མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་དྲུག་ཆེན་སུམ་མདོ་གྲོང་རྡལ་དུ་དབུལ་ཐར་མཁྲེགས་གཏོར་དམག་འཐབ་ཁྲོད“གཡུལ་ས”བརྟན་སྲུང་བྱེད་པའི“ཕ་བུ་འཐབ་མོ་བ”ཞིག་མཆིས།
དྲུག་ཆེན་སུམ་མདོ་གྲོང་རྡལ་གྱི་མངའ་ཁོངས་སུ་གསའ་ཁོག་དང་ཉིན་ཡོས། སྟག་ལུང་། སྒོས་བརྒྱངས་བཅས་སྲིད་འཛིན་སྡེ་བ་བཞི་ཡོད། དེའི་ཁྲོད་ཀྱི་སྒོས་བརྒྱངས་སྡེ་བ2015ལོར་ཆེས་དབུལ་བའི་སྡེ་བའི་གྲས་སུ་བཞག ཨ་ཕ་རྒྱ་མཚོས་སྒོས་བརྒྱངས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡི་འགན་ཁུར་ཡོད་པ་དང་བུ་མོ་ཚེ་བརྟན་ལྷ་མོ་སློབ་ཆེན་ནས་མཐར་ཕྱིན་རྗེས། ཨ་ཕའི་གམ་གྱི་བུ་མོ་དང་གསའ་ཁོག་སྡེ་བའི་གཞི་རིམ་ཡུལ་ཚོའི་འགན་ལེན་ལས་བྱེད་པའི་ཐོབ་ཐང་ཉིས་བརྩེགས་ཁུར་ཡོད།
ཨ་ཕས་ཉིས་སྟོང་གཉིས་ལོར་སྡེ་བའི་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་བ་ནས་བཟུང་ལོ་ངོ་བཅོ་བརྒྱད་རིང་ལ་གཞི་རིམ་དུ་ཁ་རོག་གེར་བརྩོན་པའི་རྔུལ་ཆུ་སྐྱེས་སུ་ཕུལ། བུ་མོས་གྲོང་ཁྱེར་ཆེ་སར་ལས་ཞུགས་བྱེད་པའི་གོ་སྐབས་བསྐྱུར་ནས་ཐེ་ཚོམ་མེད་པར་ཕྱིར་རང་ཡུལ་དུ་ལོག་ནས་ཕ་ཡུལ་འཛུགས་སྐྲུན་བྱེད་པའི་སློབ་ཆེན་པ་བྱེད་པའི་ལས་ཀ་བདམས་པ་རེད།“ཕ་བུ་འཐབ་མོ་བ”འདི་གཉིས་ལ་ཐུན་མོང་གི་འབད་བརྩོན་དམིགས་འབེན་ཞིག་ཡོད་པ་ནི།“དབུལ་ཐར་མཁྲེགས་གཏོར་གྱི་ལམ་དུ། སྡེ་མི་གཅིག་ཀྱང་ཆད་མི་ཉན”ཞེས་པ་དེ་རེད། ཁོང་ཕ་བུ་གཉིས་ཉིན་གང་བོར་ངོ་ཐུག་ཁོམ་ཡང་མེད་ལ། ལྷན་དུ་ཟ་མ་བཟའ་བའི་གོ་སྐབས་རེ་བྱུང་ཚེ་གླེང་མོལ་བྱེད་རྒྱུ་ནི་དབུལ་ཐར་བྱ་བ་མིན་ན་ཏང་འཛུགས་སྐྲུན་སོགས་ཀྱི་བྱ་བ་རེད།
དབུལ་བོའི་རོགས་དངུལ་ལ་བརྟེན་ནས་འཚོ་བ་རོལ་བ་དག་གིས“ལག་ཤེས་པ”གདན་འདྲེན་བྱས་ཏེ་སྡེ་བའི་ནང་གསབ་སྦྱོང་འཛིན་གྲྭ་བཙུགས་ནས་སློབ་ཁྲིད་བྱས་ན་བཟང་བའི་གྲོས་གཞི་ཡང་ཡང་བཏོན།“འདི་ལྟར་ལས་ན་ཁོ་ཚོས་ལག་ཤེས་སློབ་ཐུབ་པར་མ་ཟད་ལས་སྐྲུན་གྱི་ཁ་ཕྱོགས་དང་སྤྲོ་སྣང་འཕེལ་ངེས”ཞེས་ཚེ་བརྟན་ལྷ་མོས་ཨ་ཕར་རང་གི་བསམ་ཚུལ་བཤད། སློབ་ཆེན་ནས་སློབ་ཐོན་བྱུང་བའི་ཚེ་བརྟན་ལྷ་མོ་ཨ་ཕ་དང་བསྡུར་ནས་བཤད་ན“ཁ་ནས་བཤད་པ”ལས“ལག་ནས་སྒྲུབ་པར”འཐད་པ་རེད། ཨ་ཕས་ཀྱང་སྤྲོ་བའི་ངང་བུ་མོའི་བསམ་ཚུལ་དང་ལེན་བྱས། ཕ་བུ་གཉིས་ཀྱིས་ཐབས་གཉིས་མཉམ་སྤྱོད་ཀྱི་སྒོ་ནས། ཕྱོགས་གཅིག་ནས་སྡེ་བ་སོ་སོའི་དབུལ་ཕོངས་ཁྱིམ་ཚང་ལ་རྫོང་རིམ་པའི་རང་བརྟེན་གསར་སྤེལ་གྱི་གསབ་སྦྱོང་མི་གྲངས་བརྩོན་ལེན་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ལས་སྐྲུན་ཐད་རྒྱལ་ཁ་བླངས་པའི་མི་སྣ་སྡེ་བའི་ནང་གདན་འདྲེན་བྱས་ཏེ་མཉམ་མྱོང་དང་ལག་རྩལ་སྐོར་ནས་མཛུབ་སྟོན་བྱེད་དུ་བཅུག
ཚེ་བརྟན་ལྷ་མོའི་འདོད་པ་ཇི་བཞིན། ལག་རྩལ་གསབ་སྦྱོང་སྤེལ་ནས“སྒུག་བརྟེན་སློང་གསུམ”གྱི་བསམ་བློ་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་དག་གི་ལས་སྐྲུན་སྤྲོ་བར་ཡར་སྐུལ་བྱས་པ་དང་། དེ་དང་ལྷན་དུ་ལས་སྐྲུན་ལ་བརྟེན་ནས་དབུལ་ཐར་བྱེད་འདོད་ཡོད་ནའང་ལག་རྩལ་མེད་པའི་སྟབས་ཀྱིས་སྡུག་ལ་ཐུག་པའི་མི་རེ་འགའ་དཀའ་ཁག་ལས་བརྒལ་བར་བྱས།
བུ་མོ་ཚེ་བརྟན་ལྷ་མོ་གནས་སའི་གསའ་ཁོག་སྡེ་བའི་ནང་། ཚེ་བརྟན་རྡོ་རྗེ་ཡིས་སྔོན་གྱི་སྒྱིད་ལུག་གི་གཤིས་ཀ་ངན་པ་བསྒྱུར་ནས་རྫོང་རིམ་པའི་ལག་རྩལ་གསབ་སྦྱོང་ལ་ཞུགས་ནས་ཁ་པར་ཞིག་གསོ་བྱེད་ཤེས་པར་གྱུར།“ད་ལྟ་ཟླ་གཅིག་གི་ཆེས་དམའ་བའི་ཡོང་འབབ་ཆ་སྙོམས་ཀྱིས་སྒོར་སྟོང་གསུམ་ཡིན་ལ།”2019ལོར། ཁོས་སླར་ཡང་དབུལ་སྐྱོར་མ་དངུལ་གྱི་རྒྱབ་སྐྱོར་ལ་བརྟེན་ནས་ཁ་པར་ཞིག་གསོ་ཁང་ཞིག་གཉེར་བ་དང་། ད་ལྟའི་ཚེ་བརྟན་རྡོ་རྗེ་ལ་མཚོན་ན་སྡེ་བའི་ནང་སུ་ཚང་གིས་ཁ་པར་ཉོ་བའམ་ཁ་པར་ནང་དུ་མ་ལག་ཕབ་ལེན་ནང་འཇུག་བྱེད་པ་དང་། ཁ་པར་ཞིག་གསོ་བྱེད་དགོས་པ་བྱུང་ཚེ། ཐོག་མར་ཡིད་ལ་དྲན་པ་ནི་ཁོ་ཡིན་པ་རེད། ཚེ་བརྟན་རྡོ་རྗེས་མུ་མཐུད་དུ་འབད་པ་བྱས་མཐར་དབུལ་ཕོངས་ཀྱི“ཞྭ་མོ”བདེ་བླག་ངང་ཕུད་ཐུབ་པ་བྱུང་དང་། སྡེ་མི་རྣམས་ཀྱི་མིག་ནང་གི“སྒྱིད་ལུག”ཅན་དེ་ད་ལྟ“འཇོན་ནུས་ཅན”ཞིག་ཏུ་གྱུར་ཡོད་པ་རེད།
ཨ་ཕ་གནས་སའི་སྒོས་བརྒྱངས་སྡེ་བར། ཨ་ཕ་རྒྱ་མཚོས་དབུལ་སྐྱོར་གཙོ་གནད་དུ་འཛིན་པའི་གཡུ་མོ་ཚང་ནི། ས་གནས་དེ་གའི་མི་རྣམས་ཀྱིས་བཤད་པ་ལྟར་ན་མི་རབས་གསུམ་ལ་དབུལ་པོར་གནས་པ་རེད། 2018ལོར་ངས་ལས་ཞུགས་གསབ་སྦྱོང་དུ་ཟ་མ་གཡོ་སྐོལ་གྱི་ལག་རྩལ་སྦྱངས། སློབ་མཇུག་བསྒྲིལ་རྗེས་ཧྲུའུ་ཅི་རྒྱ་མཚོས་ཡང་བསྐྱར་མཚམས་སྦྱོར་བྱས་པ་ལྟར་མོ་རང་ལས་སྒོ་གསར་སྐྲུན་གྱི་སློབ་ཁྲིད་ལ་ཉན་དུ་སོང་། ལག་རྩལ་འབྱོར་ཡོད་པར་མ་ཟད་ཉམས་མྱོང་ཡང་ཐོབ་འདུག་པའི་གཡུ་མོ་དུས་ཡུན་ཐུང་ངུའི་ནང་བོད་ལུགས་ཟ་ཁང་ཞིག་གི་སྦྱིན་བདག་ཞིག་ཏུ་གྱུར་ཏེ། 2019ལོར་སྒོར་མོ་ཁྲི་ལྔ་ཡི་ཡོང་སྒོ་ཡོད་པར་གྱུར། ཡུལ་སྐོར་བ་མང་པོའི་དུས་སུ་ཟ་ཁང་གི་ཡོང་འབབ་རྐྱང་བ་ཟླ་རེར་སྒོར་སྟོང་བཞི་ལྷག་ཡོད། གཡུ་མོས་གསར་འགོད་པར་བཤད་རྒྱུར། ཡོང་འབབ་འདི་ནི་ཧ་ལམ་སྔོན་ཆད་ལོ་གཉིས་གསུམ་རིང་གི་མོའི་ཡོང་འབབ་སྤྱིའི་བསྡོམས་འབོར་དང་མཚུངས་ཟེར། 2019ལོའི་ལོ་སྨད་དུ། གཡུ་མོ་གཅིག་སྒྲིལ་རྫོང་གི་དབུལ་ཐར་གཟི་བརྗིད་ཁྱིམ་ཚང་དཔེ་ལེགས་ཅན་དུ་བདམས།
2018ལོར་རྒྱ་མཚོ་ཕ་བུ་གཉིས་ཀྱིས་སླར་ཡང་རང་རང་སོ་སོས་འགན་ལེན་བྱས་ཡོད་པའི་སྡེ་བའི་ཆེད་དུ། ཧུར་བརྩོན་གྱིས་ཆེད་ལས་གསོ་སྤེལ་མཉམ་ལས་ཁང་འཛུགས་གྲབས་བྱས་པ་དང་། ཞིང་ཕྱུགས་ཚན་རྩལ་ཞབས་ཞུ་ལྟེ་གནས་ཀྱི་ཆེད་ལས་མི་སྣ་གདན་འདྲེན་ཞུས་ནས་དབུལ་ཕོངས་ཁྱིམ་ཚང་རྣམས་ལ་ཚན་རྩལ་སྐོར་གྱི་གསབ་སྦྱོང་བྱས་པ་དང་། དེ་ནས“མཉམ་ལས་ཁང་དང་ཕྱུགས་ལས་ཁྱིམ་ཚང”གི་ཐུན་མོང་དཔལ་འབྱོར་གྱིས་སྒེར་གཉེར་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཏེ། དབུལ་ཐར་གྱི་དཔེ་དབྱིབས་རྣམ་པ་ཆགས། ད་ལྟ་སྒོས་བརྒྱངས་དང་གསའ་ཁོག་སྡེ་བ་གཉིས་ལ་སོ་ཕག་བཟོ་གྲྭ་དང་ནོར་གནག་དང་འབྲོག་ལུག་གསོ་སྤེལ་དབུལ་ཐར་ཐོན་ལས་ཡོད་པར་གྱུར་ལ། དབུལ་ཕོངས་ཁྱིམ་ཚང་གིས་ལོ་རེ་བཞིན་ཐོན་ལས་ཀྱི་ཁེ་སྤོགས་ཡོང་འབབ་ལེན་བཞིན་ཡོད།
2019ལོའི་ལོ་སྨད་དུ་སྒོས་བརྒྱངས་དང་གསའ་ཁོག་སྡེ་བ་གཉིས་དབུལ་ཐར་བྱེད་ཐུབ་པ་བྱུང་། ད་ལོར་ཕ་བུ་གཉིས་ཀྱིས་སླར་ཡང་མཉམ་དུ་ལག་རྡང་སྦྲེལ་ནས་འབྱོར་འབྲིང་ལམ་དུ་བསྐྱོད་པའི་དམིགས་འབེན་གཏན་འབེབས་བྱས། ཕ་བུ་གཉིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ལ་གདོང་གཏད་ནས། སྒེར་གཉེར་དབུལ་ཁྱིམ་གྱི་སེམས་ཤུགས་ཉམས་པར་སེམས་ཁྲལ་བྱེད་ཀྱིན་ཡོད་ལ། ཁོ་ཚོར་སྐུལ་འདེད་སེམས་གསོ་བྱེད་པ་ལས་གཞན། དུས་ཐོག་ཏུ་ཁོ་ཚོའི་ཆེད་དུ་ཕར་རྒྱུག་ཚུར་རྒྱུག་བྱེད་ཀྱིན་ཡོད། ཨ་ཕ་རྒྱ་མཚོས་བཤད་པ་ནང་བཞིན། ཁོ་ཚོ་ངེས་པར་དུ་འབྱོར་འབྲིང་ལམ་དུ་ཁྲིད་དགོས།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།