རྨ་ལྷོ་ཁུལ་གྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བརྟེན་ནས་ཕན་འབྲས་དངོས་ལོན་པ།
2020.11.23 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 9

ན་ནིང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་དང་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གཉིས་ཀྱིས《རྨ་ལྷོ་ཁུལ་ཞིང་ཆེན་རིམ་པའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་ས་ཁུལ་དུ་འཛུགས་སྐྲུན་བྱེད་པའི་སྒྲོམ་གཞི་གྲོས་མཐུན》གྱི་གན་རྒྱ་བཞག དེ་དང་མཉམ་དུ་རྨ་ལྷོ་ཁུལ་གྱི་རིག་གནས་ནང་དོན་གཏིང་ཟབ་ཏུ་སྔོག་འདོན་བྱས་ཏེ། “ནུབ་ཡུལ་གྱི་གནས་མཆོག ངོ་མཚར་གྱི་རྨ་ལྷོ”ཞེས་པའི་ཚོང་རྟགས་གྲགས་ཅན་བསྐྲུན་ནས། རིག་གནས་དང་ཡུལ་སྐོར་གྱི་ཐོན་ལས་སྐྱེད་སྲིང་དང་རྒྱ་ཆེར་བཏང་བ་དང་། རིག་གནས་ཡུལ་སྐོར་གྱི་ཤུགས་རྐྱེན་ནུས་ཤུགས་དང་འགུག་ཤུགས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་ཞིང་། རྨ་ལྷོ་དེ་འཛམ་གླིང་ཐང་གའི་སྒྱུ་རྩལ་གྲོང་ཁྱེར་དང་། མཚོ་སྔོན་དང་ཀན་སུའུ། སི་ཁྲོན་གསུམ་གྱི་འདྲེས་མཚམས་ས་ཁུལ་གྱི་ཁྱད་ལྡན་ལོ་རྒྱུས་རིག་གནས་མཁར་གྲོང་གྲགས་ཅན་དུ་ཧུར་བརྩོན་གྱིས་བསྐྲུན་པས། ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ལས་རིགས་མགྱོགས་མྱུར་གྱིས་འཕེལ་རྒྱས་འབྱུང་བ་ལ་སྐུལ་འདེད་གཏོང་བར་ཉམས་མྱོང་གལ་ཆེན་འདོན་སྤྲོད་བྱས།

དེ་ནི་རྨ་ལྷོ་ཁུལ་གྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་ཐབས་མཆོག་བཀོལ་ནས་ཕན་འབྲས་དངོས་ལོན་པའི་བསྡུས་གཟུགས་རེད།

ཉེ་བའི་ལོ་འགའི་རིང་ལ། རྨ་ལྷོ་ཁུལ་གྱིས་ཕུན་སུམ་ཚོགས་པའི་རིག་གནས་ཐོན་ཁུངས་ལ་བརྟེན་ནས། “ས་ཁུལ་གཅིག་དང་གླིང་བཞི་གནས་མང”གི་འཕེལ་སྟངས་ལྟར། རྨ་ལྷོ་ཁུལ་རྒྱལ་ཁབ་རིམ་པའི་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ་དང་མི་རིགས་གསུམ་གྱི་རིག་གནས་ཐོན་ལས་ཁྱམས་རིང་གི་ལྟེ་གནས་ས་ཁུལ་འཛུགས་སྐྲུན་བྱེད་པའི་གོ་སྐབས་བེད་སྤྱོད་གང་ལེགས་བྱས་ཏེ། ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་བ་དང་། “ཁྱིམ་ཚང་ཁྲི་སྟོང”གི་བཟོ་འགོད་ལག་བསྟར་བྱས་ནས། རེབ་གོང་རིག་གནས་སྒྱུ་རྩལ་པ་དང་རིག་གནས་ཁེ་ལས་གྲགས་ཅན་སྐོར་ཞིག་གསོ་སྐྱོང་བྱས་པས། ཐུན་མོང་མ་ཡིན་ཞིང་ཁྱད་ཆོས་ལྡན་པའི་རེབ་གོང་རིག་གནས་ཐོན་ལས་ཀྱི་ཁྱུ་ཚོགས་ཤིག་གྲུབ་ཅིང་། དེ་ནི་མཚོ་སྔོན་གྱི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཆེས་ཕྱུག་པའི་ས་ཁུལ་གྲས་ཀྱི་གཅིག་དང་ཀྲུང་གོ་རུ་ཤུགས་རྐྱེན་ཡོད་པའི་རིག་གནས་ཡུལ་སྐོར་བྱ་ཡུལ་ཁྲོད་ཀྱི་གཅིག་ཏུ་གྱུར་ཡོད།

སྔ་གཞུག་ཏུ《རྨ་ལྷོ་ཁུལ་གྱི་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར》དང《རྨ་ལྷོ་ཁུལ་གྱི་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བའི་འཆར་འགོད》(2017ལོ་ནས2025ལོའི་བར)《རྨ་ལྷོ་ཁུལ་གྱི་རིག་གནས་འཛད་སྤྱོད་ཀྱི་ཚོད་ལྟའི་གྲོང་ཁྱེར་འཆར་འགོད》《རྨ་ལྷོ་ཁུལ་གྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ས་ཁུལ་ལག་བསྟར་ཇུས་གཞི》སོགས་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་གཏན་འབེབས་བྱས་ཏེ་བཏོན་པ་དང་། རིག་གནས་ལམ་ལུགས་གཏིང་ཟབ་ཏུ་བཅོས་བསྒྱུར་བྱེད་པ་སྒུལ་ཤུགས་དང་། སྲིད་ཇུས་དང་ཁྲིམས་སྲོལ་འཛུགས་སྐྲུན་བྱེད་པ་འགན་སྲུང་དུ་བརྩིས་ཏེ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་གཅིག་བསྡུས་ཅན་དང་ཆེད་ལས་ཅན། གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལ་མགྱོགས་པོར་སྐུལ་འདེད་བྱེད་པའི་རིགས་ལམ་བཏོན་པས། རིག་གནས་དང་ཡུལ་སྐོར་ཐོན་ལས་ལ་སྐུལ་འདེད་བྱེད་པ་དེ་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་ཐོན་ལས་གཙོ་བོར་གྱུར། “རྨ་ལྷོ་ཁུལ་གྱི་རིག་གནས་སྒྱུ་རྩལ་ལྟེ་གནས”དང“ཁྱིམ་ཚང་ཁྲི་སྟོང”གི་བཟོ་འགོད་བསྟུད་མར་ལག་བསྟར་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཁམས་ར་ལྗོངས་ཁུལ་དཀྱིལ་སྙིང་ཡིན་པའི་ཕྱི་དར་རིག་གནས་ཐོན་ལས་ཀྱི་ར་བ་དང་། རོང་བོ་དགུ་ཆུའི་བཞུར་རྒྱུད་ལྟེ་གནས་ཡིན་པའི་རེབ་གོང་རིག་གནས་སྒྱུ་རྩལ་ཐོན་ལས་ར་བ། སོག་པོའི་རིག་གནས་དཀྱིལ་སྙིང་ཡིན་པའི་རྩྭ་ཐང་སྐྱེ་ཁམས་རིག་གནས་ཐོན་ལས་ར་བ། དམེ་ཤུལ་མཛེས་ལྗོངས་དང་བོད་ཀྱི་དམངས་སྲོལ་རིག་གནས་སོགས་ལྟེ་གནས་ཡིན་པའི་བོད་ཀྱི་དམངས་སྲོལ་རིག་གནས་ཐོན་ལས་ར་བ་བཅས་བསྐྲུན། རྒྱལ་ཁབ་ཀྱིས་མ་དངུལ་བཏང་བ་དང་ཚོང་འགུག་དངུལ་འདྲེན་བྱེད་པ། དམངས་ཁྲོད་ནས་མ་དངུལ་གཏོང་བ། དངུལ་རྩས་རམ་འདེགས་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད་ནས། བྱ་བ་སྣ་ཚོགས་ལ་སྐུལ་འདེད་བྱེད་པའི་ཐད་དུ་དོན་དངོས་རང་བཞིན་གྱི་ཡར་རྒྱས་བྱུང་བ་སྟེ། 2019ལོའི་ལོ་མཇུག་བར་དུ། རིག་གནས་དང་ཡུལ་སྐོར་གཉེར་སྐྱོང་བྱེད་པའི་ཁྱིམ་ཚང་དྲུག་བརྒྱ་ལ་སླེབས་པ་དང་། ཐད་ཀར་ལས་ཀ་གཉེར་བའི་མི་ཁྲི་བཞི་ལ་སླེབས། 2019ལོར། རིམ་བསགས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་མི་ཐེངས་ས་ཡ་བརྒྱད་དང་ཁྲི་གཅིག་སྟོང་བདུན་ལྷག་སྣེ་ལེན་བྱས་པ་དེ་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ཉེར་གཅིག་དང་གྲངས་ཆུང་ལྔ་འཕར་ཡོད། ཡུལ་སྐོར་གྱི་ཡོང་སྒོ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་གསུམ་བྱེ་བ་ལྔ་མངོན་འགྱུར་བྱས་པ་དེ་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ཉི་ཤུ་དང་གྲངས་ཆུང་ལྔ་འཕར་ཡོད།

བོད་ཀྱི་རིག་གནས་དང་འཛམ་གླིང་གི་གཟུགས་འདས་རིག་གནས་ཤུལ་བཞག་སྟེ་རེབ་གོང་སྒྱུ་རྩལ་གྱི་ཕ་ས་དང་ཨ་མདོ་བོད་རིག་གནས་ཀྱི་ལྟེ་གནས་ཡིན་པའི་ཆ་ནས། རྨ་ལྷོ་ཁུལ་གྱིས“རེབ་གོང་སྒྱུ་རྩལ”དང“གཡང་མདའ” “རྡོ་བརྐོས་སྒྱུ་རྩལ” “ཆེས་མཛེས་པའི་རྩྭ་ཐང”སོགས་རིག་གནས་ཐོན་ཁུངས་སུ་བསྒྱུར་བའི་བྱེད་སྟངས་རྒྱུན་འཁྱོངས་བྱས་ཏེ། སྲིད་ཇུས་ཀྱིས་སྣེ་ཁྲིད་པ་དང་ལས་གཞིས་རམ་འདེགས་བྱེད་པ། མ་དངུལ་གྱིས་རོགས་སྐྱོར་བྱེད་པ། འཇོན་མི་སྐྱེད་སྲིང་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། གཙོ་བོ་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་དང་ཡུལ་སྐོར་གྱི་ཁེ་ལས་བསྐྲུན། ཐུན་རིན་རྫོང་གིས་སེང་གེ་གཤོང་དཀྱིལ་སྙིང་ཡིན་པའི་རེབ་གོང་ཐང་གའི་ཁེ་ལས་བསྐྲུན་པ་དང་། གཅན་ཚ་རྫོང་གིས“གཡང་མདའ”རིག་གནས་ཀྱི་འགྲན་སྡུར་བྱ་འགུལ་ལ་བརྟེན་ནས། རྨ་ཙོང་རིག་གནས་སྲོག་ཤིང་ཡིན་པའི་སྲོལ་རྒྱུན་གྱི་མདའ་གཞུ་ལས་པའི་ཁེ་ལས་བསྐྲུན། རྩེ་ཁོག་རྫོང་གིས་རྩེ་ཁོག་རྡོ་བརྐོས་གཙོ་གནད་ཡིན་པའི་རྡོ་བརྐོས་ཡུལ་སྐོར་ཐོན་རྫས་ཀྱི་ཁེ་ལས་བསྐྲུན། ཧི་ནན་རྫོང་གིས་སོག་པོའི་རིག་གནས་གཙོ་བོ་ཡིན་པའི་རིག་གནས་གསར་སྐྲུན་གྱི་ཁེ་ལས་བསྐྲུན། མིག་སྔར། ཁུལ་ཡོངས་ནས་སྔ་གཞུག་ཏུ་རྒྱལ་ཁབ་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་གཉིས་དང་ཞིང་ཆེན་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་བཞི། རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་དཔེ་སྟོན་རྟེན་གཞི་དྲུག ཞིང་ཆེན་རིམ་པའི་མི་རིགས་ལག་ཤེས་བཟོ་ལས་ཐོན་རྫས་ཀྱི་དབུལ་སྐྱོར་རྟེན་གཞི་བཅུ་བཞི། རིག་གནས་དང་ཡུལ་སྐོར་ཉམས་ལེན་ལྟེ་གནས་བཅུ་དགུ། གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུད་འཛིན་རྟེན་གཞི་བརྒྱད་བཅས་སྐྱེད་སྲིང་བྱས། དེའི་ནང་། གཙོ་བོར་རེབ་གོང་སྒྱུ་རྩལ་གླིང་དང་རིག་འབྱུང་སྒྱུ་རྩལ་གླིང་། ཀླུ་སྒྲུབ་སྒྱུ་རྩལ་གླིང་སོགས་གཞི་ཁྱོན་ཅན་དང་ཚོང་རྟགས་མིང་གྲགས་ཅན། ཚད་ལྡན་ཅན་བཅས་ཀྱི་རིག་གནས་སྣེ་ཁྲིད་ཁེ་ལས་སྐོར་ཞིག་ལ་རོགས་སྐྱོར་དང་སྐྱེད་སྲིང་བྱས། རིག་གནས་དང་ཡུལ་སྐོར་ཁེ་ལས། རིག་གནས་དང་ཡུལ་སྐོར་ཐོན་རྫས་ཀྱི་ཚོང་རྟགས་གྲགས་ཅན་གྱི་ཕན་འབྲས་རིམ་བཞིན་མངོན་གསལ་དུ་གྱུར།

རྨ་ལྷོ་ཁུལ་གྱིས་ད་རུང་མཚོ་སྔོན་རེབ་གོང་རིག་གནས་སྒྱུ་རྩལ་དུས་ཆེན་སྣེ་ཁྲིད་དུ་བརྩིས་ཏེ། ཐང་ག་འབྲི་བཞེངས་འགྲན་སྡུར་དང་ཨ་མདོ་དམངས་གླུ་འགྲན་སྡུར། ཟློས་གར་སྒྱུ་རྩལ་འཁྲབ་སྟོན་གཟའ་འཁོར། རེབ་གོང་སྒྱུ་རྩལ་དུས་ཆེན། གཡང་མདའ། རྡོ་བརྐོས་སྒྱུ་རྩལ་ཐོན་ལས་བཤམས་སྟོན། ན་ཏ་མུའུ་རྩྭ་ཐང་རྒྱས་འཛོམས་སོགས་ཀྱི་དུས་ཆེན་གྱི་ཚོང་རྟགས་གྲགས་ཅན་ཧྲིལ་བསྡུས་དང་མཛེས་སྤྲས་བྱས་ཏེ་རྒྱུན་ཆད་མེད་པར་ཁྱད་ལྡན་རིག་གནས་སྔོག་འདོན་བྱས། སྔ་གཞུག་ཏུ《སྲོང་བཙན་སྒམ་པོ》དང《ཡིད་འཕྲོག་ལྷ་མོ》། དེ་མིན་རིག་གནས་དང་ཡུལ་སྐོར་ནང་དོན་གྱི་ཟློས་གར《རེབ་གོང་ཐང་ག》བཅས་བདེ་བླག་གིས་བསྒྲིགས་ནས། རྒྱལ་ཁབ་སྒྱུ་རྩལ་གྱི་ཐེབས་རྩའི་ལས་གཞི་བརྩོན་ལེན་བྱས་པ་དང་། ཟློས་གར་ཆེན་པོ་གཉིས་རྩ་འཛུགས་བྱས་ཏེ་རྒྱལ་ནང་དུ་ཐེངས་ཉིས་བརྒྱ་ལྷག་ལ་སྐོར་འཁྲབ་བྱས་པར་ཚང་མས་དགའ་བསུ་ཐོབ། “གཞི་ཁྱོན་ཆེས་ཆེ་བའི་ཐང་གའི་བཤམས་སྟོན”དང“མི་ཆེས་མང་པོས་མཉམ་དུ་ཐང་ག་བཞེངས་པ”གཉིས་ཀྱི་འཆར་གཞི་བཀོད་ནས་ཡར་ཞུ་བྱས་པས་ཅི་ཉི་སི་འཛམ་གླིང་ཟིན་ཐོ་རུ་བདེ་བླག་ངང་བཀོད་པས། ཡུལ་ཁོངས་ཀྱི་ཁྱད་ལྡན་རིག་གནས་ཀྱི་ཤུགས་རྐྱེན་རྒྱ་བསྐྱེད་པ་དང་མཉམ་དུ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་མང་པོ་བཀུག རང་ཡུལ་གྱི་སྡེ་བ་དང་གྲོང་རྡལ་གྱི་ཐོན་ལས་དང་དམངས་སྲོལ། ལག་ཤེས་སྒྱུ་རྩལ། བཟོ་སྐྲུན་སོགས་ཡུལ་ཁོངས་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་དང་དག་ཐེར་བྱས་པ་བརྒྱུད་ནས། རྨ་ལྷོ་ཁུལ་གྱིས་ད་དུང་བདེ་སྐྱིད་སྡེ་བའི་ཞིང་སྡེའི་ཡུལ་སྐོར་གནས་དང་རེབ་གོང་ཐང་གའི་ཁྱད་ཆོས་གྲོང་རྡལ། རྡོ་བརྐོས་སྒྱུ་རྩལ་སྡེ་བ། སྲོལ་རྒྱུན་མདའ་རྩལ་གྱི་ཕ་ས་སོགས་ཁྱད་ལྡན་རིག་གནས་ཡུལ་སྐོར་གྱི་གྲོང་རྡལ་ཆུང་བ་སྐོར་ཞིག་བསྐྲུན་པར་མ་ཟད། ཐོན་ལས་དང་གྲོང་རྡལ། ཡུལ་སྐོར། སྐྱེ་ཁམས་བཅས“ཕྱོགས་བཞི་གཞི་གཅིག”གི་རིག་གནས་ཡུལ་སྐོར་གསར་བ་དང་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཞིག་ཀྱང་ཆགས་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།