཀྱིས་འཚོ་བ་རོལ། ‘སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས’ཀྱི་འཐབ་ཇུས་དང་སྲོལ་རྒྱུན་རིག་གནས་ལ་དམིགས་ཏེ་ཁྲིད་སྟོན་བྱས་པས། ཁོ་ཚོའི་སེམས་ཁོང་གི་ཁོར་སྲུང་ས་བོན་ལ་མྱུ་གུ་འབུས་སུ་བཅུག” དེང་སྐབས། ང་ཚོས་ཏང་ཡོན་དང་སྡེ་བའི‘ཨུ་ཡོན་ལྷན་ཁང་གཉིས’ཀྱིས་སྣེ་ཁྲིད་དེ་བཙུགས་པའི་ཁོར་ཡུག་དོ་དམ་ལས་རོགས་པ་དང་། འབྲོག་དམངས་ཀྱིས་རང་གིས་མ་དངུལ་བསྡུ་རུབ་བྱེད་པ། དེ་མིན་མ་གནས་དམའ་བའི་སྲུང་སྐྱོབ་བྱེད་ཐབས་བཅས་ལ་བརྟེན་ནས། ཞང་ཡོངས་སུ་དམངས་ཡོངས་ཟབ་ཞུགས་བྱེད་པ་དང་ཡུན་རིང་ལ་མཚམས་མི་འཇོག་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དམག་འཐབ་ཅིག་སྤེལ་བཞིན་ཡོད”ཅེས་དབྱང་ཡུང་ཧའེ་ཡིས་དེ་ལྟར་ངོ་སྤྲོད་བྱས།

ཧ་ཤུལ་ཞང་དུ། སྔ་མོ་ནས་ཕྱུགས་རྫི་གཞོན་ནུའི་གཟུགས་བརྙན་མཐོང་མི་ཐུབ་ལ། མཐོང་ཐུབ་པ་དག་ལ་ང་ཚོས་སྐྱེ་ཁམས་བདག་སྐྱོང་པ་ཞེས་བོས་ཆོག སེམས་ཞིབ་མོས་མཉམ་བཞག་ན། རྩྭ་ཐང་ཀུན་ཏུ་གཟུགས་བརྙན་གསལ་ལ་མི་གསལ་བའི་མི་དག་གིས་ཡང་དང་ཡང་དུ་ལུས་པོ་མར་བསྒུར་ཏེ་ཅི་ཞིག་འཐུ་བཞིན་ཡོད་ཅིང་། བཏུས་པའི་རྗེས་སུ་རིམ་གྱིས་རི་བོའི་ཕ་རོལ་ཏུ་ཡལ་འགྲོ། བལྟས་ཚོད་ལ་སྟབས་བདེ་བའི་བྱེད་སྟངས་དེ་ཡི་རྗེས་སུ། གད་སྙིགས་མཐོང་རྒྱུ་མེད་པ་དང་། ཆུ་འགྲམ་དྭངས་གཙང་དུ་གྱུར་ཞིང་། སྡེ་བའི་རྣམ་པ་ལེགས་བསྒྱུར་དང་སྡེ་སྲོལ་ཡང་གསར་པ་ཞིག་ཏུ་གྱུར། འབྲོག་པ་མང་ཚོགས་ཀྱི་ཁོར་སྲུང་འདུ་ཤེས་མུ་མཐུད་དུ་ཇེ་དྲག་ཏུ་གྱུར།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།