གྲང་ངར་ལྡང་ཞིང་ཁ་བ་བབས་ནས་བགྲོད་ལམ་བཀག་ཚེ། ཁོ་ཚོས་མཐོན་པོའི་སྒང་དུ་རི་སྐྱེས་སྲོག་ཆགས་ཀྱི་རྒྱུ་སྟངས་འཚོལ་བཞིན་ཡོད།
ཆར་བ་བབས་ཤིང་སྨུག་པ་འཐིབས་ནས་མཐོང་ལམ་བསྒྲིབས་ཚེ། ཁོ་ཚོས་དམའ་མོའི་གཞོང་དུ་འདབ་ཆགས་བྱ་རིགས་ཀྱི་སྐད་སྒྲར་ཉན་བཞིན་ཡོད།
ཁོ་ཚོ་ནི་འབྲོག་པ་མང་ཚོགས་ཏེ་སྟོད་གོས་ལྗང་སེར་དང་དཔུང་རྟགས་དམར་པོ་ངཏགས་ཡོད་པའི་སྐྱེ་ཁམས་བདག་སྐྱོང་པ་ཡིན།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་སྐྱ་རེངས་ཡུལ་ཚོའི་རྩྭ་རའི་ཉེ་འདབས་སུ། ནུབ་ཁའི་ཉི་འོད་མིག་ལ་ཕོག་ཚེ་མིག་གི་རྒྱལ་མོར་གཙེས་ནས་བགྲོད་ལམ་ཡང་འགོག་པར་བྱེད་ལ་ཉེ། ཡིན་ཡང་མཚལ་རྩེ་སྡེ་བའི་འབྲོག་པ་བསོད་བསོད་ཀྱི་གོམ་སྟབས་སྲོད་ཁའི་ཉི་ཟེར་དང་རླུང་བུས་ཡང་ཡང་བསྒུལ་བའི་རྩི་ཤིང་གི་གསེབ་ཏུ་ཇེ་མགྱོགས་ནས་ཇེ་མགྱོགས་སུ་ཕྱིན།
མཚོ་ངོས་ལས་མཐོ་ཚད་ལ་ཆ་སྙོམས་ཀྱིས་སྨི4280ཡན་ལ་སླེབས་པའི་རྨ་ཆུའི་མགོ་ཁུངས་སུ་དུས་བཞིའི་འགྱུར་ལྡོག་དབེན་ཞིང་། རང་བྱུང་ཁོར་ཡུག་གི་ཆ་རྐྱེན་ཧ་ཅང་ཞན་ན་ཡང་། དབྱང་དབུགས་དཀོན་པའི་ཁོར་ཡུག་ཁྲོད། མི་ཕལ་པ་སྐོར་ཞིག་གིས་རྨ་ཆུའི་མགོ་ཁུངས་སྲུང་བའི་ཕལ་པ་མ་ཡིན་པའི“དཀའ་ཚེགས་ཆེ་རུང་སྡུག་ལ་མི་སྐྲག དབྱང་དབུགས་དཀོན་རུང་སྙིང་སྟོབས་མི་དཀོན”པའི་བྱ་སྤྱོད་ཀྱིས་རྒྱལ་ཡོངས་མི་དམངས་ལ་ངོ་གནོང་མི་དགོས་པའི་གཏམ་རྒྱུད་ཀྱི་དབུ་ཁྱུད་བྲིས་ཤིང་། ཆུ་བོ་དྭངས་མོ་ཞིག་གི་རྒྱུན་ལ་མི་ཚེའི་ལང་ཚོ་བསྟིམས་པའི་དངོས་བྲིས་ལས་ང་ཚོ་ལའང་སྤོབས་པ་ཤིག་བསྩལ་ཡོང་།
རྨ་སྟོད་རྫོང་མཁར་ནས་ཤར་ཕྱོགས་སུ་བསྟུད་མར་སྤྱི་ལེ90ལྷག་གི་མཚམས་སུ་བསྐྱོད་པ་ན། གངས་རི་དང་བར་ཐག་ཇེ་ཉེ་ནས་ཇེ་ཉེར་སོང་བ་དང་བསྟུན། ས་བབ་ཇེ་མཐོ་ནས་ཇེ་མཐོར་འཕགས་ཏེ་དབུགས་ཀྱི་རྒྱུན་ཡང་གཅོད་སྙམ་བྱེད། ཡིན་ཡང་། རྨ་ཆུའི་མགོ་ཁུངས་སུ་སྐྱེ་ཁམས་བདག་སྐྱོང་པ་བསོད་བསོད་དང་འདྲ་བའི་མི་མང་པོ་ཞིག་ཞོགས་པ་སྔ་མོ་ནས་ཕྱི་དྲོ་ཉི་མ་ནུབ་ལ་ཉེ་བའི་བར་མཚེའུ་ཡི་མཐའ་དང་རི་བོ་ཡི་རྩེ། གཞུང་ལམ་ཆེ་ཆུང་གི་ལམ་རྒྱུད་དུ་གད་སྙིགས་འཐུ་བཞིན། རྩྭ་དང་རྩི་ཤིང་གི་ཁེབས་ཚད་དང་། མཚོ་དང་མཚེའུ་ཡི་རྒྱས་ཚད། རི་སྐྱེས་སྲོག་ཆགས་ཀྱི་འཕེལ་ཚུལ་ཟིན་ཐོར་འགོད་བཞིན་འདུག
འབྲོང་རྭའི་དྲན་གསོ་རྡོ་རིང་གི་ཉེ་འདབས་སུ་ཡོད་པའི་རྩྭ་ཐང་བདག་སྐྱོང་ས་ཚིགས་ཀྱི་སྟབས་བདེའི་ཁང་པའི་ནང་དུ། སྐྱེ་ཁམས་བདག་སྐྱོང་པ་བཀྲ་ཤིས་ཚེ་རིང་གིས་ཉིན་གུང་གི་དུས་ཚོད་བེད་སྤྱད་ནས་ཉིན་དེར་མཐོང་བའི་རི་སྐྱེས་སྲོག་ཆགས་དང་སྔོ་རྩྭའི་སྐྱེས་ཚད་ཟིན་བྲིས་སུ་བཏབ་ཚར་རྗེས་བསོད་བསོད་ཀྱི་ལག་ཏུ་བཞག་སོང་།
བསོད་བསོད་ལ་སྐྱེ་ཁམས་བདག་སྐྱོང་པ་གཞན་དག་དང་མི་འདྲ་བའི་ལས་ཀ་ཞིག་ཡོད་པ་ནི་ཉིན་དེའི་ལས་ཀ་སྤྱི་སྡོམ་བྱས་ནས་ཡུལ་ཚོ་དང་རྫོང་རིམ་པའི་འབྲེལ་ཡོད་ལས་ཁུངས་ལ་དུས་ལྟར་སྙན་ཞུ་འབུལ་དགོས།
ལོ་ངོ་བཅུ་ལྷག་གི་སྔོན་དུ། གཙང་གསུམ་མགོ་ཁུངས་ཀྱི་ལྟེ་བར་ཆགས་པའི་རྨ་སྟོད་རྫོང་ཁོངས་སུ། ཕྱུགས་ཟོག་མང་དུ་འཚོས་ནས་རྩྭ་ཕྱུགས་དོ་མཉམ་མིན་པའི་གནད་དོན་གྱིས་རེ་ཞིག་རྩྭ་ས་ཞན་འགྱུར་དང་མཚོ་དང་མཚེའུ་སྐམ་པ་རེད། མང་ཚོགས་ཀྱི་འཚོ་བ་སྐྱེལ་སྟངས་ཀྱིས་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་བཟོས་པའི་གནས་ཚུལ་འོག ཏང་དང་སྲིད་གཞུང་གིས་སེམས་ཞིབ་མོས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་སྐྱེ་ཁམས་གནས་སྤོ་བཟོ་འགོད་བྱེད་མགོ་ཚུགས་ནས་ཕྱུགས་ཟོག་ཉུང་འཚོ་ལག་བསྟར་བྱས། རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་སླར་གསོ་དང་ཆུ་ཁུངས་ཕུན་སུམ་ཚོགས་པར་གཏོང་བ་དང་། ཕ་ཚ་བུ་རྒྱུད་ལ་རི་བོ་སྔོ་ཞིང་ཆུ་བོ་དྭངས་མོའི་ཁོར་ཡུག་ཅིག་འདོན་སྤྲོད་བྱེད་ཆེད། ས་གནས་མང་ཚོགས་མཁར་གྲོང་དུ་གནས་སྤར་ནས་སྲིད་ཇུས་བཟང་པོ་དངོས་འབེབས་བྱས་པ་བརྒྱུད་སྡོད་ཁང་དང་རྩྭ་སའི་ཁ་གསབ་མ་དངུལ་ལོངས་སུ་སྤྱད་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ། བསོད་བསོད་ཀྱིས་ནམ་ཡང་བརྗེད་ཐབས་མེད་པ་ནི། དང་ཐོག་འབྲོག་པ་མང་ཚོགས་མི་རབས་ནས་མི་རབས་བར་འཚོ་སྡོད་བྱེད་སའི་ཁོར་ཡུག་དང་ཁ་འབྲལ་འདོད་མེད་པ་དེ་ཡིན། “ད་ལྟ་ཞིབ་ཏུ་བསམས་ན་གནས་སྤོ་བྱེད་པ་ནི་ཉིན་རེ་ནས་ཉིན་རེར་ཞན་འགྱུར་དུ་འགྲོ་བའི་རྨ་ཆུའི་མགོ་ཁུངས་ཀྱི་ཆེད་དུ་ཡིན། ལྟོས་དང་། ད་ལྟ་རྨ་ཆུའི་མགོ་ཁུངས་སྲུང་སྐྱོང་བྱས་པ་ནས་བཟུང་ཆུ་བོ་དྭངས་ཤིང་། རི་བོ་སྔོ་ལྗང་། འཚོ་བ་སྐྱིད་པོ་རེད”ཅེས་བསོད་བསོད་ཀྱིས་ཁ་བརྡ་ཐུང་ངུ་ཞིག་བྱས་རྗེས་ལག་གི་ཁ་པར་བླངས་ནས་གོང་རིམ་པར་ཉིན་དེའི་བྱ་བ་ཡར་ཞུ་བྱེད་མགོ་བརྩམས་སོང་།
བཀྲ་ཤིས་ཚེ་རིང་དང་བསོད་བསོད་གཉིས་ཀྱི་ལས་ཀའི་བྲེལ་སྟངས་ལས་ས་གནས་མང་ཚོགས་ཀྱི་རྨ་ཆུའི་མགོ་ཁུངས་ལ་བཟུང་བའི་རྣམ་འགྱུར་ཅི་འདྲ་ཞིག་ཡིན་པ་ངང་གིས་རྟོགས་ཡོང་།
འདི་ནས་ཡར་བརྩིས་པའི་ལོ་ངོ་བཞིའི་སྔོན་ནས་ད་ལྟའི་བར། སྟོད་གོས་ལྗང་སེར་ཅན་དང་དཔུང་རྟགས་དམར་པོ་དེ་གཉིས་བསོད་བསོད་དང་ཁ་བྲལ་མ་མྱོང་ལ། དེ་ནས་བཟུང་ཁོ་ལ་ལས་ཀ་ལས་རྒྱུ་ཡོད་པར་མ་ཟད་ལས་རྐང་དུ་ཧུར་ཐག་འབད་ཐག་བྱས་ཤིང་ཟླ་རེར་སྒོར1800ལྷག་གི་ཡོང་སྒོ་ཡོད། བསོད་བསོད་ཀྱིས“ངས་ནམ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས‘ང་ཚོས་དཔྲལ་བའི་མིག་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་ཤིང་། ཚེ་སྲོག་ལ་གཅེས་པ་བཞིན་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་དགོས’ཞེས་པའི་གསུང་ཚིག་དྲོན་མོ་དེ་བརྗེད་མེད།”ཟེར།
ཁོ་གཞུང་ལམ་གྱི་མདོ་རུ་མཚལ་རྩེ་སྡེ་བའི་སྐྱེ་ཁམས་དོ་དམ་བདག་སྐྱོང་ས་ཚིགས་སྟབས་བདེ་ཞིག་བསྐྲུན་ཡོད་པ་དེར་རྒྱུན་པར་ཞག་སྡོད་བྱེད་བཞིན་ཡོད་ལ། ཉིན་མོ་མིག་གིས་འཚོ་བ་ནི་ཡངས་པའི་རྩྭ་ཐང་ཡིན་ལ། མཚན་མོར་རྨི་ལམ་དུ་འཁོར་བ་ཡང་རྨ་ཆུའི་མགོ་ཁུངས་ལས་མ་འདས།
ཁོ་ནམ་རྒྱུན་འཕྲུལ་རྟར་བཞོན་ནས་རང་ཉིད་ཀྱི་དོ་དམ་བདག་སྐྱོང་ས་ཁུལ་གྱི་རྩྭ་དང་རྩི་ཤིང་། མཚོ་དང་མཚེའུ། བྱ་དང་ཉ་རིགས་ཀྱི་འཕེལ་ཚུལ་ལ་སྐོར་ཞིབ་བྱེད་དུ་འགྲོ་བ་དང་། མཐོ་སྒང་གི་མཁའ་དབུགས་རྩུབ་མོ་དང་ཁ་ཆར་བུ་ཡུག་གིས་ཁོའི་རྩྭ་ཐང་ལ་བཅངས་པའི་བརྩེ་བ་བཅོམ་མ་ཐུབ་ལ། གཅན་གཟན་སྲོག་ཆགས་ཀྱི་འཇིགས་སྐུལ་གྱིས་ཁོའི་ཉིན་རེའི་ལས་ཀར་གནོད་པའང་བསྐྱལ་མ་ཐུབ། སྐོར་ཞིབ་བྱས་ནས་ཕྱིར་ལོག་དུས་ས་རུབ་ལ་ཉེ་ནའང་། ཉིན་དེའི་སྐོར་ཞིབ་ཀྱི་གནས་ཚུལ་འབྲེལ་ཡོད་ལས་ཁུངས་ཀྱི་མི་སྣར་སྙན་ཞུ་འབུལ་བའི་བྱ་བ་ཐེངས་གཅིག་ལའང་འགོར་འགྱངས་བྱས་མ་མྱོང་།
ང་ཚོས་བསོད་བསོད་ཀྱི་ལས་ཀར་སུན་པོ་བཟོ་བར་དོགས་ནས་ཁ་རོག་གེར་ཡུད་ཙམ་བསྡད་པ་ན། ཁོས་ཁ་པར་བཏང་ཚར་རྗེས་གདོང་ལ་དགའ་བའི་འཛུམ་ཤིག་མངོན་ནས་བཤད་རྒྱུར། ངས་ཐོག་མའི་སེམས་འདུན་དང་འོས་འགན་ནི་རང་ཉིད་སྐྱེ་ས་དང་འཚར་ལོངས་འབྱུང་སའི་རྩྭ་སའམ་མ་ཡུམ་ཆུ་བོའི་མགོ་ཁུངས་ལ་བདག་སྐྱོང་བཟང་པོ་བྱེད་རྒྱུ་དེ་ཡིན་ཟེར།
ཉེ་བའི་ལོ་འགའི་སྔོན་ལ། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི1.91ཡོད་པའི་གཙང་གསུམ་མགོ་ཁུངས་ཀྱི་ལྟེ་བར་ཆགས་པའི་རྨ་སྟོད་རྫོང་གིས“སྐྱེ་ཁམས་བདག་སྐྱོང་། གཞི་རིམ་ཏང་འཛུགས། གནད་ཁེལ་དབུལ་སྐྱོར། སྲུང་སྐྱོང་གཏན་འཇགས། མི་རིགས་མཐུན་སྒྲིལ། བསམ་པའི་དཔལ་ཡོན”ཏེ་སྣེ་དྲུག་ཕུང་གཅིག་གི་སྐྱེ་ཁམས་བདག་སྐྱོང་དཔེ་དབྱིབས་བཙུགས་ནས། རྫོང་གི་མངའ་ཁོངས་ནང་དུ་ཡུལ་ཚོ་དང་གྲོང་རྡལ་གསུམ་དུ་བདག་སྐྱོང་ས་ཚིགས3དང་། དེའི་ནང་དུ་སྡེ་བ་རིམ་པའི་བདག་སྐྱོང་རུ་ཁག19དང་ཡན་ལག་རུ་ཁག123ཡོད་པས། ཁྱོན་ཡོངས་ནས་གླིང་ཁུལ་དུ་ཁྱིམ་རེར་བདག་སྐྱོང་པ་གཅིག་རེ་ཡོད་པ་མངོན་འགྱུར་བྱུང་སྟེ། སྐྱེ་ཁམས་བདག་སྐྱོང་པ3042ཀྱིས་སྐྱེ་ཁམས་སྲུང་སྐྱོབ་ཐད་ལ་བྱས་རྗེས་འཇོག་བཞིན་ཡོད།
རྨ་ཆུའི་མགོ་ཁུངས་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་སྐྱེ་ཁམས་ཁོར་ཡུག་ཁྲིམས་སྐྱོང་ཅུས་ཀྱི་ཅུས་ཀྲང་གིས་བཤད་པ་ལྟར་ན། ལོ་ངོ་བཅུ་ལྷག་གི་སྔོན་ལ་གཙང་གསུམ་འབྱུང་ཡུལ་རྒྱལ་སྤྱིའི་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་བཙུགས་པ་དང་། དེང་གི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་བྱ་བ་ལེགས་པོར་སྤེལ་བ་ནས་བཟུང་། ལོ་རབས་བརྒྱད་ཅུ་པའི་ནང་དུ་རྨ་སྟོད་རྫོང་ཁོངས་སུ་ས་རྐོ་རྡོ་སློག་དང་ཉ་མོ་འཛིན་པའི་སྣང་ཚུལ་རྒྱུན་པར་མཐོང་ནའང་།ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ཚུགས་པ་ནས་བཟུང་། དྲེད་མོང་དང་སྟག་གཟིག་གི་གནོད་འཚེ་ལ་ཁ་གཏད་དེ་སྒོ་ཁྱི་གསོ་བ་དང་ལྕགས་ར་བསྐོར་ནས་གྱོང་གུན་ཇེ་ཉུང་དུ་གཏོང་བ་ལས་རི་དྭགས་རྔོན་པའི་བསམ་བློར་འགྱུར་བ་བྱུང་ཡོད།
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།