བདེ་སྐྱིད་སྡེ་བ་དེ་སྔོན་གྱི་བྱེ་ཐང་ཞིག་ནས་ད་ལྟའི“སན་ཡ”ལྟ་བུར་གྱུར།
2020.11.24 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 44

ཟི་ལིང་ནས་ལམ་ལ་ཆས་ཏེ་ལྷོ་ཕྱོགས་ཀྱི་མྱུར་བགྲོད་གཞུང་ལམ་སྟེང་སྤྱི་ལེ་བརྒྱ་ཙམ་བསྐྱོད་པ་ན། གཡུ་ཡི་མདངས་ལྟར་སྔོ་བའི་རྨ་ཆུ་མཐོང་ཐུབ་པ་དང་། དེ་དུས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དུ་སླེབས་པ་རེད།

གཅན་ཚ་རྫོང་བདེ་སྐྱིད་སྡེ་བ་རྨ་ཆུའི་འགྲམ་ངོགས་སུ་འཇམ་ཐང་ངེར་གནས་འདུག རྨ་ཆུ་ནི་བདེ་སྐྱིད་སྡེ་བའི་མདུན་ཕྱོགས་སུ་རྒྱུ་བཞིན་ཡོད་པ་དང་། དེ་ལ་ངར་ཤུགས་དང་། ངར་སྒྲ་མེད་པར་དགུང་སྔོན་པོ་དང་ཉི་འོད་ཀྱི་འོག་ཏུ་ལྷིང་འཇགས་ཀྱིས་གནས་འདུག མེ་ཏོག་གི་རྒྱ་མཚོ་དང་། སྔོ་ལྗང་གི་སྡོང་བོ། ཐང་ཆེན། བསིལ་ཁང་། ལམ། བྱེ་ཐང་། ད་དུང་བྱིས་པ་ཚོའི་དགའ་སྤྲོའི་དགོད་སྒྲ་སྡེ་བ་འདིའི་བར་སྣང་ལ་ཁྱབ་འདུག སྣང་ཚུལ་དེ་དག་ནི་ས་མཐོའི་སྡེ་བ་དང་འདུ་འབྲེལ་བ་བྱེད་དཀའ་བ་ཞིག་རེད། ཕྱི་ཕྱོགས་སུ་ཡུལ་སྐོར་དྲིལ་བསྒྲགས་བྱེད་སྐབས། བདེ་སྐྱིད་སྡེ་བར“སན་ཡ་ཆུང་བ”ཞེས་བརྗོད་བཞིན་ཡོད། སྔོན་ཆད་བྱེ་ཐང་ཞིག་ནས་ད་ལྟའི་ཀྲུང་གོའི་ཆེས་མཛེས་པའི་སྤྲོ་གསེང་སྡེ་བ་ཞིག་དང་། རྒྱལ་ཡོངས་ཀྱི་སྐྱེ་ཁམས་རིག་གནས་སྡེ་བ། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྡེ་བ། རྒྱལ་ཁབ་ཀྱི་ནགས་ཚལ་ཞིང་སྡེ། རྒྱལ་ཡོངས་ཀྱི་ཞིང་སྡེ་ཡུལ་སྐོར་གཙོ་གནད་སྡེ་བ་བཅས་ཀྱི་མཚན་སྙན་ཐོབ་པ་དང་། བདེ་སྐྱིད་སྡེ་བའི་འགྱུར་ལྡོག་དེ་གཙོ་བོ་རྨ་ཆུ་ལ་བརྟེན་ནས་བྱུང་བ་རེད།

རྨ་ཆུའི་འགྲམ་ངོགས་ཀྱི་ལམ་འགྲམ་ནི་བདེ་སྐྱིད་སྡེ་བས་གཅིག་གྱུར་གྱིས་འཆར་འགོད་བྱས་པའི་ཞིང་པའི་སྤྲོ་སྐྱིད་ཁང་གཉེར་ས་ཞིག་རེད། ཁྱིམ་ཚང་རེ་རེའི་ར་སྐོར་གྱི་མདུན་དུ་ཤིང་བྱང་ཞིག་བཙུགས་ཡོད་པ་དང་། དེའི་ཐོག་སྒོ་རའི་བདག་པོའི་མིང་དང་། ཉལ་ཁྲིའི་གྲངས་ཀ བཟའ་བཏུང་གི་འགྲོ་གྲོན་ཚད་གཞི་སོགས་ཀྱི་ཆ་འཕྲིན་བྲིས་ཡོད། སྡེ་བ་དེ་རུ་ཚོང་ཁང་ཆུང་ཆུང་དང་། ཟས་རིགས་ཀྱི་སྐོར། བཟོ་རྩལ་ཐོན་རྫས། ཚོང་ཁང་སོགས་གང་སར་མཐོང་རྒྱུ་ཡོད་ཅིང་། དེ་དག་གི་མཛེས་བཟོ་ལ་རང་རང་སོ་སོའི་ཁྱད་ཆོས་ལྡན་ཞིང་། ར་སྐོར་དེ་དག་གི་ནང་བསྐྱོད་སྐབས་ཁྱིམ་ཚང་མང་ཆེ་བས་ཚོང་ཁང་དང་འདུག་ས་གཉིས་ཀ་འདྲེས་མར་བྱས་ཡོད་པ་དང་དེ་ནི་བདེ་སྐྱིད་གྲོང་ཚོའི་ཁྱད་ཆོས་ཤིག་རེད།

རྨ་ཆུའི་འགྲམ་རྒྱུད་འདི་རུ་རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་ཡུལ་སྐོར་བས་ཉི་འོད་དང་། བྱེ་ཐང་། རི་སྔོ་ཆུ་དྭངས་བཅས་ཉམས་སུ་མྱོང་བཞིན་ཡོད། བྱིས་པ་ཚོ་ཆུ་འགྲམ་དུ་རྩེད་མོར་གཡེང་བ་དང་། མི་དར་མ་ཚོས་བསིལ་གདུགས་ཀྱི་འོག་ཏུ་ཇ་འཐུང་ཞོར་གནས་འདིའི་ལྷིང་འཇགས་ཉམས་སུ་མྱོང་བཞིན་ཡོད།

རྟ་བྷ་ཚང་ནི་བདེ་སྐྱིད་སྡེ་བའི་རྨ་ཆུའི་འགྲམ་དུ་ཆགས་ཡོད།

རྟ་བྷ་ཚང་གི་སྒོ་ར་ཕྱི་ནང་ཤིན་ཏུ་གཙང་ལ། ཁང་པའི་གཞོགས་གསུམ་དུ་ཟ་ཁང་དང་འགྲུལ་ཁང་མང་པོ་ལས་ཡོད།

སྒོ་རའི་ཕྱི་རོལ་དུ་རྟ་བྷས་ད་དུང་ཅོག་ཙེ་ཁ་ཤས་བཀོད་སྒྲིག་བྱས་པ་དང་། ཡུལ་སྐོར་བས་ཕྱོགས་གཅིག་ནས་རྨ་ཆུའི་མཛེས་ལྗོངས་ལ་ལྟ་བཞིན་ཕྱོགས་གཞན་ཞིག་ནས་རོ་བཅུད་ལྡན་པའི་ཟས་མཆོག་ལ་རོལ་ཆོག

རྟ་བྷ་དང་ཁོང་གི་ཆུང་མ་གཉིས་ཀྱིས་མགྲོན་འབོད་བྱེད་བཞིན་ལས་ཀར་བྲེལ་བཞིན་འདུག

རྟ་བྷ་ཡིས་བཤད་རྒྱུར། འདི་ནི་ང་ཚོའི་ཁྱིམ་ཚང་གསར་པ་ཡིན། ཁང་བ་གསར་པའི་ནང་གནས་སྤོས་པ་ནས་བཟུང་། ང་ཚོའི་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་བཟང་དུ་སོང་ཟེར།

རྟ་བྷ་ནི་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་ཀླུ་རྒྱ་སྡེ་བའི་ཡིན་པ་དང་། 2016ལོར་ཁོ་ཚོས་ཡུལ་གཞན་དུ་གནས་སྤོ་བའི་སྲིད་ཇུས་བཟང་པོ་ལོངས་སུ་སྤྱོད་ཐུབ་པ་བྱུང་བ་དང་། གནས་འདིར་སྤར་རྗེས་ཁོ་དང་ཆུང་མ་གཉིས་ཀྱིས་མཉམ་དུ་ཞིང་བའི་སྤྲོ་ཁྱིམ་ཁང་ཞིག་ཕྱེས་ལ། ད་དུང་ཚོང་ཁང་ཞིག་ཀྱང་ཕྱེས་ཡོད་པ་རེད། ཞིང་བའི་སྤྲོ་ཁྱིམ་ཁང་དེ་ནི་རྟ་བྷ་ཡིས2018ལོར་ལས་གཉེར་བྱས་པ་ཞིག་རེད།

རྟ་བྷ་ཡིས་བཤད་རྒྱུར། ཉིན་འདི་དག་ལ་ཡུལ་སྐོར་བ་མང་པོ་ཡོད་པ་རེད། ངེད་ཚང་ལ་ཡོང་ནས་ཟ་མ་ཟ་མཁན་གྱི་མི་ཡང་མང་པོ་འདུག མཚམས་ལན་རེར་བྲེལ་བ་ཤིན་ཏུ་ཆེ་ཟེར། ཉིན་མ་རེ་རེར་ཡུལ་སྐོར་བ་མང་པོ་ཡོང་བ་དང་བསྟུན་ནས་ཁོ་ཚང་གི་ཞིང་བའི་སྤྲོ་ཁྱིམ་ཁང་གི་ཚོང་ཡང་ཧ་ཅང་བཟང་། རྟ་བྷ་ཡིས་དགའ་སྤྲོའི་ངང་ནས་ད་ལྟ་ངེད་ཚང་གི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་སྒོ་སྒོར་མོ་ཁྲི་གཅིག་ལ་སླེབས་ཡོད་པས། འཚོ་བ་ཇེ་སྐྱིད་ནས་ཇེ་སྐྱིད་རེད་ཟེར།

ད་ལྟ། རྟ་བྷ་བཟའ་ཟླ་གཉིས་ཀྱིས་ཞིང་བའི་སྤྲོ་ཁྱིམ་ཁང་དང་ཚོང་ཁང་གཉིས་མཉམ་དུ་གཉེར་བཞིན་ཡོད་པ་དང་། བྱིས་པ་གསུམ་པོའང་ཐག་ཉེ་ས་ནས་སློབ་གྲྭར་བསྐྱོད་ཐུབ་པ་བྱུང་བས་བཟའ་མི་གང་བོས་དགའ་སྤྲོའི་ངང་འཚོ་བ་རོལ་བཞིན་ཡོད།

ཡིན་ཡང་། 2016ལོའི་སྔོན་ལ། ཁོ་ཚང་གི་འཚོ་བའི་རྣམ་པ་ནི་གཞན་ཞིག་རེད།

ཡུལ་གཞན་དུ་གནས་མ་སྤོས་གོང་ལ། ཁོ་ཚང་གི་བཟའ་ཚང་གང་བོ་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་ཀླུ་རྒྱ་སྡེ་བར་བསྡད་ཡོད། སྡེ་བ་དེ་རུ་འགྲིམ་འགྲུལ་སྟབས་མི་བདེ་བ་དང་། ཐོན་ཁུངས་དཀོན་པ་མ་ཟད། ཐ་ན་འཐུང་ཆུ་ཡང་ཧ་ཅང་དཀའ་བ་རེད།

རྟ་བྷ་ཡིས་བཤད་རྒྱུར། སྔོན་ཆད་ཁྱིམ་གྱི་ཡོང་སྒོ་གཙོ་བོ་ནི་ཕྱི་ལ་སོང་ནས་ཞོར་ལས་གཉེར་བ་དང་ཆུང་མས་ས་ཞིང་འདེབས་པ་ལ་བརྟེན་དགོས། ལོ་ཧྲིལ་བོའི་ཡོང་སྒོ་དེ་སྒོར་མོ་སྟོང་དྲུག་ལྷག་ལ་སླེབས་ཡོད་པ་དང་། འཚོ་བ་ཧ་ཅང་སྡུག་པོ་ཡིན་པ་རེད་ཟེར།

རྟ་བྷ་མགོ་ན་བའི་དོན་ཞིག་ཡོད་པ་དེ་ནི་ཆུང་མའི་སྨན་བཅོས་དང་བྱིས་པའི་སློབ་གྲྭ་འདོན་པའི་གནད་དོན་དེ་རེད། ཆུང་མའི་ལུས་ཕུང་མི་བདེ་བ་དང་། ཐེངས་རེ་རེར་སྨན་པར་སྟོན་ན་རྟ་བྷ་འཕྲུལ་རྟར་ཞོན་ནས་ཆུང་མ་གཅན་ཚ་རྫོང་ཐོག་ཏུ་བསྐྱལ་དགོས། བྱིས་པ་ཚོའི་སློབ་ཞུགས་གནད་དོན་དེ་ཡང་ཁོར་མཚོན་ན་གནད་དོན་ཞིག་ཏུ་གྱུར་ཡོད། བྱིས་པ་གཉིས་ཀྱི་ཁྲོད་གཅིག་སློབ་འབྲིང་འགྲིམས་བཞིན་ཡོད་པ་དང་། གཅིག་སློབ་ཆུང་འགྲིམས་བཞིན་ཡོད། བདེ་སྐྱིད་སྡེ་བར་གནས་མ་སྤོས་གོང་། རྟ་བྷ་ཡིས་གཟའ་འཁོར་རེ་རེར་བུ་མོ་ཆེ་བ་གཅན་ཚ་རྫོང་གི་སློབ་འབྲིང་ནང་དུ་སློབ་གྲྭར་བསྐྱལ་བཞིན་ཡོད་པ་དང་། ཉིན་མ་རེ་རེ་བཞིན་དུ་བུ་མོ་འབྲིང་བ་སློབ་གྲྭར་བསྐྱལ་བསུ་བྱེད་བཞིན་ཡོད་ལ། ཆུང་མས་ཡུལ་ནས་བུ་མོ་ཆུང་བ་གཉོར་སྐྱོང་བྱེད་བཞིན་ཡོད་པས། ཁོ་རང་ཞོར་ལས་བྱེད་དུ་འགྲོ་ཁོམ་མེད་པ་དང་། ཁྱིམ་གྱི་དཀའ་ངལ་སེལ་དཀའ་བར་གྱུར།

རྟ་བྷ་ཚང་དཀའ་ཁག་ལ་འཕྲད་པའི་སྐབས་ཏེ། 2016ལོར་སྲིད་གཞུང་གི་སྲིད་ཇུས་བཟང་པོས་ཁོ་ཚོར་རེ་བ་མཐོང་དུ་བཅུག

2016ལོར་གཅན་ཚ་རྫོང་གིས་ཡུལ་གཞན་དུ་གནས་སྤོའི་ལས་གཞི་ལག་བསྟར་བྱས་པ་དང་། 2017ལོའི་ལོ་མཇུག་ལ། རྟ་བྷ་བཟའ་མི་གང་བོ་གསལ་ཞིང་ཡངས་པའི་ཁྱིམ་གཞི་གསར་བའི་ནང་གནས་སྤོ་ཐུབ་པ་བྱུང་། ཁོར་ཡུག་བཟང་པོ་དེ་ལ་ལྟ་བཞིན་རྟ་བྷ་ཡི་སེམས་ལ་རང་སྟོབས་རང་སྤེལ་བྱེད་རྒྱུའི་ཐག་བཅད་དེ། རང་ཉིད་ལ་དབང་བའི་ཞིང་བའི་སྤྲོ་ཁྱིམ་ཁང་ཞིག་གཉེར།

སྲིད་ཇུས་བཟང་པོའི་རོགས་སྐྱོར་འོག རྟ་བྷ་ཡིས་སྒོར་མོ་ཁྲི་གཉིས་ཙམ་བཏང་སྟེ། བཟའ་བཏུང་དང་། ཞག་སྡོད་བྱེད་ས། ཚོང་ཁང་བཅས་གཞི་གཅིག་ཅན་གྱི་ཞིང་བའི་སྤྲོ་ཁྱིམ་ཁང་ཞིག་བཙུགས་པ་དང་། 2018ལོར། ཁོའི་ཞིང་བའི་སྤྲོ་ཁྱིམ་ཁང་དེ་དངོས་སུ་སྒོ་ཕྱེས་ཐུབ་པ་བྱུང་།

སྤྲོ་ཁྱིམ་ཁང་དེའི་སྒོ་ཕྱེས་རྗེས་ཚོང་ཇེ་བཟང་ནས་ཇེ་བཟང་ཡིན་པ་དང་། ཟླ་རེ་རེའི་ཡོང་སྒོ་སྒོར་མོ་སྟོང་ལྔ་དྲུག་ལས་མེད་ལ། དེ་ནི་རྟ་བྷ་ཚང་གི་སྔོན་ཆད་ཀྱི་ལོ་གཅིག་གི་ཡོང་སྒོ་ཡིན་པ་རེད། ཚོང་ཇེ་བཟང་ནས་ཇེ་བཟང་དུ་སོང་བས་རྟ་བྷ་བཟའ་ཚང་གང་བོའི་གདོང་ལ་འཛུམ་མདངས་ཀྱིས་ཁེངས་འདུག

རྟ་བྷ་ཆེས་དགའ་བའི་དོན་དག་ཅིག་ཡོད་པ་དེ་ནི་བྱིས་པའི་སློབ་ཞུགས་གནད་དོན་ཐག་གཅོད་བྱེད་ཐུབ་པ་བྱུང་ཡོད་པ་དེ་རེད། བདེ་སྐྱིད་སྡེ་བ་རུ་བྱིས་གཉོར་ཁང་བཙུགས་ཡོད་པ་དང་། བདེ་སྐྱིད་སྡེ་བ་དང་སྤྱི་ལེ་གཉིས་ཀྱི་མཚམས་སུ་ད་དུང་སློབ་ཆུང་ཞིག་ཀྱང་བཙུགས་ཡོད་ལ། རྟ་བྷ་བྱིས་པ་ཚོ་སློབ་གྲྭར་འགྲོ་བའི་དོན་ལ་ཡར་རྒྱུགས་མར་རྒྱུགས་བྱེད་མི་དགོས་ཤིང་། འདིས་ཁོ་རང་གིས་དུས་ཚོད་མང་པོ་བཀོལ་ནས་ཞིང་བའི་སྤྲོ་ཁྱིམ་ཁང་ལ་བདག་བྱེད་ཁོམ་ཡོད་པར་གྱུར།

བདེ་སྐྱིད་སྡེ་བ་རུ་རྟ་བྷ་དང་འདྲ་བའི་མི་ཧ་ཅང་མང་པོ་ཡོད། རྨ་ཆུའི་འགྲམ་རྒྱུད་དུ། ཁོ་ཚོས་རང་སྟོབས་རང་སྤེལ་དང་ལས་བརྩོན་ཕྱུག་འགྱུར་གྱི་ཁྱིམ་ཚང་ཞིག་སྐྲུན་ཡོད་པ་རེད།

དབུལ་སྐྱོར་མཁྲེགས་གཏོར་གྱི་བྱ་བ་སྤེལ་བའི་ཚུན་ལ། གཅན་ཚ་རྫོང་གིས་ཡུལ་གཞན་དུ་གནས་སྤོ་དབུལ་སྐྱོར་བྱ་རྒྱུ་དེ་དབུལ་སྐྱོར་མཁྲེགས་གཏོར་གྱི་གནད་ས་ཞིག་ཏུ་བརྩིས་ནས། ས་བབ་མཐོ་བ་དང་གྲང་ངར་ཆེ་བའི་ས་ཁུལ་དུ་འཚོ་བ་སྐྱེལ་བཞིན་ཡོད་པས། ས་གནས་རང་ནས་དབུལ་ཐར་བྱེད་དཀའ་བའི་དབུལ་ཕོངས་མང་ཚོགས་རྣམས་འཚོ་གནས་ཆ་རྐྱེན་དང་འཕེལ་རྒྱས་ཀྱི་བར་སྟོང་ཅུང་བཟང་པོའི་རྨ་ཆུའི་འགྲམ་དུ་གནས་སྤར་བ་དང་། མང་ཚོགས་ཀྱི་ཡོང་སྒོ་དེ་གནས་མ་སྤར་གོང་གི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་མོ་སུམ་སྟོང་བདུན་བརྒྱ་ནས་སྒོར་མོ་སྟོང་དགུ་དང་བརྒྱད་བརྒྱར་སླེབས་པ་དང་། ༼སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ༽གྱི་དམིགས་འབེན་རེ་བར་ཐོན།

2018ལོར། གཅན་ཚ་རྫོང་གི་ཞང་གྲོང་བདུན་དང་སྡེ་བ་སུམ་ཅུའི་ཁྱིམ་ཚང་ཉིས་བརྒྱ་དང་ང་གཅིག་གི་མི་དགུ་བརྒྱ་དང་ཞེ་དྲུག་དབུལ་ཕོངས་མང་ཚོགས་རྣམས་གཅིག་བསྡུས་ཀྱིས་ཞིང་སྡེའི་ཡུལ་སྐོར་གྱི་སྦས་ཤུགས་ཆེན་པོ་ལྡན་པའི་བདེ་སྐྱིད་སྡེ་བར་གནས་སྤར། 2019ལོར། བདེ་སྐྱིད་སྡེ་བས་ཡུལ་སྐོར་བ་མི་འབུམ་གཉིས་དང་ཁྲི་བརྒྱད་དང་། རླངས་འཁོར་ཁྲི་ལྔ་དང་སྟོང་གཉིས་སྣེ་ལེན་བྱས་པ་དང་། ཡུལ་སྐོར་ཕྱོགས་བསྡུས་ཡོང་སྒོ་སྒོར་མོ་ས་ཡ་བདུན་དང་འབུམ་བཞི་ལ་སླེབས་ཅིང་། མང་ཚོགས་ལ་སྒོར་མོ་འབུམ་བརྒྱད་ལྷག་གི་ཡོང་སྒོ་བགོ་བྱ་བརྒྱབ་པས། གནས་སྤོ་མང་ཚོགས་ཀྱིས་རི་ཆུ་ལ་བརྟེན་ནས་ཡུལ་སྐོར་གྱི་ཡོང་སྒོ་ལེན་ཐུབ་པ་བྱུང་བ་རེད།

བདེ་སྐྱིད་སྡེ་བ་དེ་དོན་ངོ་མའི་ཐོག་ནས་རྗེས་མཐུད་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་ཆེད། བདེ་སྐྱིད་སྡེ་བས་ས་ཞིང་འཁོར་རྒྱུག་དང་གཞན་ལ་གླ་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ། དབུལ་ཕོངས་མང་ཚོགས་ཀྱིས་སྡོང་ཕྲུག་དང་། བོད་ཇ་འདེབས་འཛུགས། ཞིང་ལས་ཉམས་ལེན་བཅས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་ལྟ་སྐོར་ཞིང་ལས་གླིང་གཉེར་རྒྱུར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱས་པས། ཁྱད་སྟོབས་གཅིག་འདུས་དང་གཞི་རྒྱ་ཅན་གྱི་ཕན་འབྲས་ཐོན་ཡོད་པ་རེད། གནས་སྤོ་མང་ཚོགས་བརྒྱ་དང་ཉི་ཤུ་ཡིས་སྡོང་ཕྲུག་འདེབས་གསོ་དང་། བོད་ཇ་འདེབས་འཛུགས། སྔོ་ཚོད་དང་སིལ་ཏོག་བཏོག་པ་སོགས་བྱས་པ་ལས་ལོ་གཅིག་གི་ཡོང་སྒོ་སྒོར་མོ་ས་ཡ་གཅིག་ཡན་ལ་སླེབས་པར་བྱས་པ་དང་། མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་མོ་སྟོང་བདུན་ལ་འཕར་ཡོད་ཅིང་། དེ་ཡིས་དབུལ་ཕོངས་མང་ཚོགས་རྣམས་ཀྱིས་ཐག་ཉེ་ས་ནས་ཞོར་ལས་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱས་ཏེ། གནས་སྤོ་མང་ཚོགས་ཀྱིས་རང་ཉིད་ཀྱི་སྒོ་ཁ་ནས་སྒོར་མོ་བཙལ་ཐུབ་པ་བྱུང་ཡོད།

བདེ་སྐྱིད་སྡེ་བས་འོད་འཕྲོའི་ཐོན་ཁུངས་བཀོལ་སྤྱོད་ལེགས་པོ་བྱས་པ་དང་། དབུལ་སྐྱོར་གསར་སྤེལ་དང་། ནུས་ཁུངས་གསར་བ་བཀོལ་སྤྱོད་དང་ནུས་ཁུངས་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་ཟུང་འབྲེལ་བྱེད་པའི་བྱེད་ཐབས་སྤྱད་དེ། རོགས་འཛུགས་མ་དངུལ་ལ་བརྟེན་ནས་བདེ་སྐྱིད་སྡེ་བའི་འཕེལ་རྒྱས་ཁྱིམ་ཚང་ལ་འོད་ནུས་དབུལ་སྐྱོར་ཐོན་ལས་ལས་ཏེ། གནས་སྤོ་ཁྱིམ་ཚང་ཉིས་བརྒྱ་དང་ང་གཅིག་གི་ཁང་ཀླད་དུ་འོད་ནུས་གློག་འདོན་མ་ལག་དང་གློག་གི་མ་ལག་སྒྲིག་སྦྱོར་བྱས་པ་དང་། རང་ཉིད་ཀྱིས་བཀོལ་སྤྱོད་བྱེད་པ་དང་། གློག་འཕྲོ་མས་དྲ་བ་རྩེ་བ་སོགས་ཀྱི་རྣམ་པ་སྤྱད་དེ།  ཁྱིམ་ཚང་རེ་ལ་ལོ་རེར་སྒོར་མོ་སྟོང་ལྔ་ལྷག་གི་བརྟན་འཇགས་ཀྱི་ཡོང་སྒོ་ཡོད་པར་གྱུར།

དེ་ལས་གཞན། གནས་སྤོ་མང་ཚོགས་ཀྱི་ཁྱིམ་ཚང་རེའི་མི་གཅིག་རེ་བརྟན་འཇགས་ཀྱི་ལས་ཞུགས་བྱེད་ཐུབ་པའི་དམིགས་འབེན་མངོན་འགྱུར་བྱེད་ཆེད། སྔ་རྗེས་སུ་སྐྱེ་ཁམས་སྤྱི་ཕན་རང་བཞིན་གྱི་ལས་གནས་བརྒྱ་དང་གྱ་གཅིག་དང་། ཡུལ་སྐོར་ཞབས་ཞུ་པ་ཉེར་དགུ སྡེ་བའི་ཉེན་རྟོག་པ་གཉིས། ཆུ་སྦུག་དོ་དམ་པ་གཉིས། ཁོར་ཡུག་གཙང་སྦྲ་བྱེད་མཁན་སུམ་ཅུ། བདེ་སྲུང་བ་བཅུ། འོད་ནུས་དོ་དམ་པ་བཅོ་ལྔ་བཅས་བསྐོ་འཇོག་བྱས། བདེ་སྐྱིད་སྡེ་བའི་དོ་དམ་ཞབས་ཞུའི་བྱ་བར་ཁྱོན་ཡོངས་ནས་འགན་འཁུར་བའི་བྱ་བ་དེས་ཐད་ཀར་མི་སུམ་བརྒྱ་དང་ང་གཉིས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་དང་། དེས་བདེ་སྐྱིད་སྡེ་བ་ཡོངས་ཀྱི་ངལ་རྩོལ་པའི་བརྒྱ་ཆའི་བདུན་ཅུ་ཟིན་ཡོད་ལ། དེ་ཡིས་དཀའ་ངལ་ཆེ་བའི་མང་ཚོགས་ལ་ས་གཞན་དུ་དབུལ་སྐྱོར་གནས་སྤོ་བྱས་པའི་ཁྲོད་རང་ཉིད་དངོས་སུ་ཞུགས་པ་དང་། བདེ་སྐྱིད་སྡེ་བ་འཛུགས་སྐྲུན་བྱེད་པའི་ཁྲོད་རང་ཉིད་དངོས་སུ་ཡོད་པ། དཔལ་འབྱོར་སྟེང་རང་ཉིད་ལ་ཐོབ་བྱ་ཡོད་པ་ལྟ་བུའི་ཚོར་བ་བྱུང་དུ་བཅུག་ཡོད།

ལོ་ཙཱ། ཚེ་རིང་སྒྲོལ་མ།