རྨ་ཆུའི་མགོ་ཁུངས་ཀྱི་ཁྱིམ་ཚང་དང་པོ།
2020.11.26 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 30

རྨ་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་ཤེས་རིག་གི་འབྱུང་ཁུངས་གཙོ་བོ་ཡང་ཡིན། རྨ་ཆུའི་མགོ་ཁུངས་ནི་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་རྨ་སྟོད་ཡུལ་ཚོ་ཡིན། རྨ་ཆུ་སྔོན་མོ་གནས་མཆོག་འདིའི་ཕང་བ་རུ་བརྡོལ་ཅིང་། མཚོ་སྔོན་དང་། སི་ཁྲོན། ཀན་སུའུ། ཉིང་ཞ། ཧྲའན་ཞི། ཧྲན་ཞི། ཧུའུ་ནན། ཧྲན་ཏུང་བཅས་ཞིང་ཆེན་དགུ་བརྒྱུད་མཐར་པའོ་ཧེ་རྒྱ་མཚོའི་ནང་དུ་འབབ་པ་རེད། རྨ་ཆུའི་སྤྱིའི་རིང་ཚད་ལ་སྟོང་རྨིད་ལྔ་སྟོང་བཞི་བརྒྱ་རེ་བཞི་ཡོད། འབབ་རྒྱུད་ཀྱི་རྒྱ་ཁྱོན་ལ་སྟོང་རྨིད་གྲུ་བཞི་མ་འབུམ་བདུན་དང་ཁྲི་ལྔ་སྟོང་གཉིས་དང་བཞི་ཅུ་ཞེ་བཞི་ ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་བླང་བྱ་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ། རྨ་ཆུའི་ཡུན་རིང་བདེ་འགོད་ལ་འགན་སྲུང་དང་།འབབ་རྒྱུད་ཡོངས་སུ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱེད་པ།མི་དམངས་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་གཏོང་བ།རྨ་ཆུའི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་དང་དར་སྤེལ་བཅས་བྱེད་པར་དམིགས་ནས། ང་ཚོས་མཉམ་དུ། རྨ་ཆུའི་གཏམ་རྒྱུད་བཤད་ཅིང་། རྨ་ཆུའི་དྭངས་གཙང་བསྲུངས་ནས། རྨ་ཆུ་ནི་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་བདེ་སྐྱིད་ཆུ་བོར་འགྱུར་དུ་འཇུག་དགོས།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་མཁར་ནས་རྨ་ཆུའི་མགོ་ཁུངས་བར་སྤྱི་ལེ་ཉིས་བརྒྱ་ལྷག་ཡོད་ལ། གསར་འགོད་པ་ཆུ་དམར་ལེབ་རྫོང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཐེ་བཟའ་ཟླ་གཉིས་ཀྱི་འགྲོ་རོགས་འོག་རྨ་ཆུའི་མགོ་ཁུངས་སུ་ཆས། ཞོགས་པའི་ཉི་འོད་སེར་ལམ་མེར་རྩྭ་ཐང་གི་གཞི་རུ་འཕྲོས་ཤིང་།  ནམ་ཟླ་ཉིན་རེ་བཞིན་ཇེ་འཁྱག་ཏུ་ཕྱིན་ནས་རྩྭ་རྩིའི་མགོ་འཕང་ངང་གིས་དུད་ཅིང་བ་མོ་ཆགས་ཏེ་དཀར་སོབ་སོབ་བྱེད།

དགེ་ཆོས་ཚང་ནི་རྨ་ཆུའི་མགོ་ཁུངས་ཀྱི་ཁྱིམ་ཚང་དང་པོ་ཡིན་ལ། ཁོ་ཚང་གི་ཁང་པའི་ཕྱི་ལོགས་ཀྱི་གྱང་ངོས་སུ་བཟའ་མི་གང་པོའི་འདྲ་པར་ཆེན་པོ་ཞིག་སྦྱར་འདུག་ལ། འདྲ་པར་གྱི་གོང་རོལ་ཏུ“རྨ་ཆུའི་མགོ་ཁུངས་ཀྱི་ཁྱིམ་ཚང་དང་པོ”ཞེས་བྲིས་འདུག ལོ་ཟླའི་ཆར་རླུང་རྩུབ་པོས་འདྲ་པར་དེའི་ཚོས་གཞི་ཅུང་སྐྱ་ལོག་གེར་བཏང་འདུག་མོད། འོན་ཀྱང་མི་རེ་རེའི་གདོང་གི་ལྷུག་པོར་གྲོལ་བའི་འཛུམ་མདངས་གསལ་པོར་མཐོང་ཐུབ།

དགེ་ཆོས་ཀྱིས་ཡུད་ཙམ་ལ་བསམ་བློ་བཏང་རྗེས“ལོ་བདུན་བརྒྱད་ཙམ་གྱི་ཡར་སྔོན་དུ་འདྲ་པར་ལེན་རྒྱུར་དགའ་བའི་མི་ཞིག་རྨ་ཆུའི་མགོ་ཁུངས་ཀྱི་མཛེས་ལྗོངས་པར་ལེན་དུ་ཡོང་། ཁོ་ངེད་ཚང་དུ་ཉིན་གཉིས་གསུམ་རིང་བསྡད། འགྲོ་ཁར་ཁོས་ངེད་ཚང་གི་བཟའ་མི་གང་པོར་པར་བླངས་ཤིང་། ཟླ་གཉིས་ཀྱི་རྗེས་སུ་ཁོ་རང་ཡང་བསྐྱར་རྨ་ཆུའི་མགོ་ཁུངས་སུ་པར་ལེན་དུ་སླེབས། དེ་དུས་ཁོས་སྔོན་ལ་བླངས་པའི་པར་འདི་ཁུར་ནས་ཡོང་བ་རེད།”ཟེར་ཞོར་གྱང་ངོས་ཀྱི་བཟའ་མི་གང་པོའི་པར་དེ་བསྟན་བྱུང་།

དགེ་ཆོས་ཚང་ནི་རྨ་ཆུའི་མགོ་ཁུངས་ཀྱི་ཁྱིམ་ཚང་དང་པོ་ཡིན་ལ། རྨ་ཆུའི་ཆུ་མགོ་དང་ཏག་ཏག་སྤྱི་ལེ་གསུམ་ཙམ་ལས་མེད།

དགེ་ཆོས་ཀྱིས་བཤད་རྒྱུར། རྨ་ཆུའི་མགོ་ཁུངས་ཀྱི་ཆུ་མིག་ནི་ངེད་བཟའ་ཚང་གང་པོ་དང་ཕྱུགས་ཟོག་ཡོངས་ཀྱི་འཐུང་ཆུ་ཡིན་ལ། ཡུལ་འདི་ནི་ང་ཚོའི་འཚོ་བ་རོལ་སའི་ཁྱིམ་གཞིས་ཡིན། ཁོས་ལག་ཏུ་ཆུ་ཤོག་ཅིག་བཟུང་ཞིང་། རྗེས་ལ་ཚ་བོ་གཉིས་ཀ་ཁྲིད་ནས་རྩྭ་ཐང་གི་གད་སྙིགས་འཐུ་ཞོར་ང་ཚོར་ཁོ་དང་རྨ་ཆུའི་བར་གྱི་གཏམ་རྒྱུད་སྣ་ཚོགས་གླེང་བྱུང་། “ང་རང་ཆུང་དུས་སུ་ཕ་རྒན་གྱིས‘རྨ་ཆུ་ནི་བཞུར་རྒྱུན་རིང་ཞིང་བཞུར་ཁོངས་ཆེས་ཡངས་པའི་ཆུ་བོ་ཆེན་པོ་ཞིག་ཡིན་པས། ཆུ་བོ་འདིས་སྣོད་བཅུད་དང་མིའི་རིགས་ལ་ཕན་ཆེན་པོ་འདོགས་བཞིན་ཡོད། དེ་བས་ང་ཚོས་སྦགས་བཙོག་གཏན་ནས་བཟོ་མི་ཆོག་སྟེ། དཔེར་ན། རྨ་ཆུའི་ནང་དུ་གཅིན་སྐྱག་གཏོང་བ་དང་གད་སྙིགས་འཕེན་པ་སོགས་བྱ་མི་རུང’ཞེས་ཡང་ཡང་སློབ་གསོ་བཏང་ནས་ཡོང་བ་རེད། ད་ལྟ་ཕ་དྲིན་ཆེན་པོ་ཞིང་གཞན་དུ་གཤེགས་ཟིན་ཡང་། ཁོང་གི་ཁ་ཏ་སློབ་གསོ་ནམ་ཡང་ངའི་སེམས་ལ་ཉར་ཡོད།” ཁོས་རང་གི་ཚ་བོ་གཉིས་ཀར་ཡང“ངས་ཁྱེད་གཉིས་ལ་ཨ་མྱེས་ཀྱི་གཏམ་རྒྱུད་བཤད་པ་བཞིན། ཁྱེད་གཉིས་ཀྱིས་ཤེས་དགོས་པ་ཞིག་ནི། འུ་ཚང་རྨ་ཆུའི་མགོ་ཁུངས་སུ་ཡོད་པ་ནི་འུ་ཚང་གི་གཟི་བརྗིད་ཡིན་ལ། རྨ་ཆུའི་མགོ་ཁུངས་སྲུང་སྐྱོང་བྱ་རྒྱུ་དེ་ནི་འུ་ཚང་གི་འགན་ཁུར་ཡིན། ཨེ་གོ་ཐལ།”ཟེར་བ་ན། ཚ་བོ་གཉིས་ཀྱིས་ཞང་པོའི་གདོང་ལ་བལྟས་ཤིང་སྐད་གསང་མཐོན་པོས“གོ་སོང”ཟེར་བཞིན་ཆུ་ཤོག་བཟུང་ནས་རྨ་ཆུའི་ཆུ་མགོའི་ཕྱོགས་སུ་བརྒྱུགས་སོང་།

རྨ་ཆུའི་མགོ་ཁུངས་ཀྱི་ཁྱིམ་ཚང་དང་པོ་ཡིན་པའི་ཆ་ནས་རྨ་ཆུའི་མགོ་ཁུངས་ལ་སྲུང་སྐྱོང་བྱེད་པ་ནི་འཚོ་གནས་ཀྱི་འབྲེལ་བ་ཁོ་ནས་མ་ཡིན་ཏེ། དེ་ནི་རང་བྱུང་ཁམས་ཆེན་མོར་བརྩི་འཇོག་དང་། གནས་འདིའི་རི་བོ་དང་ཆུ་བོ། སྲོག་ཆགས་མ་ལུས་ལ་བཅངས་པའི་རྣམ་དག་གི་བརྩེ་དུངས་དང་ཡང་འབྲེལ་བ་དམ་པ་ཡོད།

དགེ་ཆོས་ནངས་སྔ་མོ་མལ་ལས་ལངས་རྗེས་རྨ་ཆུའི་ཆུ་མགོར་སྐོར་བ་རྒྱག་ཏུ་འགྲོ་ཞིང་། རྨ་ཆུའི་བཞུར་རྒྱུད་ཀྱི་གད་སྙིགས་སོགས་འཐུ་བ་རེད། “རྨ་ཆུའི་མགོ་ཁུངས་སུ་ལྗོངས་རྒྱུར་ཕེབས་མཁན་ཇེ་མང་དུ་སོང་བ་དང་བསྟུན་ནས་གད་སྙིགས་ཀྱང་ཇེ་མང་ཡིན་པས། ང་ཚོས་གད་སྙིགས་འཐུ་ཞོར་ལྗོངས་རྒྱུ་པ་ཚོར་རྨ་ཆུའི་གལ་ཆེན་རང་བཞིན་དང་གད་སྙིགས་གང་སར་འདོར་མི་རུང་བའི་སློབ་གསོ་ཡང་བཏང་བ་ཡིན།”ཁོས་དེ་ལྟར་བཤད་ཞོར་ལག་གི་གད་སྙིགས་རྣམས་སྙིགས་སྒམ་ནང་དུ་འཕངས་བྱུང་།

དགེ་ཆོས་དང་ཁ་བརྡ་བྱེད་སྐབས། ང་ཚོའི་རྨ་ཆུའི་མགོ་ཁུངས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་ཤེས་ཏེ། རྨ་ཆུའི་ཆུ་མགོ་ལོ་འདི་དག་རིང་མངོན་གསལ་གྱིས་ཆེ་རུ་སོང་ཡོད། དབྱར་དུས་སུ་ཆར་བ་འབབ་ཐེངས་མང་བ་དང་། སྔོན་གྱི་རྩྭ་ནི་སྐྱེས་ཚད་ཐོ་གང་ལས་མེད་མོད། ད་ལྟ་རྩྭའི་སྐྱེས་ཚད་སྔར་ལས་མཐོ་ཞིང་། སྔོན་ཆད་མཐོང་དཀོན་པའི་རི་སྐྱེས་སྲོག་ཆགས་མང་པོ་ཡང་མཐོང་ལམ་དུ་མངོན་ཡོང་།

ང་ཚོ་རྨ་ཆུའི་མགོ་ཁུངས་དང་ཁ་འབྲལ་སྐབས། དགེ་ཆོས་ཀྱིས་གསར་འགོད་པར་འབྲི་དེབ་ཅིག་ཁྱེར་ཡོང་ནས་སྟེང་དུ་ཡི་གེ་འགའ་འབྲི་བར་བསྐུལ་བྱུང་། ཁོ་བོས“ཁྱོད་ནི་རྨ་ཆུའི་མགོ་ཁུངས་ཀྱི་སྲུང་སྐྱོང་པ་དང་པོ་སྟེ། ཁྱོད་ཀྱིས་རྨ་ཆུའི་དྭངས་གཙང་གི་ཆེད་དུ་ལུས་ཤུགས་དང་རྒྱུ་ཤུགས་གཉིས་ཀ་བཏོན་མྱོང་། ཁྱེད་ལ་ཐུགས་རྗེ་ཆེ་ཞུ། ཁྱོད་ཀྱི་བསམ་དོན་མ་ལུས་ལྷུན་གྱིས་འགྲུབ་པར་ཤོག”ཅེས་བྲིས་པ་ཡིན། འདི་ནི་གསར་འགོད་པའི་སྐབས་ཐོག་གི་བསམ་ཚུལ་ཡིན་ལ། རྨ་ཆུའི་མགོ་ཁུངས་ཀྱི་སྲུང་སྐྱོང་པ་དགེ་ཆོས་ལ་ཕུལ་བའི་སེམས་ཀྱི་སྨོན་འདུན་ཡང་ཡིན་ནོ། །

                                                                                       རྩོམ་སྒྲིག་པ། གཡང་འབུམ་རྒྱལ།