འབྲི་ཆུ་སྡེ་མིའི་འཚོ་བ་གསར་བ།
2020.12.02 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 22

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གི་ཡུལ་གཞན་གནས་སྤོར་བཀོད་སྒྲིག་བྱེད་ས་རུ་ཐོན་པ་ན།རྒན་པ་ཚོ་སོས་དལ་ངང་ཐང་ཆེན་དུ་ཉི་མར་ལྡེ་བཞིན་ཁ་བརྡ་སྣ་ཚོགས་གླེང་བཞིན་ཡོད་པ་དང་། ཁྱིམ་ཚང་རེ་རེའི་ར་སྐོར་གྲལ་ལྟར་བསྒྲིགས་ཡོད་པས།  མིག་ལ་ཤིན་ཏུ་མཛེས།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གི་ས་མགོའི་མཐོ་ཚད་ལ་མུས་སྟོང་བཞི་ཡན་ཡོད་པ་དང་། དེ་ནི་རྨ་ཆུའི་མགོ་ཁུངས་ཀྱི་བོད་རིགས་འདུས་སྡོད་བྱེད་པའི་ཕྱུགས་ལས་རྐྱང་བ་གཉེར་བའི་རྫོང་ཞིག་ཡིན། དབུལ་སྐྱོར་མཁྲེགས་གཏོར་བྱ་བ་གཏིང་ཟབ་དུ་སྤེལ་བ་དང་བསྟུན་ནས། གནས་འདིའི་འབྲོག་པ་རྣམས་རི་མགོ་ནས་གྲོང་རྡལ་དུ་གནས་སྤརཏེ།ཁང་བ་གསར་པའི་ནང་དུ་བསྡད་ནས། བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད།

ཚེ་རིང་དོན་གྲུབ་ནི་དེའི་ཁྲོད་ཀྱི་གཅིག་ཡིན། ལོ་ཁ་ཤས་སྔོན་ལ་ཁོས་ཕྱུགས་འཚོ་བ་དང་དབྱར་རྩྭ་དགུན་འབུ་བརྐོས་ནས་འཚོ་བ་སྐྱེལ་བཞིན་ཡོད་ལ། ཁྱིམ་ཚང་གི་ལོ་རེའི་ཡོང་འབབ་སྒོར་མོ་ཁྲི་གཅིག་ཙམ་ལས་མེད། ད་ལྟ་ཚེ་རིང་དོན་གྲུབ་ཀྱིས་གཉེར་བཞིན་པའི་རླངས་འཁོར་ཞིག་གསོ་བྱེད་ས་དེ་ལས་གཉེར་བྱས་པ་ཤིན་ཏུ་བཟང་།

ཚེ་རིང་དོན་གྲུབ་ཀྱི་ཕ་ཡུལ་ཆུ་དམར་ལེབ་རྫོང་ཡུ་གེ་གྲོང་རྡལ་འབྲི་ཆུ་སྡེ་བ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཁོངས་སུ་ཡོད་པ་དང་། 2010ལོར་འབྲི་ཆུ་སྡེ་བའི་འབྲོག་པ་སྐོར་ཁག་དང་པོས་འབོད་སྐུལ་དང་དུ་བླངས་ཏེ། མི་རབས་ནས་མི་རབས་བར་རང་ཉིད་འཚོ་ཞིང་གཞེས་པའི་ཁྱིམ་གཞི་དང་རྒྱུས་མངའ་ཆེ་བའི་འཚོ་བའི་རྣམ་པ་བསྐྱུར་ཏེ་ཆུ་དམར་ལེབ་རྫོང་དུ་ཡོང་ནས་འཚོ་བ་གསར་བ་རོལ་མགོ་ཚུགས་ཡོད།

2016ལོར་ཚེ་རིང་དོན་གྲུབ་རང་ཁྱིམ་དང་བྲལ་ནས་རླངས་འཁོར་ཞིག་གསོ་བྱེད་ས་ཞིག་ཏུ་ཡོང་ནས་ལག་རྩལ་སྦྱངས་པ་དང་། ལོ་གཅིག་གི་རྗེས་སུ་རང་ཉིད་ཀྱིས་ཀྱང་རླངས་འཁོར་ཞིག་གསོ་བྱེད་ས་ཞིག་ཕྱེས་དགོས་པའི་བསམ་བློ་སྐྱེས། 2017ལོར། ཚེ་རིང་དོན་གྲུབ་ཀྱིས་ཡུས་ཧྲུའུ་ཞིང་ལས་ཚོང་ལས་དངུལ་ཁང་ཆུ་དམར་ལེབ་ཡན་ལག་དངུལ་ཁང་དུ་དབུལ་སྐྱོར་སྒོར་མོ་ཁྲི་ལྔ་བསྐྱིས་ཏེ། རང་ཉིད་ལ་དབང་བའི་རླངས་འཁོར་ཞིག་གསོ་བྱེད་ས་ཞིག་གི་སྒོ་ཕྱེས་ཐུབ་པ་བྱུང་།

རླངས་འཁོར་ཞིག་གསོ་བྱེད་ས་དེ་མིག་སྔར་ཚེ་རིང་དོན་གྲུབ་གཅིག་པུས་བདག་གཉེར་བྱེད་བཞིན་ཡོད། ལོ་རེ་ལ་སྒོར་མོ་ཁྲི་བཞི་ཡས་མས་ཀྱི་ཡོང་སྒོ་ཡོད་ལ། ཚེ་རིང་དོན་གྲུབ་འདིར་གནས་སྤར་ཡོང་བའི་རྗེས་ཀྱི་ཆེས་ཆེ་བའི་མྱོང་ཚོར་ནི་རང་གི་མིག་རྒྱ་བསྐྱེད་པ་དང་། ཡོང་སྒོ་སྔར་ལས་ཇེ་མང་དུ་སོང་ལ། ད་ལྟ་ཁྱིམ་མི་བདུན་པོའི་ཟ་འཐུང་ལ་འདང་རྒྱག་མེད་ཅིང་། བྱིས་པ་ཚོར་སྔར་ལས་བཟང་པོའི་སློབ་གསོ་ཐོབ་ཐུབ་པ་བྱུང་བ་དེ་རེད།

ཚེ་རིང་དོན་གྲུང་ཚང་གི་འགྱུར་ལྡོག་ནི་འབྲི་ཆུ་སྡེ་བ་ཧྲིལ་བོ་གནས་སྤོས་རྗེས་ཀྱི་བསྡུས་གཟུགས་ཤིག་ཡིན། ཡུས་ཧྲུའུ་ཞིང་ལས་ཚོང་ལས་དངུལ་ཁང་ཆུ་དམར་ལེབ་ཡན་ལག་དངུལ་ཁང་གི་མགོ་གཙོ་བཀྲ་ཤིས་གཡང་འགྲུབ་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། 2011ལོ་ནས་བཟུང་། ཡུས་ཧྲུའུ་ཞིང་ལས་ཚོང་ལས་དངུལ་ཁང་ཆུ་དམར་ལེབ་ཡན་ལག་དངུལ་ཁང་སྡེ་བ་དང་ཁྱིམ་ཚང་ལ་བསྐྱོད་དེ། ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ལ་དབུལ་སྐྱོར་གྲངས་ཉུང་ཡིད་རྟོན་དངུལ་བུན་གྱི་གཟིགས་སྐྱོང་སྲིད་ཇུས་འགྲེལ་བཤད་བརྒྱབ་སྟེ། སྒོར་མོ་བསྐྱི་འདོད་པ་དང་དངུལ་བསྐྱི་བའི་ཆ་རྐྱེན་དང་འཚམ་པའི་ཁྱིམ་ཚང་ལ་ཡུལ་དངོས་ནས་སྒོར་མོ་བསྐྱི་བའི་འགྲོ་ལུགས་སྒྲུབ་པ་རེད། ཚེ་རིང་དོན་གྲུབ་ཚང་ལྟ་བུའི་ཁྱིམ་ཚང་མང་པོས་མ་དངུལ་ལག་ཏུ་ཐོན་ཏེ། སྔར་ལས་བཟང་པོའི་འཚོ་བ་བཟང་པོ་རོལ་བའི་ཕྱོགས་ལ་འབད་བརྩོན་བྱེད་བཞིན་འདུག

མིག་སྔར། ཚེ་རིང་དོན་གྲུབ་ཀྱིས་རླངས་འཁོར་ཞིག་གསོ་བྱེད་ས་དེ་རུ་སྒོར་མོ་ཁྲི་བཞི་ཡས་མས་ཀྱི་ཡོང་སྒོ་ལེན་བཞིན་ཡོད་པ་དང་། འབྲི་ཆུ་སྡེ་བའི་ཐུན་མོང་དཔལ་འབྱོར་ལས་སྒོར་མོ་ཁྲི་གསུམ་ཡས་མས་ཀྱི་ཡོང་སྒོ་ཡོད་པ་རེད།

ཆུ་དམར་ལེབ་རྨ་ཆུའི་མགོ་ཁུངས་ཀྱི་རླངས་འཁོར་ཁ་ལོ་བའི་གསོ་སྦྱོང་སློབ་གྲྭ་རུ་འབྲོག་པ་བཅུ་ཕྲག་ལྷག་གིས་གློག་ཀླད་ཀྱི་མདུན་ནས་རྒྱུགས་གཞི་ལ་ལན་འདེབས་བཞིན་འདུག འདི་ནི་ཆུ་དམར་ལེབ་རྫོང་གི་རླངས་འཁོར་སྦྱོང་སའི་སློབ་གྲྭ་གཅིག་པུ་དེ་ཡིན་པ་དང་། སློབ་མ་སུམ་བརྒྱ་ཙམ་གྱིས་རླངས་འཁོར་སྦྱོང་བཞིན་འདུག

འབྲི་ཆུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསོད་དབང་ཉི་མ་ཡིས་གསར་འགོད་པར་བཤད་རྒྱུར། 2017ལོར་སྡེ་བས་དུས་མཚམས་དགར་ནས་སྒོར་མོ་སྟེར་བའི་རྣམ་པ་ལ་བརྟེན་ནས་རླངས་འཁོར་སྦྱངས་སའི་སློབ་གྲྭ་དེ་ཉོས་པ་དང་། ད་ལྟ་རླངས་འཁོར་སྦྱངས་སའི་སློབ་གྲྭ་དེ་རུ་སྒོར་མོ་ས་ཡ་གཅིག་དང་འབུམ་གསུམ་ལྷག་གི་ཡོང་སྒོ་ལེན་བཞིན་ཡོད་པར་མ་ཟད། ད་དུང་སྡེ་བའི་ནང་གི་མང་ཚོགས་བདུན་རླངས་འཁོར་དགེ་རྒན་ལ་བསྡུ་ལེན་བྱས་ཡོད་ཟེར།

རླངས་འཁོར་སྦྱངས་སའི་སློབ་གྲྭ་ལས་གཞན་འབྲི་ཆུ་སྡེ་བས་ད་དུང་ཕྱུགས་ལས་མཉམ་ལས་ཁང་དང་འཛུགས་སྐྲུན་རྒྱུ་ཆའི་ཚོང་ར་ཞིག་ཀྱང་ལས་གཉེར་བྱེད་བཞིན་ཡོད། བསོད་དབང་ཉི་མས་བཤད་རྒྱུར། ཐུན་མོང་དཔལ་འབྱོར་གྱིས་ལོ་རེར་སྒོར་མོ་ས་ཡ་གཅིག་དང་འབུམ་ལྔའི་ཡོང་སྒོ་བསྐྲུན་བཞིན་ཡོད་པ་དང་། ཆ་སྙོམས་ཁྱིམ་ཚང་རེ་ལ་སྒོར་མོ་ཁྲི་གསུམ་ཙམ་གྱི་ཡོང་སྒོ་བགོ་བཤའ་རྒྱག་བཞིན་ཡོད་ཟེར།

འབྲོག་པ་ནས་རླངས་འཁོར་ཁ་ལོ་བ་དང་། དེ་ནས་རླངས་འཁོར་ཞིག་གསོ་བྱེད་སའི་སྦྱིན་བདག སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་མ་རྐང་བདག་པོར་གྱུར། འབྲི་ཆུ་སྡེ་བའི་སྡེ་མིའི་ཐོབ་ཐང་ལ་འགྱུར་བ་བྱུང་བ་དང་། མིག་རྒྱ་ཆེ་རུ་སོང་ལ། ཡོང་སྒོ་ཡང་ཇེ་བཟང་དུ་གྱུར། རྗེས་ཕྱོགས་ང་ཚོས་མུ་མཐུད་དུ་གཞི་ཁྱོན་རྒྱ་བསྐྱེད་དེ་རླངས་འཁོར་ཞིག་གསོ་བྱེད་ས་འདི་ཆུ་དམར་ལེབ་ནས་ཆེས་བཟང་པོའི་རླངས་འཁོར་ཞིག་གསོ་བྱེད་ས་ཞིག་ཏུ་འགྱུར་བར་བརྩོན་ལེན་བྱེད་རྒྱུ་ཡིན་ཞེས་ཚེ་རིང་དོན་གྲུབ་མ་འོངས་པའི་འཚོ་བར་ཡིད་ཆེས་ཀྱིས་ཁེངས་བཞིན་དེ་ལྟར་བཤད།

ལོ་ཙཱ། ཚེ་རིང་སྒྲོལ་མ།