རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱས་ཏེ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་དགོས།
2020.12.08 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 21

“ཀྲུང་གོས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ལག་བསྟར་བྱེད་པའི་དམིགས་ཡུལ་ནི་རང་བྱུང་སྐྱེ་ཁམས་མ་ལག་གི་གདོད་མའི་རང་བཞིན་དང་ཆ་ཚང་རང་བཞིན་རྒྱུན་སྲུང་བྱེད་པ་དང་། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོབ་དང་སྐྱེ་ཁམས་ཀྱི་བདེ་འཇགས་སྲུང་ཡོལ་ལ་སྲུང་སྐྱོབ། བུ་རབས་ཚ་རྒྱུད་ལ་རང་བྱུང་གི་རྒྱུ་ནོར་རྩ་ཆེན་བསྐྱུར་བ་བཅས་ཀྱི་ཆེད་དུ་ཡིན་ལ། འདི་ནི་ཀྲུང་གོས་རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་རེད།”

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནི་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱེད་ཡུལ་ཐོག་མ་ཡིན་པ་དང་། ཕྱོགས་ཀུན་ནས་གསར་པ་ཡིན་པའི་སྒྲིག་སྲོལ་འཚོལ་ཞིབ་བྱས་པ་ཞིག་ཀྱང་རེད། རྒྱལ་ཡོངས་སུ་རྒྱལ་ཁབ་སྤྱི་གླིང་གཙོ་དོན་ཡིན་པའི་རང་བྱུང་སྲུང་སྐྱོབ་བྱེད་གནས་མ་ལག་གི་དཔེ་སྟོན་ཞིང་ཆེན་ཐོག་མར་བསྐྲུན་པ་ཞིག་དང་། རང་ཞིང་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་དང“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གནས་བབ་གཏན་འཁེལ་བྱེད་པར་ཏན་ཏིག་སྒོས་སྐུལ་འདེད་བཏང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཀྱང་རེད།

མཚོ་སྔོན་ནི་མདོ་དབུས་མཐོ་སྒང་དང་སའི་གོ་ལའི་གླིང་སྣེ་གསུམ་པར་གནས་ཤིང་། རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ་དང“ཀྲུང་ཧྭའི་ཆུ་མཛོད”ཡིན་ལ། གླིང་ཆེན་ཡོ་རོབ་དང་ཨེ་ཤ་ཡའི་སྐམ་ས་ཆེན་མོར་གཙང་ཆེན་དང་ཆུ་ཆེན་སྦྲུམ་པ་ཆེས་མང་བའི་ས་ཁུལ་ཞིག་དང་། འཛམ་གླིང་གི་རྒྱ་མཚོའི་ངོས་ལས་མཐོ་བའི་ས་ཁུལ་དུ་སྐྱེ་དངོས་ཆེས་སྣ་མང་འདུ་བའི་ས་ཁུལ་ཞིག་ཡིན་ལ། སྐྱེ་ཁམས་གནས་ཡུལ་དམིགས་བསལ་དང་། སྐྱེ་ཁམས་མ་ལག་ཕུན་སུམ་ཚོགས་པོ་ཡོད་ས་ཞིག་ཡིན། རང་བྱུང་ཁམས་ཆེན་མོས་མཚོ་སྔོན་ལ་དགེ་མཚན་ལྡན་པའི་སྐྱེ་ཁམས་ཐོན་ཁུངས་གནང་ཡོད་པ་དེས་མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་ཐོག་དང་པོ་འཛུགས་པར་ལྷན་སྐྱེས་མ་རྩ་སྦྱིན་ཡོད། འདི་ནི་མཚོ་སྔོན་གྱི་བསོད་ནམས་ཡིན་པ་དང་དུས་མཚུངས་སུ་ལས་འགན་ལྕི་མོ་ཞིག་ཀྱང་རེད།

རྨ་ཆུ་ནི་ཀྲུང་ཧྭའི་དཔལ་ཡོན་ཆེས་དར་སྔ་བའི་ས་ཁུལ་ཞིག་ཡིན་ཞིང་། ལོ་ངོ་ལྔ་སྟོང་ལྷག་གི་ལོ་རྒྱུས་ཆུ་རྒྱུན་རིང་མོའི་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད། དེའི་སྟབས་ཀྱིས་མི་རྣམས་ཀྱིས་རྨ་ཆུའི་མགོ་ཁུངས་འཚོལ་ཞིབ་བྱེད་པའི་དུས་ཚོད་མགོ་བརྩམས་པའང་སྔ།

ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད། རྨ་ཆུའི་མགོ་ཁུངས་དང་འབྲི་ཆུའི་མགོ་ཁུངས། རྫ་ཆུའི་མགོ་ཁུངས་བཅས་ཚུད་པའི་གཙང་གསུམ་འབྱུང་ཡུལ་ནི་རྒྱལ་ཁབ་སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་བསྡུས་ཚོད་ལྟ་བྱེད་ཁུལ་དང་། ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱེད་གནས་དང་པོ་ཡིན་སྟབས། དེས་མི་རིགས་ཡོངས་ཀྱིས་རང་བྱུང་སྲུང་སྐྱོབ་དང་སྐྱེ་ཁམས་དཔལ་ཡོན་ལ་བཅངས་པའི་རེ་སྨོན་བཏེགས་ཡོད།

《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྤྱི་སྒྲོག(2019)》ལས་མངོན་པ་ལྟར་ན། སྒྲིག་སྲོལ་ཚོད་ལྟ་བྱས་པའི་ཚུན་ལ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་ཧུར་ཐག་སྒོས་སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་བཅོས་མཉམ་རྒྱལ་གྱི་ལམ་ཞིག་བཙལ་ཅིང་། ལག་ཏུ་བསྟར་བའི་སྐྱེ་ཁམས་སྲུང་སྐྱོབ་དང་བཟོ་འགོད་འཛུགས་སྐྲུན་གྱིས་ནུས་ལྡན་གྱི་སྒོ་ནས་སྐྱེ་ཁམས་སླར་གསོར་སྐུལ་འདེད་བཏང་སྟེ་གྲུབ་འབྲས་མངོན་གསལ་བླངས་ཡོད། དེང་སྐབས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཆུ་ཁོངས་བསྐྱིལ་གསོག་ཚད་ཀྱི་ལོ་རེའི་ཆ་སྙོམས་འཕར་ཚད་བརྒྱ་ཆའི་དྲུག་གི་ཡན་ལ་སླེབས་ཤིང་། རྩྭ་སའི་ཁེབས་ཚད་དང་རྩྭ་ཐོན་སྐྱེད་བྱེད་ཚད་སོ་སོར་ལོ་ངོ་བཅུ་ཡི་སྔོན་དང་བསྡུར་ན་བརྒྱ་ཆའི་བཅུ་གཅིག་དང་བརྒྱ་ཆའི་བཅུ་གསུམ་གྱིས་མཐོར་འདེགས་བྱུང་ཡོད་ལ། འབྲོག་པ་མང་ཚོགས་ཁྲི་གཅིག་དང་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་སྐྱེ་ཁམས་བདག་སྐྱོང་པར་གྱུར་ཅིང་། མི་རེའི་ཆ་སྙོམས་ཀྱི་ལོའི་ཡོང་འབབ་སྒོར་ཁྲི་གཉིས་དང་སྟོང་གཅིག་དྲུག་བརྒྱ་ཡིན།

མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་དེ་སྐྱེ་ཁམས་ཀྱི་ཕྱོགས་སུ་ཡོད་ལ། འགན་འཁྲི་ཆེ་ཤོས་དེ་སྐྱེ་ཁམས་ཀྱི་ཕྱོགས་སུ་ཡོད་ཅིང་། སྦས་ཤུགས་ཆེ་ཤོས་དེའང་སྐྱེ་ཁམས་ཀྱི་ཕྱོགས་སུ་ཡོད། ལོ་ངོ་མང་པོའི་རིང་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མུ་མཐུད་དུ“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གནས་བབ་ངོས་འཛིན་ཇེ་ཟབ་ཏུ་བཏང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་དམིགས་སུ་འཛིན་པ་དེ་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་གཙོ་གནད་དུ་བཞག་ཅིང་། “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོར་བཙུགས་ནས། སྔ་གཞུག་ཏུ《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ་འཛུགས་པའི་འགུལ་སྐྱོད་ཇུས་གཞི》དང《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཛུགས་སྐྲུན་གྱི་སྤྱིའི་ཇུས་གཞི》སོགས་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ཅིང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན། རྨོ་བསྐྱུར་ནགས་སྐྱོང་། ཕྱུགས་བསྐྱུར་རྩྭ་སྐྱོང་། རྒྱལ་ཁབ་ཀྱི་གལ་ཆེའི་བརླན་ས་སྲུང་སྐྱོབ་དང་སླར་གསོ། ས་ཆུ་སྲུང་འཛིན་སོགས་གཙོ་གནད་ཆེད་དམིགས་བཟོ་འགོད་ལག་ཏུ་བསྟར་བ་དང་བསྟུན་ནས། རྩྭ་ས་ཞན་འགྱུར་དང་ཐང་རྒོད་ཅན་དུ་འགྱུར་བའི་རྣམ་པར་ཐོག་མའི་ཚོད་འཛིན་ཐུབ་ཡོད། ནགས་རྩྭའི་ཕྱོགས་བསྡུས་སྔོ་ཁེབས་ཚད་མངོན་གསལ་གྱིས་མཐོར་འདེགས་བྱུང་ཞིང་། ཆུ་གནས་དང་བརླན་སའི་སྐྱེ་ཁམས་མ་ལག་ཁྱོན་ཡོངས་ནས་སླར་གསོ་བྱས་པ་དང་། ཆུ་ཁུངས་གསོག་ཁུལ་དང་བཞུར་རྒྱུད་ཀྱི་ཆུ་མཁོ་སྤྲོད་ནུས་ཤུགས་མཐོར་འདེགས་བྱུང་ཞིང་། སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་བཏང་ནས་གྲུབ་འབྲས་གསར་པ་ཐོབ་པ་དང་རྣམ་པ་གསར་པ་བཏོད།

ལོ་ངོ་བཅུ་ལྷག་གི་རིང་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཆུའི་ཐོན་ཁུངས་ཀྱི་ཚད་ཇེ་མང་དུ་ཕྱིན་ཏེ་སྨི་རྒྱ་དཔངས་གྲུ་བཞི་མ་ཐེར་འབུམ་བརྒྱད་ལ་ཉེ་ཞིང་། དུས་རབས20པའི་དུས་མཇུག་ཏུ་འཕྲོ་རིམ་འཕྲོར་སྐམ་པའི་རྨ་ཆུའི་མགོ་ཁུངས་ཀྱི་མཐོ་སྒང་གི་མཚོ་མོ་སྟོང་ལ་ཉེ་བ་དེ་ཡང་བསྐྱར་མངོན་བྱུང་།

2016ལོར། རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་དང་པོའི་སྒྲིག་སྲོལ་ཚོད་ལྟ་བྱེད་པའི་བྱ་བ་མཚོ་སྔོན་ནས་མགོ་བརྩམས་ཤིང་། རང་ཞིང་ལ་མཚོན་ནས་བཤད་ན་ལས་གཞི་འདི་ནི་སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་བསྒྱུར་གྱི“འགུལ་སྐྱོད་ཆེན་མོ”ཞིག་ཡིན་ལ། རླུང་འཚུབ་དྲག་པོ་ཞིག་རྨ་ཆུའི་མགོ་ཁུངས་ཀྱི་རྨ་སྟོད་ས་ཁུལ་དུ་གཡུག་པ་དང་མཚུངས། དེའི་རྗེས་ནས་སྐྱེ་ཁམས་དཔལ་ཡོན་གྱི“རྒྱུགས་གཞི་ཆེན་མོ”ཞིག་འདི་ནས་མགོ་བརྩམས།

རྨ་སྟོད་རྫོང་གི་མི་རྣམས་ཀྱི་སེམས་སུ་རྩྭ་ཐང་ཞན་འགྱུར་ཚབས་ཆེན་དང་། རི་སྐྱེས་སྲོག་ཆགས་མཐོང་རྒྱུ་མེད་ཅིང་། མཚོ་མོ་ཆེ་ཆུང་སྣ་ཚོགས་རིམ་གྱིས་ཡལ་ཞིང་། རྫོང་ཡོངས་ཀྱི་མཚོ་མོ་ཆེ་ཆུང་སྟོང་བཞི་ལྷག་ལས་ཕྱེད་ཀ་སྐམ་པ་དང་། མཚོ་མོ་ཁ་ཤས་ཐ་ན་བྱེ་རླུང་གིས་ཁྱུར་མིད་བཏང་སོང་།

སྔོ་ཁེབས་སླར་གསོ་དང་ཕྱུགས་བཀག་རྩྭ་གསོ་སོགས་ཀྱི་བྱེད་ཐབས་ལག་བསྟར་དང་། ལྷག་པར་ཆར་ཆུའི་འབབ་ཚད་ཇེ་མང་དུ་སོང་བས།“མཚོ་མོ་སྟོང་གི་རྫོང”དུ་གྲགས་པའི་རྨ་སྟོད་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་རིམ་གྱིས་སླར་གསོ་བྱུང་ཞིང་། མཚོ་མོའི་གྲངས་ཀ་རིམ་གྱིས་ཇེ་མང་དུ་སོང་སྟེ། ད་ལྟ་མཚོ་མོ་སྟོང་བརྒྱད་ལྷག་ལ་བུད་ཅིང་། སླར་གསོ་བྱས་པར་མ་ཟད་སྔོན་ཆད་ཀྱི་ཚད་ལས་བརྒལ་ནས་མཛེས་སྡུག་སྟོང་གི་མཚོ་མོའི་ཡུལ་ལྗོངས་ཡང་བསྐྱར་མི་རྣམས་ཀྱི་མིག་ལམ་དུ་མངོན་ཡོད།

ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་སྲུང་སྐྱོབ་ནི་དོན་དངོས་སུ་མིའི་རིགས་ཀྱིས་རང་ཉིད་ལ་སྲུང་སྐྱོབ་བྱས་པ་རེད།

མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་ལ་སྲུང་སྐྱོབ་དང་མཚོ་སྔོན་པོའི་ཕྱོགས་བསྡུས་སྐྱེ་ཁམས་བྱེད་ནུས་སླར་གསོ་བྱེད་ཆེད། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་། ཞིང་ཆེན་སྲིད་གཞུང་གིས་སྔ་གཞུག་ཏུ་ཐེངས་ལྔ་ལ་མཚོ་རྒྱ་ཉ་གསོ་ལག་བསྟར་བྱས། དེའི་ཁྲོད་ཉེ་ལམ་གྱི་ཐེངས་ལྔ་ནི། 2011ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས2020ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་བར་ཡིན་ལ། ཉ་འཛིན་མེད་པའི་སྲིད་ཇུས་ལག་བསྟར་བྱས།

ད་ལྟའི་མཚོ་སྔོན་པོ་ནི། བརླན་སའི་རྒྱ་ཁྱོན་མུ་མཐུད་དུ་ཇེ་མང་དུ་གྱུར་ཅིང་། ཟབ་ཚད་སྟུག་པའི་སྔོ་ཁེབས་ཚད་མུ་མཐུད་དུ་ཇེ་བཟང་ལ་སོང་བ་དང་། མཚོ་སྔོན་པོའི་ཁྱོན་ཡོངས་སྐྱེ་ཁམས་བྱེད་ནུས་མུ་མཐུད་དུ་ཇེ་བཟང་དུ་སོང་བ། འདབ་ཆགས་ཀྱི་རིགས་ཉིས་བརྒྱ་ཉེར་ལྔ་ཇེ་མང་དུ་སོང་བ། གསེར་ཉའི་ཐོན་ཁུངས་ཏུན་ཁྲི་བརྒྱད་དང་སྟོང་བརྒྱད་ལ་སླེབས་པ། དགོ་དམར་གྱི་གྲངས་ཀ་ཇེ་མང་དུ་སོང་ནས2018ལོར་སླེབས་དུས་སྟོང་གཉིས་བདུན་བརྒྱ་དགུ་བཅུ་ལ་སླེབས་ཤིང་། ཁྲུང་ཁྲུང་སྐེ་ནག་སྔོན་གྱི་སུམ་ཅུ་ནས་ད་ལྟའི་བརྒྱ་དང་སུམ་ཅུ་ལ་འཕར་ཡོད།

དེང་སྐབས། རྨ་འབྲི་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ས་ཁུལ་གྱི་འབྲོག་དམངས་ཁྲི་གཅིག་དང་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་སྐྱེ་ཁམས་བདག་སྐྱོང་པ་རུ་གྱུར་ཞིང་། ཁོ་ཚོ་ལས་མང་ཆེ་བ་ནི་ཡིག་ཚགས་བཙུགས་ནས་བྱང་བུ་བཟོས་པའི་དབུལ་ཁྱིམ་ཡིན་ཞིང་། “ཁྱིམ་གཅིག་ལ་ལས་རྐང་གཅིག”གི་ལམ་ལུགས་ཀྱིས་འབྲོག་དམངས་རྣམས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་ཞུགས་སུ་བཅུག་པར་མ་ཟད། ཁྱིམ་རེའི་ལོ་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི་གཉིས་ཡིན་པས། བདག་སྐྱོང་པར་དངོས་གནས་དྲང་གནས་ཀྱིས་སྐྱེ་ཁམས་ཀྱི“ཁེ་སྤོགས”ཐོབ་ཏུ་བཅུག

རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་བཙུགས་པ་དེ་མཚོ་སྔོན་ལ་མཚོན་ན་མ་འོངས་པའི་འཕེལ་རྒྱས་ལ་ཁ་ཕྱོགས་པའི་ལོ་བརྒྱའི་ཇུས་ཆེན་ཞིག་ཡིན་ལ། རྒྱལ་ཡོངས་ལ་མཚོན་ན་དུས་རབས་གསར་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རླབས་ཆེའི་ལག་ལེན་ཞིག་དང་། འཛམ་གླིང་ལ་མཚོན་ན་བྱོལ་དུ་མེད་པའི་སྐྱེ་ཁམས་བདེ་འཇགས་ཀྱི་འགན་འཁྲི་ཞིག་ཡིན། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་པ་དང་། “རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་དང་མཛེས་སྡུག་གི་མཚོ་སྔོན”ཞེས་པའི་ཁྱད་མཚར་འགུག་ཤུགས་མགྱོགས་མྱུར་ངང་ཕྱི་ལ་བསྟན་ཏེ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སེམས་ཤུགས་གཅིག་སྒྲིལ་གྱིས་རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་དང་མཛེས་པའི་ཀྲུང་གོ་འཛུགས་སྐྲུན། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བ་བཅས་ལ་སྐུལ་འདེད་གཏོང་བའི་ཆེད་དུ་མཚོ་སྔོན་གྱིས་བཞག་པའི་བྱས་རྗེས་རེད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།