མི་དམངས་ཀྱིས་མཛེས་སྡུག་གི་འཚོ་བར་བཅངས་པའི་རེ་སྨོན་རྒྱུན་ཆད་མེད་པར་མངོན་འགྱུར་བྱེད་དགོས།
2020.11.17 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 22

—ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གླེང་བ།

“མི་དམངས་ཀྱིས་མཛེས་སྡུག་གི་འཚོ་བར་བཅངས་པའི་རེ་སྨོན་ནི་ང་ཚོའི་འབད་འཐབ་དམིགས་འབེན་ཡིན།” ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་བ་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་གཏན་འབེབས་བྱ་རྒྱུའི་སྐོར་གྱི་གྲོས་གཞིའི》ནང་། “ལོ་ལྔའི་འཆར་འགོད་བཅུ་བཞི་བའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ངེས་པར་དུ་མི་དམངས་གཙོ་བོར་འཛིན་པའི་རྩ་དོན་རྒྱུན་འཁྱོངས་དང་། མི་དམངས་ལྟེ་བ་ཡིན་པའི་གོ་གནས་རྒྱུན་འཁྱོངས། མཉམ་དུ་ཕྱུག་པོར་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་དང་བརྩི་སྲུང་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་དོན་དུ་འཕེལ་རྒྱས་གཏོང་བ་དང་མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་དུ་ལོངས་སུ་སྤྱོད་པ། མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པ། མི་དམངས་ཡོངས་ཀྱི་བརྩོན་སེམས་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སྤེལ་བྱས་ཐོག སྤྱི་ཚོགས་དྲང་གཞག་ཡོང་བར་སྐུལ་འདེད་དང་མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་ཡར་སྐུལ་བྱས་ནས། མི་དམངས་ཀྱིས་མཛེས་སྡུག་གི་འཚོ་བར་བཅངས་པའི་རེ་སྨོན་རྒྱུན་མི་ཆད་པར་མངོན་འགྱུར་བྱེད་དགོས་ཞེས་བཏོན་ཡོད།

ཀྲུང་གོ་གུང་ཁྲན་ཏང་གི་སྲོག་རྩ་ནི་མི་དམངས་ཡིན་པ་དང་། ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྒོས་སྣེ་ཁྲིད་དེ་གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་བཅས་བྱེད་པའི་རྩ་བའི་དམིགས་ཡུལ་ནི། མི་དམངས་ལ་འཚོ་བ་སྐྱིད་པོ་ཞིག་རོལ་དུ་འཇུག་རྒྱུ་དེ་ཡིན་པས། འགྲན་སློང་དང་གནོན་ཤུགས་གང་འདྲ་ཞིག་ལ་འཕྲད་པ་དང་། བློས་གཏོང་དང་རིན་དོད་གང་འདྲ་ཞིག་འདོན་དགོས་རུང་། དམིགས་ཡུལ་འདིར་ནམ་ཡང་འགྱུར་བ་སྤུ་ཙམ་ཡང་ཡོད་མི་སྲིད། བཅོས་བསྒྱུར་སྒོ་འབྱེད་བྱས་མགོར་ཏང་ཀྲུང་དབྱང་གིས་འབྱོར་འབྲིང་སྤྱི་ཚོགས་ཀྱི་འཐབ་ཇུས་བསམ་བློ་བསྐྲུན་པའི་ཚུན་དུ། ང་ཚོ་ཏང་གིས་མི་དམངས་ཀྱིས་མཛེས་སྡུག་གི་འཚོ་བར་བཅངས་པའི་རེ་སྨོན་དེ་འབད་འཐབ་དམིགས་འབེན་དུ་བརྩིས་ནས། ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཁྲོད་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱས་ཐོག བྱིས་པར་སྐྱོང་མཁན་ཡོད་པ་དང་སྦྱོང་དུས་ཁྲིད་མཁན་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། གཉོམ་པོར་རོགས་སྐྱོར་ཡོད་པ་བཅས་ཁྱོན་ཡོངས་ནས་སྐུལ་སྤེལ་བྱས་ཏེ། མི་དམངས་ཀྱི་འཚོ་བ་རྒྱུན་ཆད་མེད་པར་ལེགས་བཅོས་དང་མི་དམངས་ཀྱི་བདེ་སྐྱིད་ཡར་སྐུལ་བྱས་ཡོད། “ལོ་ལྔའི་འཆར་གཞི་བཅུ་གསུམ”གྱི་དུས་སྐབས་སུ། དབུལ་ཐར་མཁྲེགས་གཏོར་ཐད་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་བླངས་ཏེ། ཞིང་སྡེའི་དབུལ་ཕོངས་མི་འབོར་བྱེ་བ་ལྔ་དང་ས་ཡ་ལྔ་འབུམ་བདུན་ཁྲི་ལྔ་དབུལ་ཐར་བྱུང་བ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་གྱིས་མཐོར་འདེགས་བྱུང་། མཁར་གྲོང་དུ་མི་བྱེ་བ་དྲུག་གསར་དུ་ལས་ཀར་ཞུགས་པ་དང་། འཛམ་གླིང་སྟེང་གཞི་ཁྱོན་ཆེས་ཆེ་བའི་སྤྱི་ཚོགས་འགན་སྲུང་མ་ལག་ལེགས་འགྲུབ་བྱུང་སྟེ། གཞི་རྩའི་སྨན་བཅོས་འགན་སྲུང་མི་གྲངས་དུང་ཕྱུར་བཅུ་གསུམ་ལྷག་ལ་ཁེབས་པ་དང་། གཞི་རྩའི་རྒན་གསོའི་འགན་སྲུང་ཕལ་ཆེར་མི་དུང་ཕྱུར་བཅུ་ལ་ཁེབས་ཡོད། དུས་ཡུན་རིང་བོར་འབད་འབུངས་ལྷོད་མེད་བྱས་པ་བརྒྱུད། ཀྲུང་ཧྭ་མི་རིགས་ལོ་ངོ་སྟོང་ཕྲག་དུ་མར་ལྟོས་མེད་དབུལ་ཕོངས་སུ་ལུས་པའི་གནད་དོན་ལ་ལོ་རྒྱུས་རང་བཞིན་གྱི་རྫོགས་ཚིགས་འགོད་ལ་ཉེ་ཞིང་། ལོ་ངོ་སྟོང་ཕྲག་དུ་མར་བཞེངས་པའི“དམངས་ཀྱི་ངལ་བར་སྐྱིད་ཀྱི་འབྲས་བུ་འབྱུང་ངེས”བའི་ཕུགས་འདུན་ཡང་མངོན་འགྱུར་འབྱུང་ལ་ཉེ།

“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”དུས་སྐབས་སུ་རང་རྒྱལ་འཕེལ་རྒྱས་ཀྱི་དུས་རིམ་གསར་བར་སླེབས་ཤིང་། སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ཡང་མི་དམངས་ཀྱི་ཉིན་བཞིན་འཕར་བའི་མཛེས་སྡུག་འཚོ་བའི་དགོས་མཁོ་དང་འཕེལ་རྒྱས་དོ་མི་སྙོམས་པ་དང་གང་ལེགས་མ་ཡིན་པའི་བར་གྱི་འགལ་བར་གྱུར་ཏེ། མི་དམངས་ཀྱིས་མཛེས་སྡུག་གི་འཚོ་བར་བཅངས་པའི་དགོས་མཁོ་རྒྱུན་མི་ཆད་པར་ཇེ་མཐོར་འགྲོ་ངེས། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱིས་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དམ་འཛིན་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་ཟབ་མོ་གནང་བས། མི་དམངས་མང་ཚོགས་ཀྱི་རེ་འདུན་དང་རེ་སྒུག་ལ་ཨ་ལན་བསློགས་པ་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་བའི”དུས་སྐབས་ཀྱི་རང་རྒྱལ་འཕེལ་རྒྱས་ཐད་འཆར་འགོད་དང་འཐབ་ཇུས་བཀོད་སྒྲིག་རབ་དང་རིམ་པ་བྱས། ཚང་འཛོམས་གྲོས་ཚོགས་སྟེང་གྲོས་འཆམ་བྱུང་བའི《གྲོས་གཞི》ཡིས། མི་དམངས་ཀྱི་ཉིན་བཞིན་འཕར་བའི་མཛེས་སྡུག་འཚོ་བའི་དགོས་མཁོ་སྐོང་བ་དེ་རྩ་བའི་དམིགས་ཡུལ་བྱས་ནས། མི་དམངས་གཙོ་བོ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱས་ཐོག  “ལོ་ལྔའི་འཆར་འགོད་བཅུ་བཞི་བའི”དུས་སྐབས་སུ“དམངས་འཚོའི་བདེ་སྐྱིད་ཀྱི་ཚད་གཞི་ཆུ་ཚད་གསར་བར་བསླེབ་པའི”དམིགས་འབེན་ལས་འགན་གསལ་པོར་བྱས་ཡོད། མཉམ་དུ་ཕྱུག་པོར་འགྱུར་བ་ནི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་བླང་བྱ་དང་མི་དམངས་མང་ཚོགས་ཀྱི་ཐུན་མོང་གི་རེ་སྨོན་ཡིན། ང་ཚོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མདུན་དུ་མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བ་མངོན་འགྱུར་བྱ་རྒྱུ་དེ་ཡིན། མིག་སྔར། རང་རེའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་དོ་མི་སྙོམས་པ་དང་གང་ལེགས་མ་ཡིན་པའི་གནད་དོན་སྔར་བཞིན་འབུར་དུ་ཐོན་ཞིང་། གྲོང་ཁྱེར་དང་ཞིང་སྡེའི་མངའ་ཁོངས་འཕེལ་རྒྱས་དང་ཡོང་འབབ་བགོ་བཤའ་རྒྱག་པའི་ཐད་ལ་ཧེ་བག་ཅུང་ཆེན་པོ་ཡོད་པས། མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བ་ནི་དུས་ཡུན་རིང་བོའི་ལས་འགན་ཞིག་ཡིན་མོད། འོན་ཀྱང་རང་རྒྱལ་གྱིས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པར་རྒྱལ་ཁ་ཐོབ་ལ་ཉེ་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁབ་ཀྱི་བགྲོད་ལམ་གསར་བར་སྐྱོད་མགོ་བརྩམས་པ་དང་བསྟུན་ནས། ང་ཚོས་ཅིས་ཀྱང་མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བར་བྱ་རྒྱུ་དེ་སྔར་ལས་གོ་གནས་གལ་ཆེན་དུ་འཇོག་འོས། ཚང་འཛོམས་གྲོས་ཚོགས་སྟེང་གྲོས་འཆམ་བྱུང་བའི《གྲོས་གཞི》ཡིས། 2035ལོར་སླེབས་དུས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱང་རིང་དམིགས་འབེན་ཕལ་ཆེར་མངོན་འགྱུར་བྱེད་པའི་ཁྲོད“མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བར་སྔར་ལས་མངོན་གསལ་གྱི་ངོ་བོ་ལྡན་པའི་འཕེལ་རྒྱས་ལེན་དགོས་པ”བཏོན་པ་དང་། མི་དམངས་ཀྱི་འཚོ་བའི་སྤུས་ཀ་ལེགས་བཅོས་བྱེད་པའི་སྐོར་ནས“མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་ཏན་ཏིག་བྱེད་པ”འབུར་ཐོན་སྒོས་ནན་གྱིས་བསྟན་ལ། བླང་བྱ་དང་བྱེད་ཐབས་གལ་ཆེན་ཁ་ཤས་བཏོན་ཡོད། གྲོས་གཞིའི་ནང་འདི་ལྟར་བརྗོད་ཡོད་དེ། ཏང་གི་ཚང་འཛོམས་གྲོས་ཚོགས་ཀྱི་ཡིག་ཆའི་ཁྲོད་ཐེངས་དང་པོར་མདུན་སྐྱོད་ཀྱི་ཁ་ཕྱོགས་དང་འབད་འཐབ་དམིགས་འབེན་གསལ་སྟོན་བྱས་པ་ཡིན་ལ། དེ་ནི་དངོས་ཐོག་བདེན་འཚོལ་དང་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་པ། དགོས་མཁོ་དང་མཐུན་རྐྱེན་བསྐྲུན་ཐུབ་མིན་ལ་བསམ་བློ་བཏང་ཡོད་པ་ཞིག་ཀྱང་ཡིན་པས། བྱ་བའི་ཁྲོད་དགེ་མཚན་ལྡན་པ་དང་བརྟན་བརླིང་ངང་ཤེས་རྟོགས་བྱེད་པར་ཕན་ནུས་ལྡན་པ་ཞིག་རེད། ང་ཚོས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་པ་དང་། ཐོག་མའི་བསམ་འདུན་དང་ལས་འགན་ཡིད་ལ་བརྟན་པོར་བཅངས་བ། ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་མངོན་འགྱུར་ལེགས་པོ་དང་སྲུང་སྐྱོང་ལེགས་པོ། འཕེལ་རྒྱས་ལེགས་པོ་གཏོང་བ་དེ་འཕེལ་རྒྱས་ཀྱི་མགོ་རྩོམ་ས་དང་རྐང་ཚུགས་སར་བརྩིས་ནས། གང་ནུས་ཅི་སྒྲུབ་དང་ནུས་པས་ལྕོགས་ཚོད་ཀྱིས་ཏན་ཏན་ཏིག་ཏིག་དང་རྒྱུན་འཁྱོངས་ལྷོད་མེད་བྱས་ཐོག མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་མི་ཆད་པར་ཇེ་དྲག་ཏུ་གཏོང་དགོས།

ཧྲི་ཁུའུ་སྒོ་མོ་ཆེ་ནས་གནམ་བདེ་སྒོ་མོ་ཆེ། དར་རྒྱས་ལམ་ནས་བསྐྱར་དར་ལམ། ཡར་ལངས་པ་ནས་འབྱོར་ཕྱུག་ལྡན་པ་དང་དེ་ནས་སྟོབས་ལྡན་དུ་གྱུར་པའི་བར། ང་ཚོ་ཏང་གིས་མི་དམངས་ཀྱི་དོན་དུ་གསོན་པ་དང་མི་དམངས་ཀྱི་ཆེད་དུ་དར་སྤེལ་བཏང་ལ། མཐུན་སྒྲིལ་སྒོས་མི་དམངས་ལ་སྣེ་ཁྲིད་དེ་གོ་རིམ་རེ་རེ་བཞིན་བརྒྱུད་ནས་རྒྱལ་ཁ་ཡང་ཡང་བླངས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དེབ་ཐེར་ཐོག་མཛད་རྗེས་རླབས་པོ་ཆེ་བཀོད་ཡོད། མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་། ཉེན་ཁ་དང་འགྲན་སློང་གང་འདྲ་ཞིག་ལ་འཕྲད་ཀྱང་། ང་ཚོས་ནམ་ཡང་མི་དམངས་བླ་ན་མེད་པ་དང་མི་དམངས་རྒྱབ་རྟེན་བྱེད་པ་རྒྱུན་འཁྱོངས་བྱས་ནས། རྒྱུན་ཆད་མེད་པར་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་། མི་དམངས་ཁྲོད་ཟབ་ཞུགས་བྱེད་པ། དུས་ནམ་ཡང་མི་དམངས་དང་མཉམ་དུ་བསམ་བློ་གཏོང་བ་དང་མི་དམངས་དང་མཉམ་དུ་བྱ་བ་སྒྲུབ་པ་བཅས་བྱས་ཏེ། དུས་རབས་གསར་བའི་ཏང་གི་ལོ་རྒྱུས་ལས་འགན་མངོན་འགྱུར་གྱི་ཆེད་དུ་འབད་བརྩོན་ལྷོད་མེད་དང་། ཀྲུང་ཧྭ་མི་རིགས་ཀྱི་འོད་སྟོང་འབར་བའི་ལོ་རྒྱུས་རྒྱུན་མི་ཆད་པར་གསར་སྐྲུན་བྱེད་དགོས།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།