སྤྱི་ཚོགས་ཡོངས་སུ་ཆུད་ཟོས་ནི་ངོ་ཚ་དང་གྲོན་ཆུང་ནི་གཟི་བརྗིད་ཡིན་པའི་ཁོར་ཡུག་བཟང་པོ་བསྐྲུན་དགོས།
2020.10.28 ཁུངས། མི་དམངས་དྲ་བ། ཀློག་གྲངས། 38

 གྲོན་ཆུང་ལག་ལེན་ནན་ཏན་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་རྒྱུ་དེ་དམངས་ཡོངས་ལ་འབྲེལ་བ་ཡོད་པར་མ་ཟད་ཚང་མའི་འགན་འཁྲིའང་ཡིན། ཉེ་ལམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟས་རིགས་ཆུད་ཟོས་གཏོང་བའི་བྱ་སྤྱོད་བཀག་འགོག་བྱེད་པའི་ཐད་མཛུབ་སྟོན་གལ་ཆེན་གནང་ནས། དྲིལ་བསྒྲགས་སློབ་གསོར་སྔར་ལས་ཤུགས་སྣོན་པ་དང་གྲོན་ཆུང་གི་གོམས་སྲོལ་ལེགས་པོ་ཆགས་པར་བྱས་ཏེ། སྤྱི་ཚོགས་ཡོངས་སུ་ཆུད་ཟོས་ནི་ངོ་ཚ་དང་གྲོན་ཆུང་ནི་གཟི་བརྗིད་ཡིན་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་པ་ནན་གྱིས་བསྟན་ཡོད།

“གྲོན་ཆུང་བྱས་ན་གཅུན་སྡོམ་ཐུབ། གཅུན་སྡོམ་ཡོད་ན་བྱ་གཞག་དར། རྒྱས་སྤྲོས་བྱས་ན་ཁྲིམས་མེད་ལུགས་མེད་དུ་གྱུར། ཁྲིམས་མེད་ལུགས་མེད་བྱས་ན་བྱ་ངན་མཐའ་དག་གང་སར་ཁྱབ”ཅེས་པ་ལྟར། ཆུད་ཟོས་གཏོང་བའི་བྱ་སྤྱོད་ལ“ཞོར་ཐོན་ནུས་པ”ལྡན་ནས། སྤྱི་ཚོགས་ཀྱི་ཐོན་ཁུངས་ལ་བསླད་སྐྱོན་གཏོང་བ་དང་སྤྱི་པའི་ཁེ་ཕན་ལ་གནོད་འཚེ་བཟོ་བར་ངེས་པར་དུ་ངོས་འཛིན་གང་ལེགས་བྱ་དགོས། རྒྱས་སྤྲོས་ཆུད་ཟོས་གཏོང་བའི་བྱ་སྤྱོད་ནི་རང་རྒྱལ་གྱི་གཞི་རྩའི་རྒྱལ་བབ་དང་བྲལ་བ་དང་། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་རྒྱབ་འགལ། སྤྱི་ཚོགས་ཀྱི་གོམས་སྲོལ་ཉམས་པ་བཅས་རེད། བསྲི་ཚགས་གྲོན་ཆུང་ནི་མི་སྒེར་གྱི་སྤྱོད་ལམ་ཞིག་ཡིན་ལ། སྤྱི་ཚོགས་ཀྱི་ཀུན་སྤྱོད་ཅིག་དེ་བས་ཡིན། གྲོན་ཆུང་བསྲི་ཚགས་ནི་སྲོལ་རྒྱུན་གྱི་ཀུན་སྤྱོད་བཟང་པོ་ཞིག་དང་རིན་ཐང་བྲལ་བའི་དོན་གཉེར་ཞིག་ཡིན་པའི་ཆ་ནས། རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་ངོས་ཐད་ཡིན་ནའང་འདྲ། ཡང་ན་མི་སྒེར་གྱི་ངོས་ཐད་གང་ཞིག་ཡིན་རུང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ནང་ལྡན་དགོས་པའི་ནང་དོན་ཞིག་ཡིན། ས་ཁུལ་ཁ་ཤས་སུ་ཟས་རིགས་ཆུད་ཟོས་གཏོང་བའི་བྱ་སྤྱོད་སྔར་བཞིན་གནས་ཡོད་པར་དམིགས་ནས། ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱག་པ་དང་། ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། བྱ་ཐབས་ནུས་ལྡན་སྤྱོད་པ། ཡུན་ཕན་རྐྱེན་སྲོལ་འཛུགས་པ་བཅས་བྱས་ནས་ཟས་རིགས་ཆུད་ཟོས་གཏོང་བའི་བྱ་སྤྱོད་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་དང་ཆབས་ཅིག ཀྲུང་ཧྭ་མི་རིགས་ཀྱི་བརྩོན་བསྲི་གྲོན་ཆུང་གི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་གཏོང་བ་དང་།  ཆུད་ཟོས་ནི་ངོ་ཚ་དང་གྲོན་ཆུང་ནི་གཟི་བརྗིད་ཡིན་པའི་བསམ་བློའི་འདུ་ཤེས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཚེ། གཞི་ནས་རྩ་ལག་མཉམ་བཅོས་དང་བཀའ་བཟང་གསོས་སུ་སྨིན་ནས། བརྩོན་བསྲི་གྲོན་ཆུང་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་རྒྱུ་དེ་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་ངོས་འཛིན་དང་བྱ་སྤྱོད་ཅིག་ཏུ་འགྱུར་ཐུབ་ངེས་ཡིན།

སྤྱི་ཚོགས་ཡོངས་སུ་ཆུད་ཟོས་ནི་ངོ་ཚ་དང་གྲོན་ཆུང་ནི་གཟི་བརྗིད་ཡིན་པའི་ཁོར་ཡུག་ཅིག་བསྐྲུན་པར། གྲོན་ཆུང་བསྲི་ཚགས་བྱེད་པའི་གོམས་གཤིས་ལེགས་པོ་ཆགས་པར་བྱེད་དགོས། “ཟས་གོས་ཚང་མ་ལས་སླ་པོར་བྱུང་བ་ཞིག་མ་ཡིན་པས། རྟག་ཏུ་ལྡབ་འགྱུར་གྱིས་གཅེས་སྤྲས་བྱེད་དགོས”དེང་གི་དུས་སུ། དངོས་ཟོག་ཉིན་རེར་སྣ་ཁ་འཛོམས་པ་དང་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ནས། མི་རྣམས་ཀྱི་འཚོ་བའི་ཆུ་ཚད་རིམ་གྱིས་ཇེ་མཐོར་སོང་མོད། འོན་ཀྱང་བརྩོན་བསྲི་གྲོན་ཆུང་བྱེད་རྒྱུ་ནི་ང་ཚོའི་ཁྱིམ་བརྒྱུད་ཀྱི་ནོར་བུ་ལྟ་བུ་ཡིན་པས། དུས་ནམ་ཡང་འདོར་མི་རུང་། ལྷག་པར་དུ“ བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འདྲེས་མཚམས་སུ། གྲོན་ཆུང་གི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་། གྲོན་ཆུང་གི་གོམས་གཤིས་ཆགས་པར་བྱེད་རྒྱུར་དོན་སྙིང་གལ་ཆེན་ལྡན། གྲོན་ཆུང་ལག་ལེན་ནན་ཏན་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པ་ནི་མི་རིགས་གཅིག་གི་གཞི་རྩའི་དེང་རབས་དཔལ་ཡོན་གྱི་བྱང་ཚད་ཅིག་ཡིན་མོད། འོན་ཀྱང་གྲོན་ཆུང་བྱེད་རྒྱུ་དེ་ཞིབ་ཕྲའི་བྱ་སྤྱོད་ཅིག་ཏུ་འགྱུར་བར་བྱས་ཚེ། གཞི་ནས་སྤྱི་ཚོགས་དཔལ་ཡོན་གྱི་ཚད་གཞི་གསར་པ་གཏོད་ཐུབ། གྲོན་ཆུང་བྱེད་རྒྱུ་དེ་སྤྱི་ཚོགས་ཀྱི་གོམས་སྲོལ་ཞིག་ཏུ་འགྱུར་བར་བྱས་ན།  ད་གཟོད་མི་རིགས་ཀྱི་ཀུན་སྤྱོད་བཟང་པོའི་ལེའུ་གསར་པ་མུ་མཐུད་རྩོམ་ཐུབ། ང་ཚོ་གྲོན་ཆུང་ལ་ཡིད་སྨོན་མཁན་ཞིག་བྱེད་རྒྱུར་བློ་ཡིད་ཚིམ་ནས་མི་སྡོད་པར། གྲོན་ཆུང་གི་བྱ་སྤྱོད་སྤེལ་མཁན་ཞིག་ཏུ་དེ་བས་འགྱུར་བ་བྱེད་དགོས། ང་ཚོའི་རྒྱལ་ཁབ་ནི་མི་གྲངས་དུང་ཕྱུར14ཟིན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས། མི་ཀུན་གྱིས་གྲོན་ཆུང་བསྲི་ཚགས་དང་། ཆུང་ཕྱོགས་ནས་གྲོན་ཆུང་། ཉིན་གསོག་ཟླ་གསོག་བཅས་བྱས་ནས། གྲོན་ཆུང་ཐད་གཞན་སྐུལ་ནས་རང་འགུལ་དུ་འགྱུར་བ་བྱས་ཏེ། གྲོན་ཆུང་བསྲི་ཚགས་བྱེད་རྒྱུ་དེ་ནང་སེམས་སུ་ཟུག་པ་དང་ཕྱིའི་བྱ་སྤྱོད་ཐོག་དོན་འཁྱོལ་བྱེད་པའི་གོམས་གཤིས་དང་བྱང་ཚད་དུ་འགྱུར་བར་བྱས་ན། རྒྱུ་ནོར་ཧ་ཅང་མང་པོ་གསོག་ཐུབ་པར་མ་ཟད་སྟོབས་ཤུགས་ཆེན་པོའང་ཆགས་ཐུབ།

སྤྱི་ཚོགས་ཡོངས་སུ་ཆུད་ཟོས་ནི་ངོ་ཚ་དང་གྲོན་ཆུང་ནི་གཟི་བརྗིད་ཡིན་པའི་ཁོར་ཡུག་ཅིག་བསྐྲུན་པར། ཧུར་ཐག་གིས་ལྗང་མདོག་འཚོ་བ་སྐྱེལ་སྟངས་ལག་བསྟར་བྱེད་དགོས། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་རྒྱུན་འཁྱོངས་བྱེད་རྒྱུ་ནི་རང་རྒྱལ་གྱི་གཞི་རྩའི་རྒྱལ་ཇུས་ཤིག་དང་། གྲོན་ཆུང་ལག་ལེན་ནན་ཏན་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་རྒྱུ་ནི་ལྗང་མདོག་འཚོ་བ་སྐྱེལ་སྟངས་ཀྱི་ནང་གནས་ཀྱི་བླང་བྱ་ཞིག་ཡིན། ཆུ་གློག་རླངས་གསུམ་གྲོན་ཆུང་བྱེད་པ་ནས་འགྲོ་སྐྱོད་ལ་འགྱུར་ལྡོག་གཏོང་བའི་བར་དང་། “སྡེར་གཙང་བྱ་སྤྱོད”ནས་ཐུམ་སྒྲིལ་ཚད་མེད་མི་བྱེད་པའི་བར། རང་ཉིད་དང་ད་ལྟ་ནས་འགོ་བརྩམས་ཚེ། གྲོན་ཆུང་བསྲི་ཚགས་ཀྱི་དར་སྲོལ་དེ་ནམ་ཞག་འཚོ་བའི་ཁྲོད་དོན་འཁྱོལ་བྱེད་ཐུབ།  སྐྱེ་ཁམས་དཔལ་ཡོན་གྱི་དོན་སྙིང་ལ་གོ་བ་ལེན་པ་དང་། “ལེན་རྒྱུ་ཚད་ཡོད་པ་དང་སྤྱོད་རྒྱུ་ཚད་རན་པོ”བྱེད་པ།  གྲོན་ཆུང་ཚད་མཐུན་དང་ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ། རྒྱས་སྤྲོས་དང་ཆུད་ཟོས་མི་གཏོང་བ་བཅས་བྱས་ཚེ།  དཔལ་ཡོན་བདེ་ཐང་གི་སྤྱི་ཚོགས་ཀྱི་གོམས་སྲོལ་ལེགས་པོ་ཆགས་པར་བྱེད་ཐུབ།

སྤྱི་ཚོགས་ཡོངས་སུ་ཆུད་ཟོས་ནི་ངོ་ཚ་དང་གྲོན་ཆུང་ནི་གཟི་བརྗིད་ཡིན་པའི་ཁོར་ཡུག་བསྐྲུན་པར། ད་དུང་དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་བྱེད་དགོས། དཀའ་སྤྱད་འབད་འཐབ་དང་བརྩོན་བསྲི་གྲོན་ཆུང་གི་བསམ་པའི་ཀ་རྟེན་མེད་པའི་མི་རིགས་གཅིག་རང་ཚུགས་རང་འབད་ཐུབ་དཀའ་བ་དང་། དཀའ་སྤྱད་འབད་འཐབ་དང་བརྩོན་བསྲི་གྲོན་ཆུང་གི་བསམ་པའི་ཀ་རྟེན་མེད་པའི་སྲིད་ཏང་གཅིག་དར་ཞིང་རྒྱས་པ་ཡོང་དཀའ་བ་ལོ་རྒྱུས་དང་དོན་དངོས་ལས་ར་སྤྲོད་བྱུང་ཡོད། དཀའ་བ་ཆེན་པོ་སྤྱད་ན་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ། མི་རི་སྐེད་དུ་སླེབས་དུས་དང་། གྲུ་ཆུ་དཀྱིལ་དུ་སླེབས་དུས་དེ་ཙམ་གྱིས་སྔོན་དཔག་དཀའ་བའི་ཉེན་ཁར་དོགས་ཟོན་བྱེད་དགོས་པ་དང་། དུས་བབ་རྙོག་འཛིང་དང་དཀའ་ངལ་ཇི་ཙམ་ཆེ་ན། དེ་ཙམ་གྱིས་དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས། དཀའ་སྤྱད་འབད་འཐབ་དང་བརྩོན་བསྲི་གྲོན་ཆུང་བྱེད་པའི་བསམ་བློ་ཇེ་བརྟན་དུ་བཏང་ནས།  རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་བྱེད་པ་དང་། གྲོན་ཆུང་བསྲི་ཚགས་ཀྱི་སྒོ་ནས་བྱ་གཞག་མཐའ་དག་སྒྲུབ་རྒྱུ་མཐའ་འཁྱོངས་བྱེད་རྒྱུ་ནི་ང་ཚོ་མཁྲེགས་གཏོར་དཀའ་སེལ་དང་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པའི་ཐབས་མཆོག་ཅིག་ཡིན་ལ། ང་ཚོས་འགྲན་སློང་བསུ་བ་དང་། འབྱུང་འགྱུར་ལ་ཕྱོགས་པའི་གདེང་ཚོད་ཀྱང་ཡིན།

“བཀག་རྒྱ་སྤྱོད་མཁས་པོ་ཡོད་མཁན་གྱིས། དང་ཐོག་བཀག་རྒྱ་གཞིར་བཟུང་ནས་རང་ཉིད་ལ་རེ་བ་འདོན་པ་དང་། དེ་རྗེས་མི་གཞན་ལ་རེ་བ་འདོན་དགོས”རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་། ལྷག་པར་དུ་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་རང་དཔེ་གཞན་སྟོན་དང་། སྣེ་ཁྲིད་དཔེ་སྟོན་གྱིས་ཁ་བཤད་ལག་བསྟར་དང་། སྣེ་ཁྲིད་ལག་བསྟར་གྱི་རྣམ་འགྱུར་གྱི་ཐོག་ནས་བརྩོན་བསྲི་གྲོན་ཆུང་རྒྱུན་འཁྱོངས་བྱེད་པ་དང་། བྱས་པའི་རྗེས་དང་འདྲུད་པའི་ཤུལ་གྱི་ངར་ཤུགས་ལ་བརྟེན་ནས་རྒྱས་སྤྲོས་ཆུད་ཟོས་གཏོང་བའི་བྱ་སྤྱོད་ལེགས་སྒྲིག་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་གྲུབ་འབྲས་དང་འགྱུར་ལྡོག་མཐོང་ཐུབ་པ་དང་། སྤྱི་ཚོགས་ཡོངས་སུ་ཆུད་ཟོས་ནི་ངོ་ཚ་དང་གྲོན་ཆུང་ནི་གཟི་བརྗིད་ཡིན་པ་གོམས་སྲོལ་ཞིག་ཏུ་འགྱུར་བ་བྱེད་དགོས།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།