“བདེ་སྐྱིད་གླིང”ནས་བདེ་སྐྱིད་གླེང་བ།
2020.11.03 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 25

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གི་ཡུལ་གཞན་དབུལ་སྐྱོར་གནས་སྤོས་བཀོད་སྒྲིག་ཁུལ་སྟེ། དུང་དཀར་སྡེ་ཁུལ་ནི་རྫོང་མཁར་གྱི་ཤར་སྣེ་རུ་གྲལ་འགྲིག་པོར་ཆགས་ཡོད་པ་དང་། སྡེ་ཁུལ་དེ་རུ་ར་སྐོར་ཅན་གྱི་ཁང་བ་བདུན་བརྒྱ་དང་བཅུ་གསུམ་ཡོད་ལ།  ཕྱོགས་བཞི་མཚམས་བརྒྱད་དུ་འཐེན་པའི་ཨར་འདམ་གྱི་ལམ་བརྒྱུད་ནས་སོང་ཚེ་སྤོ་ལོ་ར་བ་དང་། རིག་གནས་ཐང་ཆེན། བུ་བཅོལ་ཁང་། ཁོར་སྲུང་སྒྲིག་ཆས་བཅས་མང་པོ་མཐོང་ཐུབ། ཁོ་ཚོའི་ར་སྐོར་ནང་སོང་བ་ན། ཆུ་དང་། གློག དྲ་བ། སྤྱོད་ཁང་བཅས་སྒྲིག་ཆས་ཆ་ཚང་ཡོད་པ་རེད།

འདི་ནི་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་གནས་སྤོས་བཀོད་སྒྲིག་ཁུལ་ཆེས་ཆེ་བ་རེད། 2017ལོའི་ཟླ10པར། བཀོད་སྒྲིག་ཁུལ་གྱི་གཞི་རྩའི་འཛུགས་སྐྲུན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་། ལོ་རེ་བཞི་ལ་སོན་པའི་ཆ་སྐོར་ཡུལ་ཚོ་གཤོང་རིང་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་གདུགས་དཀར་སྐྱབས་རྩེ་གཞུང་རྩྭ་ཐང་ནས“སྡེ་གསར”འདི་ལ་གནས་སྤར་བས། ངེས་པ་དོན་གྱིས་གནས་སྤོ་འབྲོག་དམངས་ནས་མཁར་གྲོང་སྡོད་དམངས་སུ་གྱུར་པ་རེད།

སྔོན་ཆད་ཀྱི་ཁང་བ་ས་ཁང་ཡིན་པ་དང་རྒྱ་ཁྱོན་ཡང་ཤིན་ཏུ་ཆུང་། དགུན་དཔྱིད་དུས་ཚིགས་གཉིས་སུ་གྲང་རླུང་མི་ཁོག་ལ། ཆར་བ་འབབ་ཐེངས་རེར་ཆུ་ཐིགས་ཟགས་ནས་སེམས་བདེ་མོའི་ངང་གཉིད་མི་ཐུབ་པར་མ་ཟད། དུས་ནམ་ཞིག་གི་ཚེ་བརྡིབས་ཨེ་འགྲོ་སྙམ་ནས་དུས་རྒྱུན་སེམས་ཁུར་བྱེད་དགོས། འདས་སོང་གི་འཚོ་བར་ཕྱིར་དྲན་བྱེད་བཞིན་གདུགས་དཀར་སྐྱབས་ཀྱིས་བཤད་རྒྱུར། ཚེ་འདིར་འདི་ལྟ་བུའི་ར་སྐོར་ནང་སྡོད་ཐུབ་པ་ཡིད་ལའང་དྲན་མ་མྱོང་ཟེར།

དུང་དཀར་སྡེ་ཁུལ་གྱི་ཧྲུའུ་ཅི་གཞོན་པ་ཤེས་རབ་རྒྱལ་མཚན་གྱིས་ཕྱིར་དྲན་བྱེད་ཞོར་བཤད་རྒྱུར། དེ་སྔོན་རྒན་པོ་གདུགས་དཀར་སྐྱབས་དང་འདྲ་བར། ས་གཞན་དུ་གནས་སྤོ་བར་སྐུལ་སློང་བྱེད་སྐབས་འབྲོག་དམངས་མང་ཆེ་ཤོས་རི་ནང་གི་ཁང་རྙིང་བཤིག་རྒྱུར་འཐད་ཀྱིན་མེད། དེའི་རྒྱུ་མཚན་ནི་ཁོ་ཚོས་སྒོར་མོ་ཁྲི་གཅིག་བཀོལ་ཏེ་ཁང་གསར་ནང་བསྡད་རྗེས། རྗེས་ཕྱོགས་ཀྱི་འགན་སྲུང་ཇི་ལྟར་བྱེད་དགོས་པར་དོགས་པ་སྐྱེས་བཞིན་འདུག གནས་སྤོར་བཀོད་སྒྲིག་བྱས་རྗེས། སྲིད་གཞུང་གི་རོགས་སྐྱོར་དང་། རྩྭ་སའི་བྱ་དགའ་དང་ཁ་གསབ་མ་དངུལ། ཐོན་ལས་ཀྱི་ཡོང་སྒོ་བགོ་བ་བཅས་ལག་སོན་བྱུང་རྗེས། དུང་དཀར་སྡེ་ཁུལ་དུ་གཞིས་སྡོད་བྱས་པའི་འབྲོག་དམངས་ཡོངས་ཀྱིས་ཐེངས་འདིའི་གནས་སྤོ་ལས་ཐོབ་པའི་ཁེ་བཟང་ཚོར་ཐུབ་པ་བྱུང་བས། ས་གཞན་དུ་གནས་སྤོས་བའི་བྱ་བར་བསྟོད་པ་ཡང་ཡང་བྱེད་བཞིན་འདུག

དེ་རིང་། རྒན་པོ་ཁོ་ཚང་དུ་སོང་བ་ན། ཁོང་གིས་ཤིང་གིས་ནང་རྒྱན་བཏང་སྟེ་མཛེས་སྤྲས་བྱས་པའི་ཁང་པའི་ནང་གཙང་སྦྲ་བྱས་ཏེ་ཐལ་རྡུལ་ཙམ་ཡང་མ་གོས་པ་བྱས་ཡོད། འགྲུལ་ཁང་ཟུར་གྱི་མེ་ཐབ་ནང་མེ་འབར་བཞིན་ཡོད་ལ། འོ་ཇའི་དྲི་མ་ཞིམ་པོ་ཞིག་སྣ་ལམ་དུ་འཐུལ་འོངས།  རྒན་པོ་ཁོ་རང་ཡོ་རོབ་ལུགས་ཀྱི་སྡེབ་སྒྲིག་འབོལ་ཁྲིའི་སྟེང་ཙོག་ནས་བརྙན་འཕྲིན་ལ་བལྟས་འདུག་པ་དང་། ཕར་བལྟས་ཚོད་ཀྱིས“གྲོང་མི”ཡི་བཟོ་ལྟ་ཞིག་འདུག “ད་ཐིགས་ཆུ་ཡོང་བར་སེམས་ཁུར་བྱེད་མི་དགོས། ཨར་འདམ་གྱི་ལམ་གཙང་ཞིང་ཁོད་ཡངས་ལ། ངལ་གསོའི་ཐང་ཆེན་ཀྱང་ཡིད་དུ་འོང་། རང་འབབ་ཆུ་ཁྱིམ་ཚང་དུ་འཐེན་ཡོད་པར་མ་ཟད། ཐ་ན་བརྡ་གཏོང་གློག་ལམ་དྲ་བ་ཡང་བརྙན་འཕྲིན་དང་སྦྲེལ་ཐུབ།”གནས་སྤར་རྗེས་ཀྱི་འཚོ་བ་གླེང་ཚེ། གདུགས་དཀར་སྐྱབས་ཀྱི་དགའ་སྤྲོའི་སེམས་པ་དེ་ཕྱི་ལུས་ཀྱི་རྣམ་པའི་སྟེང་མངོན་ཡོད་པ་རེད།

གདུགས་དཀར་སྐྱབས་ཚང་ལ་རྩྭ་ས་སྤྱི་ཆིངས་ལྔ་དང་གྲངས་ཆུང་དྲུག་བདུན་ཡོད་པ་དང་འབྲི་གཡག་ལྔ་ལས་མེད་ལ། དེའི་སྟེང་རང་ལ་གཅིན་སྙི་ཟ་ཁུའི་ནད་ཀྱང་བྱུང་ཡོད་སྟབས། ཡོང་འབབ་ཉུང་ཉུང་དེས་ནམ་ཡིན་ཡང་འཚོ་བ་སྐྱེལ་ཐུབ་ཀྱིན་མེད། 2016ལོར། སྡེ་བས་ཁོའི་གནས་ཚུལ་ལ་གཞིགས་ཏེ། ཁོ་མ་མཐའི་འཚོ་བའི་འགན་སྲུང་ནང་བཞག་སྟེ། མ་མཐའི་འགན་སྲུང་གི་སྲིད་ཇུས་ལོངས་སུ་སྤྱད་དུ་བཅུག་པ་དེས་ཚད་ངེས་ཅན་ཞིག་གི་སྟེང་ནས་ཁོའི་འཚོ་བའི་གནོན་ཤུགས་ཇེ་ཡང་དུ་བཏང་ཡོད། “ན་ནིང་མཚོ་སྔོན་ཞིང་ཆེན་སྨན་ཁང་ནས་གཟའ་འཁོར་གཅིག་གི་རིང་བསྡད་པ་དང་། སྒོར་མོ་སྟོང་དྲུག་ལྷག་གི་འགྲོ་གྲོན་ལས་ང་རང་གིས་སྒོར་མོ་དྲུག་བརྒྱ་མ་གཏོགས་སྤྲོད་མ་དགོས། ལོ་རེར་ང་རང་ཐེངས་གཉིས་ནས་གསུམ་ལ་སྨན་ཁང་དུ་བསྡད་དེ་སྨན་བཅོས་བྱེད་དགོས།”ཞེས་གདུགས་དཀར་སྐྱབས་ཀྱིས་སེམས་འགུལ་ཐེབས་བཞིན་དེ་ལྟར་བཤད།

རྒྱུས་ལོན་བྱུང་བ་ལྟར་ན། གནད་འཁེལ་དབུལ་སྐྱོར་བྱ་བ་སྤེལ་བའི་ཚུན་ལ། རྩེ་ཁོག་རྫོང་གིས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་པ་ནི་དབུལ་ཐར་མཁྲེགས་གཏོར་དམག་འཐབ་ལས་རྒྱལ་བའི་བྱ་བ་དང་པོར་བཞག་སྟེ། སྡེ་གསར་སོ་བརྒྱད་འཛུགས་སྐྲུན་བྱས་པ་དང་། དབུལ་ཁྱིམ་སྟོང་གསུམ་དང་དགུ་བརྒྱ་གོ་དགུའི་མི་ཁྲི་གཅིག་དང་སྟོང་ལྔ་ཉིས་བརྒྱ་ལྷག་གནས་སྤར་བ་དེས་རྫོང་ཡོངས་ཀྱི་དབུལ་ཁྱིམ་གྱི་བརྒྱ་ཆའི་དོན་དྲུག་ཟིན་པ་དང་། དབུལ་ཕོངས་མི་གྲངས་ཀྱི་བརྒྱ་ཆའི་དོན་བདུན་གྲངས་ཆུང་ལྔ་ཟིན་ཡོད། དུང་དཀར་སྡེ་ཁུལ་དུ་གནས་སྤར་བའི་ལོ་དེར་སྤྱི་ཕན་རང་བཞིན་གྱི་ལས་རྐང་དང་། ཁྱིམ་ཐོན་ཐོན་ལས་རྣམ་གྲངས་ཀྱི་རོགས་སྐྱོར་མ་དངུལ། མཉམ་ལས་ཁང་གི་ཐོབ་ཆ་བགོ་བ། ལས་ཞུགས་སྤོ་སྒྱུར་བྱེད་པ། དུས་ཡུན་ཐུང་ངུའི་རྩལ་ནུས་གསོ་སྦྱོང་བྱེད་པ། རྩྭ་སའི་བྱ་དགའ་དང་ཁ་གསབ་མ་དངུལ་བཅས་ལ་བརྟེན་ནས། ཆ་སྙོམས་ཀྱིས་ཁྱིམ་ཚང་རེར་སྒོར་མོ་ཁྲི་གཉིས་དང་སྟོང་བདུན་བརྒྱད་བརྒྱའི་ཁེ་ཕན་ཐོབ་པ་དང་།  མི་རེར་ཆ་སྙོམས་ཀྱིས་སྒོར་མོ་སྟོང་བདུན་དང་ལྔ་བརྒྱ་གོ་གཅིག་གི་ཁེ་ཕན་ཐོབ།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།