དབུལ་ཐར་ལམ་བུའི་སྟེང་གི་ཆེས་མཛེས་པའི་བཟའ་ཟླ་གཉིས།
2020.10.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

དབྱར་དུས་ཀྱི་མདོ་ལ་རིང་མོའི་རྩྭ་ཐང་སྔོ་ལྗང་ལྗང་དུ་གྱུར་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད་པས་དེ་ནི་རྩྭ་ཐང་གི་ཆེས་མཛེས་པའི་དུས་ཚིགས་ཤིག་རེད། བོད་རིགས་ཕོ་རྒོད་ཞིག་དང་ཁོའི་ཆུང་མའི་གཏམ་རྒྱུད་དེ་ཡངས་ཤིང་རྒྱ་ཆེ་བའི་མདོ་ལ་རྩྭ་ཐང་དུ་ཁྱབ་ཅིང་། ཁོང་གཉིས་ཀྱིས་རང་ཉིད་ཀྱི་བརྩེ་སེམས་ངོ་མ་དང་འབད་བརྩོན་ལ་བརྟེན་ནས་དཀའ་སྡུག་མཉམ་མྱོང་བྱེད་བཞིན་ཡོད་ཅིང་། གནད་འཁེལ་དབུལ་སྐྱོར་སྲིད་ཇུས་ཀྱི་རོགས་སྐྱོར་འོག་བཟའ་ཟླ་དེ་གཉིས་བློ་སྤོབས་ཆེ་བའི་ཕྱུག་འགྱུར་གྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།

ཟླ་དྲུག་པའི་ཚེས་བཅོ་བརྒྱད་ཉིན། གསར་འགོད་པ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་རྫ་དམར་ཡུལ་ཚོ་ཧི་ཏུང་སྡེ་བ་རུ་ཆོས་གྲགས་རྒྱ་མཚོར་འཕྲད།

“ནང་དུ་ཤོག ནང་དུ་ཤོག”ཅེས་ཆོས་གྲགས་རྒྱ་མཚོས་ཕྱོགས་གཅིག་ནས་དགའ་སྤྲོའི་ངང་ང་ཚོ་ཁང་བའི་ནང་བསུས་པ་དང་། ཕྱོགས་གཞན་ཞིག་ནས་ལག་པ་གཉིས་ཀྱིས་རྐུབ་སྟེགས་འཁོར་ལོ་ཕྱོགས་གཞན་ཞིག་ཏུ་སྤོ་བཞིན་འདུག སྐད་ཆ་བཤད་སྐབས་གསར་འགོད་པས་མིག་མདུན་གྱི་བོད་རིགས་ཕོ་གསར་དེར་ཞིབ་ལྟ་ཞིག་བྱས་པ་ན། ཁོང་ནི་འབྲོག་པ་མང་ཆེ་བ་དང་འདྲ་བར་ཤ་མདོག་ནག་ཅིང་། བརྗིད་ཉམས་ཆེ་བ་དང་། བབ་ཆགས་པའི་འཛུམ་མདངས་ལས་འབྲོག་པ་ཁོ་ནར་ཡོད་པའི་གཞུང་དྲང་བབ་ཆགས་དང་བྱམས་སེམས་ལྡན་པ་ཞིག་ཡིན་པ་ཤེས་ཐུབ། རྐུབ་སྟེགས་འཁོར་ལོ་སྤོ་དགོས་ལ་ལས་ཀ་ཡང་ལས་དགོས་པས་ཆོས་གྲགས་རྒྱ་མཚོའི་ལག་གཉིས་ལ་སེར་ཁ་མང་པོ་གས་ཡོད་པ་ལས་ཁོང་གིས་དཀའ་སྡུག་མང་པོ་མྱངས་ཡོད་པ་རྟོགས་ཐུབ།

སྒེའུ་ཁུང་གི་སྟེགས་བུའི་སྟེང་དུ་མེ་ཏོག་འགས་བཀྲག་མདངས་མངོན་བཞིན་བཞད་འདུག ཉི་འོད་ཀྱིས་དྲོད་སྐྱིད་ལྡན་པའི་ཁྱིམ་གཞི་འདི་གསལ་བར་བྱས་འདུག ཁང་པའི་ནང་གྲལ་དག་ལ། ཆ་སྒམ་ཐོག་གཟི་བརྗིད་ཀྱི་དཔང་ཡིག་སྣ་ཚོགས་བཤམས་འདུག འགྲུལ་ཁང་གི་གྱང་ངོས་སུ“གནད་འཁེལ་དབུལ་སྐྱོར་དངོས་གནས་བཟང་། ཏང་གི་བཀའ་དྲིན་བརྗོད་མི་ཚར་བའི”ཞེས་པའི་སྦྱར་བྱང་ཞིག་བཀལ་འདུག་པ་དང་། དེ་ནི་ཉི་འོད་འོག་ཏུ་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཏུ་སྣང་འདུག སྦྱར་ཡིག་དེ་འབྲི་བའི་ཐོག་མའི་བསམ་འདུན་སྐོར་གླེང་སྐབས་ཆོས་གྲགས་རྒྱ་མཚོར་བཤད་མི་ཚར་བའི་ཚོར་སྣང་ཟབ་མོ་བྱུང་ཡོད། 2003ལོའི་ཡར་སྔོན་དུ། ངེད་ཚང་གི་ཁྱིམ་མི་བཞི་བོའི་འཚོ་བ་ཧ་ཅང་དབུལ་ཡང་དྲོད་སྐྱིད་ལྡན་པ་ཞིག་ཡིན། ཡིན་ཡང་། མི་འདོད་རྐྱེན་ངན་ཞིག་ཁོའི་མགོ་ཐོག་ཏུ་ལྷུང་། 2003ལོའི་ཟླ5པར་ཆོས་གྲགས་རྒྱ་མཚོ་ལ་གཅོང་ནད་རང་བཞིན་གྱི་ཀླད་སྐྱིའི་གཉན་ཚད་བྱུང་། ཕྱིས་སུ་རྐང་པ་ཞ་བོར་གྱུར་བ་དང་། དུས་དེ་ནས་བཟུང་ཁོ་རང་རྐུབ་སྟེགས་འཁོར་ལོ་ཅན་ལ་འདུག་དགོས་བྱུང་། ཁོ་རང་ག་ས་གང་དུ་སོང་ནས་སྨན་པར་བསྟན་པ་དང་། ཁྱིམ་གྱི་ལུག་ཉིས་བརྒྱ་བོ་ཚང་མ་བཙོངས་ནས་དེའི་རིན་པ་སྒོར་མོ་ཁྲི་བཞི་ལྷག་ཡོད་པ་ཚང་མ་སྨན་རིན་དུ་བཀོལ་བར་མ་ཟད། ད་དུང་གཞན་ལ་སྒོར་མོ་མང་པོ་ཞིག་བསྐྱིས་ཤིང་། སྨན་རིན་མཐོན་པོ་དེས་སྐབས་དེར་མ་གཞི་ནས་འཚོ་བ་དེ་འདྲ་བཟང་རྒྱུ་མེད་པའི་ཁྱིམ་ཚང་འདི་ལ་དཀའ་ངལ་ཆེན་པོ་ཞིག་སྤྲད།

ཆོས་གྲགས་རྒྱ་མཚོས་ཕྱིར་དྲན་བྱས་ནས་བཤད་རྒྱུར། སྔོན་ཆད་ང་ཚོ་བཟའ་མི་གང་བོ་བརྡིབས་ཉེན་ཆེ་བའི་ས་ཁང་ཞིག་ཏུ་བསྡད་ཡོད་པ་དང་། ཆར་འབབ་དུས་ཁྱིམ་གྱི་གང་ས་གང་དུ་ཐིགས་ཆུ་འཛར་བཞིན་ཡོད་ལ། ཁང་བའི་ནང་འདམ་གྱིས་བཀང་ཡོད་པས་དཀའ་སྡུག་དེ་བརྗོད་ལས་འདས་པ་ཞིག་རེད་ཟེར། སྐབས་དེ་དུས་ང་ཚོ་ཆེས་སྐྲག་པ་ནི་ཆར་བ་འབབ་པ་དེ་རེད། ཆོས་གྲགས་རྒྱ་མཚོས“མི་ཚེ་འདིར་གསོན་ཐུབ་ཚེ། འཚོ་བ་བདེ་སྐྱིད་ལྡན་པར་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད”ཟེར།

2015ལོའི་ལོ་མཇུག་ཏུ་ཆོས་གྲགས་རྒྱ་མཚོ་ནི་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོར་གཏན་འཁེལ་བྱས་པ་མ་ཟད། མ་མཐའི་འཚོ་བའི་འགན་སྲུང་སྲིད་ཇུས་ལོངས་སུ་སྤྱོད་ཐུབ་པ་བྱུང་བ་དང་། བཟའ་ཟླ་ཆོས་སྐྱིད་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་ཐོག་བཀོད་སྒྲིག་བྱས་ཤིང་། བུ་ཆུང་སྐྱེ་ཁམས་ནགས་སྲུང་བར་གྱུར་ཅིང་། དབུལ་སྐྱོར་བྱ་དགའི་མ་དངུལ་དང་དབུལ་སྐྱོར་ཁྱིམ་ཐོན་མ་དངུལ་སྔ་རྗེས་སུ་འབྲེལ་ཡོད་ཁེ་ལས་ལ་བཏང་ནས་ལོ་མཇུག་ཏུ་ཡོང་སྒོ་ཡང་བགོས་བྱུང་། དུས་མཚུངས་སུ་དབུལ་སྐྱོར་སྨན་བཅོས་འགན་སྲུང་སྲིད་ཇུས་ལ་བརྟེན་ནས་ཆོས་གྲགས་རྒྱ་མཚོའི་སྨན་བཅོས་འགྲོ་གྲོན་མང་ཆེ་བ་རྩིས་ཞུ་བྱས་པས་སྨན་རིན་གྱི་ཁུར་པོ་ཇེ་ཡང་དུ་བཏང་། དབུལ་ཐར་མཁྲེགས་གཏོར་ཐོན་ལས་ཀྱི་བྱ་དགའི་ཁ་གསབ་དང་། སྨན་བཅོས་སྲིད་ཇུས། སློབ་གསོའི་རོགས་སྐྱོར་སོགས་རོགས་སྐྱོར་སྲིད་ཇུས་རབ་དང་རིམ་པ་དང་། ད་དུང་ཆོས་གྲགས་རྒྱ་མཚོ་བཟའ་ཟླ་གཉིས་ཀྱིས་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས2017ལོའི་ལོ་མཇུག་ཏུ་ཁོ་ཚང་གི་ཡོང་སྒོ་སྒོར་མོ་འབུམ་གཅིག་དང་ཁྲི་གསུམ་ལྷག་ལ་སླེབས་ནས་དབུལ་ཐར་བྱེད་ཐུབ་པ་བྱུང་ཡོད།

ཆོས་གྲགས་རྒྱ་མཚོས་ཕྱིར་དྲན་བྱས་ནས་བཤད་རྒྱུར། སྐབས་དེར་བྱིས་པ་གཉིས་ལོ་ན་ཆུང་བས། མི་གཞན་གྱིས་ངེད་ཚང་ལ་དོན་དག་དེ་འདྲ་བྱུང་བས་ཆུང་མ་ཆོས་སྐྱིད་ཁྱིམ་ཚང་འདི་དང་ཁ་འབྲལ་བར་བསམ་མོད། ཡིན་ནའང་། གློ་བུར་དུ་བྱུང་བའི་དོན་རྐྱེན་འདི་ལ་མོ་རང་སྐྲག་སྣང་མ་སྐྱེས་པར་རྒྱུན་ལྡན་གྱི་མིས་ཐེག་དཀའ་བའི་དཀའ་ངལ་ཁྱད་དུ་བསད་དེ། ཞ་བོར་གྱུར་བའི་ཁྱོ་ག་དང་ཁྱིམ་ཚང་གི་འཚོ་བའི་འགན་ལྗིད་མོ་ཁོ་མོའི་ཕྲག་སྟེང་ལ་བླངས་ཏེ། ཁྱིམ་ཚང་འདིའི“གདུང་འདེགས་ཀ་བ་”ལྟ་བུར་གྱུར། “ང་ཚོ་ནི་བཟའ་ཟླ་ཡིན་པས་ངས་ཁོར་གཉོར་སྐྱོང་བྱེད་པ་ནི་འོས་ཤིང་འཚམ་པ་ཞིག་རེད” ཅེས་ཆོས་སྐྱིད་ཀྱིས་བཤད་པའི་སྐད་ཆ་དེས་ཁྱོ་གར་སེམས་འགུལ་ཐེབས་སུ་བཅུག མི་དབུལ་ཡང་ཕུགས་འདུན་མེད་མི་རུང་། ཁྱོ་ག་དང་བྱིས་པའི་ཆེད་དུ་ཆོས་སྐྱིད་ནམ་རྒྱུན་ནང་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ་སྐྱེས་པ་ཚོ་དང་འདྲ་བར་ལས་ཀ་ལྗིད་མོ་ལས་ཀྱིན་ཡོད།

ཉེ་འགྲམ་གྱི་ཁྱིམ་མཚེས་རྣམས་ཀྱིས་ཆོས་སྐྱིད་ལ་མཐེ་བོང་བསྒྲེངས་ནས་མོ་ནི་ཆུང་མ་བཟང་མོ་ཞིག་རེད་ཅེས་བསྟོད་པ་བྱས། “མི་ཡོད་ཚེ་ད་གཟོད་ཁྱིམ་གཞི་ཡོད་པ་ཡིན” དེ་ནི་ཆོས་སྐྱིད་ཀྱིས་རྒྱུན་དུ་བཤད་པའི་སྐད་ཆ་ཞིག་རེད། ལོ་ངོ་བཅུ་དྲུག་རིང་ལ་ཁོ་མོས་དེ་ལྟར་ཁྱིམ་ཚང་འདི་བསྐྱངས་ནས་ཡོང་བ་རེད།

“ཡུལ་མི་ཚོས་ཆོས་གྲགས་རྒྱ་མཚོ་བཟའ་ཟླ་གཉིས་ལ་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད། ཁོ་གཉིས་ནི་ང་ཚོ་སྡེ་བར་ཡུལ་སྲོལ་དཔལ་ཡོན་འཛུགས་སྐྲུན་བྱེད་མཁན་གྱི་དཔེ་མཚོན་ཡིན་ལ། དབུལ་ཐར་མཁྲེགས་གཏོར་གྱི་ལམ་བུའི་སྟེང་གི་དཔེ་མཚོན་ཞིག་ཀྱང་ཡིན་པ་རེད” ཅེས་ཧི་ཏུང་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀོ་ཧྲིག་ཡོན་གྱིས་དེ་ལྟར་བཤད།

ཆོས་གྲགས་རྒྱ་མཚོར་ཡིད་ཕམ་པའི་དོན་དག་ཅིག་ཡོད་པ་དེ་ནི་རང་ཉིད་ལ་སློབ་ཆུང་གི་རིག་གནས་ཆུ་ཚད་ལས་མེད་པ་དེ་རེད། “ང་ལ་རིག་གནས་མེད་པས་གྱོང་རེག་ཡོད”ཅེས་བཤད། དེ་བས་ཆོས་གྲགས་རྒྱ་མཚོས་བྱིས་པའི་སློབ་གསོར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། བྱིས་པར་གཞན་གྱི་བཀའ་དྲིན་ཤེས་པ་དང་། ཏང་དང་སྲིད་གཞུང་གི་བཀའ་དྲིན་ཤེས་པར་བྱས་ཏེ། སློབ་སྦྱོང་ལ་འབད་བརྩོན་བྱས་ནས་མ་འོངས་པར་སྦྱངས་འབྲས་འབུར་དུ་ཐོན་པ་ཞིག་ལེན་དགོས་པའི་སློབ་གསོ་གཏོང་བཞིན་ཡོད།

ལོ་ངོ་མང་པོའི་རིང་ལ། བྱིས་པ་ཚོས་རྒྱལ་ཁབ་ཀྱི“གཉིས་མེད་གཅིག་གསབ”ཀྱི་རོགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་བཞིན་ཡོད་པས། དོན་དངོས་ཐོག་རོགས་སྐྱོར་ཐོབ་ཡོད་པ་རེད། ཆོས་གྲགས་རྒྱ་མཚོས་དཀའ་ངལ་ཅི་ཙམ་ཆེ་ཡང་བྱིས་པ་སློབ་གྲྭར་བསྐྱོད་པར་འགོར་འགྱངས་གཏན་ནས་བྱེད་མི་རུང་། བྱིས་པ་སློབ་སྦྱོང་ལ་བཟང་ན། ངེད་གཉིས་ཀྱིས་དཀའ་སྡུག་ཇི་ཙམ་མྱངས་དགོས་ཀྱང་འགྱོད་པ་མེད་ཅེས་བཤད་བཞིན་ཡོད། དེ་ལྟར་བཤད་ཀྱིན་བཤད་ཀྱིན་ཆོས་གྲགས་རྒྱ་མཚོས་བུ་མོར་སློབ་ཆེན་ནས་ཐོབ་པའི་བྱ་དགའི་རྟགས་མ་དང་གཟི་བརྗིད་དཔང་ཡིག་མང་པོ་འཁྱེར་ཡོང་ནས་ང་ཚོར་བསྟན་པ་དང་གདོང་ཡོངས་ལ་དགའ་བའི་འཛུམ་གྱིས་ཁེངས་འདུག

“སེམས་གཏིང་གི་སྐད་ཆ་ཞིག་བཤད་ན། ང་ལ་འགྲོ་ས་འདུག་ས་མེད་པའི་སྐབས་སུ་ཏང་དང་སྲིད་གཞུང་གིས་ང་ལ་རོགས་རམ་བྱས། ད་ལྟའི་བདེ་སྐྱིད་ཀྱི་འཚོ་བ་འདི་ནི་ཏང་དང་སྲིད་གཞུང་གིས་ང་ལ་གནང་བ་ཡིན་པས། ཏང་གི་བཀའ་དྲིན་ནམ་ཡང་བརྗེད་མི་སྲིད”ཅེས་བཤད་ཞོར་ཆོས་གྲགས་རྒྱ་མཚོའི་མིག་མཐར་མཆི་མ་འཁོར་འདུག

ཆོས་གྲགས་རྒྱ་མཚོས་བཤད་རྒྱུར། ཏང་གི་གནད་འཁེལ་དབུལ་སྐྱོར་སྲིད་ཇུས་ལ་བརྟེན་ནས་ཧི་ཏུང་སྡེ་བའི་ཁྱིམ་ཚང་དབུལ་པོ་ཚང་མ་དབུལ་ཐར་བྱུང་ནས་ད་ལྟ་ཁྱིམ་ཚང་ཚང་མའི་འཚོ་བ་གཅིག་ལས་གཅིག་བཟང་རེད་ཅེས་བཤད།

ད་ལྟ་ང་ཚོར་ཁ་ལ་ཟས་ཞིམ་པོ་ཟ་རྒྱུ་ཡོད་པ་དང་། སྡོད་ཁང་སྐྱིད་པོ་ཡིན་པར་མ་ཟད། ད་དུང་སྡོད་ཁང་ནང་དུ་དྲོད་རླངས་འཐེན་ཡོད་པ་དང་། རང་འབབ་ཆུ་ཐབ་མགོར་འཐེན་ཡོད་ལ། བྱེ་ཟེགས་ཀྱི་ལམ་ཡང་སྒོ་ཁར་འཐེན་ཡོད་པས། འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་སྐྱིད་རེད། ད་ལྟ་ང་ཚོ་བཟའ་མི་གང་བོས་ཟླ་ཕོགས་ལེན་བཞིན་ཡོད་ཅེས་ཆོས་གྲགས་རྒྱ་མཚོ་དང་ཆོས་སྐྱིད་གཉིས་ཀྱིས་སེམས་ནང་གི་དགའ་སྤྲོ་གནོན་མ་ཐུབ་པར་དེ་ལྟར་བཤད་བྱུང་།

ལོ་ཙཱ། ཚེ་རིང་སྒྲོལ་མ།