ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་འགན་འཁྲི་ལག་བསྟར་གྱི་བརྒྱུད་རིམ་ཡོངས་སུ་ལག་ལེན་དངོས་འབེབས་བྱ་དགོས།
2020.11.30 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 34

 ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ནི་ང་ཚོའི་ཏང་གིས“ བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འབྲེལ་མཚམས་སུ་འགྲེང་སྟེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་པ་གཏོད་པར་འཐབ་ཇུས་ཀྱི་ཇུས་ཐག་གཅོད་པའི་གྲོས་ཚོགས་གལ་ཆེན་ཐེངས་ཤིག་རེད། ཚང་འཛོམས་གྲོས་ཚོགས་ནས་རང་རྒྱལ་གྱི་“ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཤིང་། 2035ལོར་སླེབས་སྐབས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱང་རིང་དམིགས་འབེན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་བྱས་ཏེ་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འཐབ་ཇུས་ཀྱི་ཁྲིད་སྟོན་འདོན་སྤྲོད་བྱས་ཡོད། མི་དམངས་སྲིད་གྲོས་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་ནི་“ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་གྱི་སྒྲིག་གཞི་གལ་ཆེན་”གྱི་ངོ་བོ་མཚོན་པའི་དགོས་ངེས་ཀྱི་བླང་བྱ་ཡིན་ལ། “སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་གྲོས་མོལ་ཐབས་ལམ་གལ་ཆེན་དང་ཆེད་དམིགས་སྒྲིག་གཞིའི”ནུས་པ་འདོན་སྤེལ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཞིག་ཀྱང་ཡིན། སྲིད་གྲོས་རྩ་འཛུགས་ཀྱིས་ཆེད་དམིགས་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པོ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་འགན་འཁྲི་ལག་བསྟར་བྱེད་པའི་བརྒྱུད་རིམ་ཡོངས་སུ་དོན་འཁྱོལ་ཏན་ཏིག་བྱེད་པར་གཤམ་གསལ་ཕྱོགས་བཞིའི་ཐད་ནས་འགོ་འཛུགས་རྒྱུར་མཐོང་ཆེན་བྱ་དགོས།

གཅིག རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པར་ཤུགས་སྣོན་རྒྱག་པ་དང་།   དོན་སྙིང་ལ་སློབ་སྦྱོང་གཏིང་ཟབ་དང་ཁོང་དུ་ཆུད་པ་བྱ་དགོས།   ཐོག་མཐའ་བར་གསུམ་དུ་དོན་སྙིང་ཁོང་དུ་ཆུད་པར་བྱ་རྒྱུ་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཨང་དང་པོར་བརྩིས་ཏེ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”བརྗོད་དོན་གཙོ་བོའི་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱེད་དགོས་པ་དང་། གཅིག་བསྡུས་སློབ་སྦྱོང་དང་། དྲ་ཐོག་ནས་སློབ་སྦྱོང་། ཆེད་དོན་ཞིབ་གྲོས་སློབ་སྦྱོང་། རང་འགུལ་སྒོས་སློབ་སྦྱོང་བྱེད་པ་སོགས་ཀྱི་རྣམ་པ་མང་པོ་བརྒྱུད་དེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་དང་འབྲེལ་མཐུད་ལེགས་པོ་བྱེད་པ་དང་།  ཀྲུང་དབྱང་དང་ཞིང་ཆེན།གྲོང་ཁྱེར།རྫོང་བཅས་ཀྱི་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་དང་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་བྱེད་པ་དང་ཟུང་འབྲེལ་དམ་ཟབ་བྱེད་པ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་འགན་འཁྲི་ལག་བསྟར་གྱི་ལག་ལེན་སྣ་ཚོགས་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་དམ་པོ་བྱས་ནས། སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྒྱུད་རིམ་རང་བཞིན་དང་གསར་གཏོད་རང་བཞིན། དངོས་ཕན་རང་བཞིན་བཅས་ཟམ་མི་ཆད་པར་ཇེ་ཆེར་གཏོང་དགོས། རྒྱ་ཆེའི་ཨུ་ཡོན་རྣམས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་།  གྲོས་ཚོགས་ཀྱི་དམིགས་འབེན་བླང་བྱ་ཁོང་དུ་ཆུད་པ་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱིས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ནུས་པ་ཇེ་མཐོར་བཏང་ནས།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་པར་སྐུལ་འདེད་གཏོང་བར་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་འདིང་དགོས།

གཉིས། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བར་ཕན་འབྲས་དངོས་ཐོན་པར་བྱ་དགོས། ཐོག་མཐའ་བར་གསུམ་དུ་བསམ་བློའི་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུ་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པའི་རྩ་བའི་འགན་ལེན་དུ་བརྩི་དགོས། དུས་རབས་གསར་པའི་ཏང་གིས་སྲིད་གྲོས་ལས་དོན་ལ་བཏོན་པའི་བླང་བྱ་གསར་པ་ལག་བསྟར་ནན་མོ་བྱེད་པ་དང་། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་བསམ་བློའི་ཆབ་སྲིད་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བྱེད་པ་དང་། ལས་དོན་སྣ་ཚོགས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་པར་ཁག་ཐེག་བྱ་དགོས། སྲིད་གྲོས་རྩ་འཛུགས་ཁྲོད་ཀྱི་སྲིད་གྲོས་ཏང་ཙུའུ་ཡི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།  འགན་འཁྲི་ལག་བསྟར་གྱི་ཤུགས་རྒྱག་ས་དེ་རྒྱ་ཆེའི་ཨུ་ཡོན་གྱི་སྣེ་ཁྲིད་དེ“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་ཀྱི་སྟེང་བཞག་ནས་ཐོག་མཐའ་བར་གསུམ་དུ་འགྲོ་ལམ་དང་། ལམ་ལུགས། ཁ་ཕྱོགས། དམིགས་འབེན་སོགས་རྩ་བའི་རང་བཞིན་གྱི་གནད་དོན་ཐད་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱེད་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སྔར་ལས་ཆེ་རུ་བཏང་ཏེ། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་བཀོད་སྒྲིག་དང2035ལོའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་རིང་དམིགས་འབེན་དེ། ཏང་ཁག་དང་ཚོགས་པ་སོ་སོ་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣའི་ཐུན་མོང་གི་བསམ་བློའི་ངོས་ཟིན་དང་། དམིགས་འབེན་གསལ་བོ། བྱ་སྤྱོད་ཕྱོགས་སྟོན་བཅས་སུ་འགྱུར་བར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་ཐབས་ལམ་གསར་པར་སྐུལ་འདེད་གཏོང་བར་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་འདིང་དགོས།

གསུམ། མཐུན་སྒྲིལ་དམངས་གཙོ་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་ཁག་གི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་ཐད་བྱ་ཐབས་ཏན་ཏིག་འདོན་དགོས། ཐོག་མཐའ་བར་གསུམ་དུ་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱ་རྒྱུ་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པའི་འགག་རྩའི་ལྷུ་ཚིགས་སུ་བརྩི་དགོས། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་ཀྱི་ལས་རིགས་ཁག་གི་མི་སྣ་དང་འབྲེལ་འདྲིས་དང་མཐུན་སྒྲིལ་མཉམ་ལས་དམ་ཟབ་བྱེད་པ་དང་། བློ་ཁོག་ཡངས་པོས་གྲོགས་པོ་མང་པོ་སྒྲིག་པ། ལྷག་བསམ་རྣམ་དག་གིས་གྲོགས་པོ་བློས་ཐུབ་སྒྲིག་པ། མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་དང་། གོང་བུ་གཅིག་ཏུ་སྒྲིལ་ཐུབ་པའི་བློ་གྲོས་མཐའ་དག་གཅིག་ཏུ་སྒྲིལ་ནས།  ལས་དོན་སྣ་ཚོགས་འཕེལ་རྒྱས་ཀྱི་མཉམ་ཤུགས་ཆེན་པོ་གཅིག་བསྡུས་བྱ་དགོས། དམངས་གཙོའི་རྣམ་པ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། དམངས་གཙོའི་ཐབས་ལམ་ཐོགས་མེད་དུ་གཏོང་བ། ཕྱོགས་མང་པོའི་བློ་གྲོས་གཅིག་སྡུད་ཀྱི་ལས་སྟེགས་སྐྲུན་པ་བཅས་བྱ་དགོས། ནུས་ཤུགས་གཅིག་སྡུད་ཀྱི་ཐབས་ལམ་སྣ་མང་རྒྱ་བསྐྱེད་དེ་གཙོ་གནད་ཞིབ་འཇུག་བྱ་གཞིའི་མཉམ་འབྲེལ་རྟོག་ཞིབ་དང་། བྱ་བ་གཙོ་བོར་མཐུན་སྦྱོར་སྐུལ་སྤེལ། བྱ་འགུལ་ཆེན་པོ་མཉམ་དུ་སྤེལ་བ་བཅས་ལ་དངོས་གནས་ཤུགས་སྣོན་བྱས་ཏེ། ལས་རིགས་ཁག་གི་ཨུ་ཡོན་རྣམས་“ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”དུས་སྐབས་ཀྱི་འཆར་འགོད་ལག་བསྟར་བྱེད་པར་ཞུགས་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ལས་སྟེགས་སྔར་ལས་ལེགས་པོ་བསྐྲུན་དགོས། ཏང་ཁག་དང་ཚོགས་པ་སོ་སོ་དང་མཉམ་དུ་སློབ་སྦྱོང་དང་ཞིབ་འཇུག་གྲོས་སྡུར་བྱེད་པར་ཤུགས་སྣོན་དང་། མཉམ་འབྲེལ་སྒོས་སྲིད་གླེང་ཇུས་འདོན་བཅས་བྱས་ཏེ། ཧུར་ཐག་གིས་ཏང་ཁག་དང་ཚོགས་པ་སོ་སོའི་མིང་ཐོག་ནས་བསམ་འཆར་འདོན་པ་དང་། གྲོས་འགོ་འདོན་པ། གྲོས་གཞི་འབུལ་བ་སོགས་ཀྱི་རྐྱེན་སྲོལ་དོན་འཁྱོལ་བྱས་ཏེ་དམངས་གཙོའི་གོ་རིམ་ནུས་ལྡན་ལ་བརྟེན་ནས།  དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཇེ་དམ་དུ་གཏོང་བ་ཕན་ཚུན་འབྲེལ་མཐུད་དང་། ཐབས་འདོན་སྲིད་སྐྱོང་།  ཐུན་མོང་གི་ངོས་ཟིན་གཅིག་སྒྲིལ་བཅས་ཕྱོགས་གཉིས་ཀས་ཤུགས་འདོན་པ་མངོན་འགྱུར་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་བགྲོད་ལམ་གསར་པར་སྐུལ་འདེད་གཏོང་བར་རིག་སྟོབས་ཀྱི་རྨང་གཞི་ཡོངས་ཁྱབ་ཏུ་གཅིག་བསྡུས་བྱ་དགོས།

བཞི།  གྲོས་མོལ་སྲིད་གླེང་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཀྱི་སྤྱི་ཡོངས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཐད་གྲུབ་འབྲས་དངོས་ལེན་པར་མཐོང་ཆེན་བྱ་དགོས། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་འཕེལ་རྒྱས་དེ་ཐོག་མཐའ་བར་གསུམ་དུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཏུ་བརྩིས་ཏེ། སྔ་བལྟས་ཕྱི་བསམ་གྱི་རང་བཞིན་ལྡན་པའི་བསམ་གཞིགས་དང་འདུས་གྲུབ་ཅན་གྱི་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་རྒྱག་པ་དང་། དུས་བསྟུན་འགན་སྒྲུབ་ཀྱི་གཙོ་གནད་གཏན་འཁེལ་བྱེད་པ། སྲིད་གྲོས་ཀྱི་ལས་དོན་སྣ་ཚོགས་ལ་ཇུས་འགོད་དང་སྐུལ་འདེད་ཏན་ཏིག་བྱ་དགོས། ཆེད་དམིགས་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། འགན་ནུས་སྒྲུབ་སྟངས་དང་བྱེད་ཐབས་གསར་གཏོད་བྱས་ནས་ཐོན་ཁུངས་དང་སྟོབས་ཤུགས་གཅིག་གྱུར་འཆར་འགོད་སྔར་ལས་ལེགས་པོ་བྱ་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་འགན་འཁྲི་ལག་བསྟར་གྱི་བརྒྱུད་རིམ་ཡོངས་སུ་དོན་འཁྱོལ་བྱེད་པ་དང་སྲིད་གྲོས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེ་བྲག་གི་བསམ་ཕྱོགས་དང་བྱ་ཐབས་ནུས་ལྡན་དུ་འགྱུར་བར་བྱ་དགོས། མཛེས་སྡུག་གི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་སྨོན་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས་དང་། མང་ཚོགས་དང་འབྲེལ་འདྲིས་བྱེད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་དམངས་གཙོའི་འདུ་ཤེས་ལག་ལེན་དུ་བསྟར་བ་དང་།  ཡུལ་དངོས་སུ་ཟབ་ཞུགས་བྱས་ནས་བརྟག་དཔྱད་ཞིབ་འཇུག་དང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་མཚོན་པར་བྱེད་པ། དམངས་ཚིས་གྲོས་གཞི་ཡར་ཞུ་བྱེད་པ། ཚང་འཛོམས་གྲོས་ཚོགས་ནས་གཏན་ལ་ཕབ་པའི་དམིགས་འབེན་ལས་འགན་སྣ་ཚོགས་ལ་དམངས་གཙོའི་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། འབད་བརྩོན་སྒོས་དམངས་ཚིས་ལེགས་བཅོས་ལ་སྐུལ་འདེད་གཏོང་དགོས། ཚང་འཛོམས་གྲོས་ཚོགས་ནས་གཏན་ལ་ཕབ་པའི་དམིགས་འབེན་དང་བླང་བྱར་དམ་པོར་དམིགས་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་།  བཅོས་སྒྱུར་ཟབ་སྤེལ། ཞིང་སྡེ་དར་སྤེལ། སྐྱེ་ཁམས་དཔལ་ཡོན་སོགས་སྤྱི་ཚོགས་ཀྱི་ཆེ་ཕྱོགས་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་གྲོས་གཞི་གལ་ཆེན་ལ་དམིགས་ནས། ཧུར་ཐག་གིས་ལྟ་ཞིབ་དང་། བརྟག་དཔྱད་ཞིབ་འཇུག  དཔྱད་མོལ། གྲོས་གཞི་འདོན་པ་སོགས་ཀྱི་རྣམ་པའི་ཐོག་ནས་སྲིད་དོན་གྲོས་མོལ་དང་ཐབས་འདོན་ཇུས་འབུལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་བགྲོད་ལམ་གསར་པར་སྐུལ་འདེད་གཏོང་བར་ཐབས་ཇུས་ཀྱི་རྨང་གཞི་ནུས་ལྡན་འདོན་སྤྲོད་བྱ་དགོས།

ལོ་ཙཱ།སྒྲོལ་མ་སྐྱིད།