ནོར་ལུག་གི་བལ་ཁུལ་ལས་འཐག་པའི་བདེ་སྐྱིད་ཀྱི་འཚོ་བ།
2020.12.08 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 38

“སྡེ་བ་ཕྱུག་པོ་ཡིན་མིན་གྱི་གནད་འགག་རྩ་ནི་ཏང་ཀྲི་པུའུ་ལ་ཐུག་ཡོད། སྡེ་བ་སྟོབས་ལྡན་ཡིན་མིན་དེ་སྣེ་ཁྲིད་པ་བཟང་པོ་ཡོད་མེད་ལ་ལྟ་དགོས། ཏང་ཀྲི་པུའུ་ཧྲུའུ་ཅིས་མགོ་ཁྲིད་དེ་ནུས་པ་འདོན་སྤེལ་བྱས་ནས་རྒྱ་ཆེའི་མང་ཚོགས་རྣམས་དབུལ་ཐར་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱེད་དགོས” སྐད་ཆ་འདི་དཀོན་མཆོག་ལ་མཚོན་ནས་བཤད་ན་འོས་ཤིང་འཚམ་པ་ཞིག་རེད།

ད་ལོ་ལོ་ན་ཞེ་བདུན་ལ་སོན་པའི་དཀོན་མཆོག་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ར་རྒྱ་གྲོང་རྡལ་ཙ་འགུ་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་པ་དང་། ས་གནས་དེ་རུ་སྐད་གྲགས་ཅུང་ཟད་ལྡན་པའི་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་ཁྲིད་མཁན་གྱི་མི་འཇོན་ཐང་ཅན་ཞིག་ཀྱང་ཡིན། ཆུང་དུས་ནས་ཕྱུགས་འཚོས་ཏེ་ནར་སོན་པའི་དཀོན་མཆོག་གིས་དབྱར་རྩྭ་དགུན་འབུ་བརྐོས་མྱོང་ལ་བལ་ཡང་བཙོངས་མྱོང་། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་བ་ནས་བཟུང་། ཁོས་སྡེ་བ་ཡོངས་ཀྱི་མི་རྣམས་ཀྱི་སྣེ་ཁྲིད་དེ་ལག་ཤེས་ཐགས་འཐག་པའི་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པས་མང་ཚོགས་ཀྱིས་བསྟོད་བསྔགས་ཐོབ།  2019ལོར། དཀོན་མཆོག་ལ“མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་ལེགས་ཅན་གྱི”གཟི་བརྗིད་མཚན་སྙན་ཐོབ་པ་དང་། གྲུབ་འབྲས་དེ་གླེང་སྐབས་དཀོན་མཆོག་གིས“ང་ལ་འཇོན་ཐང་ལྡན་པ་མ་ཡིན་པར་སྲིད་ཇུས་བཟང་པོའི་སྐབས་ལ་འཁེལ་བ་ཡིན”ཞེས་བཤད་བྱུང་།

ཟླ8ཚེས་20ཉིན། སྟོན་མགོ་བཟུང་ཡང་། མགོ་ལོག་གི་རྩྭ་ཐང་ཆེན་མོའི་སྟེང་དུ་སྔར་བཞིན་ཉི་འོད་ལམ་ལམ་འཕྲོ་བཞིན་ཡོད་པ་དང་། ལྗང་མདོག་གི་ཕ་མཐའ་བྲལ། རྨ་ཆེན་རྫོང་ཐོན་ལས་གསོ་སྦྱོང་གླིང་གི་ཉིས་ཐོག་གི་ཟུར་ཞིག་ཏུ་དཀོན་མཆོག་གིས་བུད་མེད་འགའ་ལ་བལ་ཐགས་འཐག་པའི་ཡོང་སྒོ་རྩིས་རྒྱག་གིན་འདུག “ཁྱོན་བསྡོམས་མུས་བཅུ་དྲུག་ཡོད། འདིའི་རིན་པ་སྒོར་མོ་དགུ་བརྒྱ་དང་དྲུག་ཅུ་རེད། ཁྱེད་ཀྱིས་རྩིས་ཤིག” ཅེས་ཙ་འགུ་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་གི་ཡིན་པའི་བཀྲ་བྷོ་ཡིས་དཀོན་མཆོག་གིས་བྱིན་པའི་སྒོར་མོ་ཚུར་ལེན་བཞིན་བཀའ་དྲིན་ཞུ་བཞིན་འདུག

ཙ་འགུ་སྡེ་བའི་ཁྱིམ་ཚང་ཚང་མའི་བུད་མེད་རྣམས་ཀྱིས་ཐག་པ་ལས་ཤེས་པ་དང་། འཁོར་ཁང་ནང་གི་ལས་བཟོ་པ་མང་ཆེ་བ་ནི་སྡེ་བའི་ནང་གི་ཁྱིམ་ཚང་དབུལ་པོའི་བུད་མེད་རྐྱང་རྐྱང་རེད། མངགས་ཐོ་ཉུང་བའི་སྐབས་སུ། ཁོ་མོ་ཚོས་ཁོམ་ལོང་གི་དུས་ཚོད་སྤྱད་དེ་ཐག་པ་ལས་ནས་འདིར་སྐྱེལ་གྱིན་ཡོད། དངོས་པོ་འདིར་རིན་གོང་དེ་འདྲ་མི་ཆེ་ཡང་སྤྱོད་གོ་ཆེན་པོ་ཡོད་པས་ས་ཆ་གཞན་གྱི་ཡུལ་སྐོར་བས་དགའ་བོ་བྱེད་ཀྱི་ཡོད་པ་རེད།

ནོར་ལུག་གི་བལ་གྱིས་ཁོ་ཚོར་ཁྱེར་ཡོང་བ་ནི་ཁེ་ཕན་ཁོ་ན་ཙམ་ཞིག་མ་ཡིན། དཀོན་མཆོག་གིས་ལས་གཉེར་བྱེད་བཞིན་པའི་མི་རིགས་ལག་ཤེས་བཟོ་རྩལ་འགྲེམ་སྟོན་བྱེད་ས་ཞིག་ཏུ། གྱང་ངོས་སུ་ཆེ་ཆུང་མི་འདྲ་བ་སྣ་ཚོགས་དང་ཚོན་མདོག་རྣམ་པར་བཀྲ་བའི་བོད་ཀྱི་ས་གདན་བཀལ་ཡོད་པ་དང་། འགྲེམསྟོན་བྱེད་སའི་སྒྲོམ་བུའི་ནང་དུ་ཀོ་བས་བཟོས་པའི་ཁུག་མ་རེ་རེས་མིའི་མིག་འཁྲུལ་བར་བྱེད་སྲིད་པ་རེད།

དཀོན་མཆོག་གིས་བཤད་རྒྱུར། ཀུང་སིའི་ནང་དུ་ད་ལྟ་གྱང་ངོར་འགེལ་བའི་ས་གདན་དང་། ས་གདན། རྒྱབ་ཁུག་སོགས་ཐོན་རྫས་རིགས་སྣ་ཚོགས་ཉི་ཤུ་ལྷག་ཡོད་པ་དང་། ན་ནིང་གི་ཕྱིར་འཚོང་ཡོང་སྒོ་སྒོར་མོ་འབུམ་བརྒྱད་ལྷག་ལས་བརྒལ། གལ་ཏེ་ཏང་དང་སྲིད་གཞུང་གི་རོགས་སྐྱོར་མེད་ཚེ་ང་ཚོར་ཕན་འབྲས་དེ་འདྲ་ཐོན་ཧ་ཅང་དཀའ་ཟེར། ལོ་འགའི་སྔོན་ལ། དཀོན་མཆོག་གིས་སྡེ་མི་ཁ་ཤས་ཁྲིད་དེ་སི་ཁྲོན་དང་བོད་ལྗོངས་སུ་སོང་ནས་ཞོར་ལས་གཉེར་བ་དང་། ཡོང་སྒོ་ཧ་ཅང་ཞན།  རྗེས་སུ་ལོ་རེར་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་སྤྱིའི་བོད་ཀྱི་ས་གདན་འགྲེམ་སྟོན་ཚོགས་འདུ་རྒྱལ་ཁའི་ངང་ཚོགས་པས། ཁོང་གིས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཐོན་རྫས་ལ་བརྟེན་ནས་ཕྱུག་འགྱུར་ལམ་དུ་བསྙེགས་འདོད་ཀྱི་རེ་བ་བསྣམས་ནས་ཕྱིར་ཕ་ཡུལ་དུ་ལོག་ནས་ལས་སྐྲུན་བྱེད་རྒྱུའི་སེམས་ཐག་བཅད།

2012ལོར་དཀོན་མཆོག་གིས་གཉེན་ཉེ་དང་གྲོགས་པོ་ཚོའི་རོགས་རམ་ལ་བརྟེན་ནས་རྨ་ཆེན་རྫོང་དུ་བོད་ཀྱི་ས་གདན་ལས་སྣོན་བཟོ་གྲྭ་དང་པོ་དེ་བཙུགས། ལོ་ཤས་རིང་ལ། ཁོ་རང་ཐེངས་མང་པོར་ཁུལ་དང་རྫོང་རིམ་པའི་སྲིད་གཞུང་སྡེ་ཁག་དང་མཉམ་དུ་ཧྲང་ཧེ་སོགས་ས་ཆར་སོང་ནས་མགོ་ལོག་གི་ཞིང་ཕྱུགས་ལས་ཐོན་རྫས་འགྲེམ་སྟོན་ལ་ཞུགས་པ་དང་། བཟོ་དབྱིབས་མཛེས་པའི་ལག་ཤེས་ཐོན་རྫས་ལ་ས་གནས་དེ་གའི་འཛད་སྤྱོད་པས་གདེང་འཇོག་བཟང་པོ་ཐོབ་པ་དང་། “བཟོ་ཁང་ཆུང་ཆུང་”དེའི་ཐོན་སྐྱེད་གཞི་ཁྱོན་ཡང་མུ་མཐུད་དུ་རྒྱ་ཆེ་རུ་ཕྱིན།

དཀོན་མཆོག་གིས་བཤད་པ་ནང་བཞིན། རྨ་ཆེན་རྫོང་ལ་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་། གནའ་སྔ་མོ་ནས་བཟུང་བོད་ཀྱི་ས་གདན་འཐག་པའི་ལོ་རྒྱུས་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། རྫོང་དེས་མཚོ་སྔོན་བོད་ཀྱི་ས་གདན་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་དང་། ཧྲང་ཧེ་ཡི་ཁ་གཏད་རོགས་སྐྱོར་སོགས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཚོང་འགུག་དངུལ་འདྲེན་གྱི་ཤུགས་ཚད་རྒྱ་བསྐྱེད་དེ་མི་རིགས་ལག་ཤེས་བཟོ་ལས་ཀྱི་ཐོན་ལས་སྔར་བས་ཇེ་བཟང་དུ་གཏོང་བར་སྐུལ་འདེད་བཏང་། ད་ལྟ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལག་ཤེས་བཟོ་རྩལ་ཐོན་རྫས་དེ་དག་རིམ་བཞིན་འབྲོག་པ་མང་ཚོགས་ཀྱི་ཁྱིམ་ཚང་གི་ཡོང་འབབ་ཇེ་མང་དུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།

2016ལོར་ཙ་འགུ་སྡེ་བར་དབུལ་སྐྱོར་ཁྱིམ་ཐོན་མ་དངུལ་ཐོན་པ་དང་། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས་ཀྱིས་སྡེ་མི་རྩ་འཛུགས་བྱས་ཏེ་ཚོགས་འདུ་བསྡུས་ཤིང་། མཉམ་དུ་དཀའ་ངལ་ཆེ་བའི་ཁྱིམ་ཚང་གི་དབུལ་ཐར་གནད་དོན་ཐག་གཅོད་བྱས།  མཇུག་མཐར། སྡེ་བ་ཡོངས་ཀྱི་ཁྱིམ་ཚང་ང་བརྒྱད་ཀྱི་དབུལ་ཕོངས་མི་གྲངས་ཆིག་བརྒྱ་ཉེར་གསུམ་གྱི་དབུལ་སྐྱོར་མ་དངུལ་དེ་དག་དཀོན་མཆོག་གི་བོད་ཀྱི་ས་གདན་ལས་སྣོན་བཟོ་གྲྭའི་ནང་མ་རྐང་དུ་བཞག་ནས་ཡོང་སྒོ་བགོ་བར་འཐད་པ་བྱུང་བ་དང་། བསྡོམས་པས་སྒོར་མོ་འབུམ་བདུན་དང་ཁྲི་བདུན་སྟོང་བཞི་ཡོད་པ་རེད།

ཙ་འགུ་སྡེ་བ་ནི་རྨ་ཆེན་རྫོང་ར་རྒྱ་གྲོང་རྡལ་དུ་ཡོད་པ་དང་། སྡེ་བ་དེར་ཁྱིམ་ཚང་སུམ་བརྒྱ་དགུ་དང་མི་སྟོང་གཅིག་དང་བརྒྱ་དང་ཉེར་གསུམ་ཡོད་ལ། དཔེ་མཚོར་ཅན་གྱི་འབྲོག་ལས་གཉེར་བའི་སྡེ་བ་ཞིག་ཡིན་ལ། སྡེ་མིའི་ཡོང་སྒོ་གཙོ་བོ་ཕྱིར་ཞོར་ལས་ལ་སོང་ནས་བཙལ་བཞིན་ཡོད་པ་རེད། དབུལ་ཕོངས་མང་ཚོགས་སྔར་ལས་མང་པོར་རོགས་སྐྱོར་བྱེད་ཆེད། དཀོན་མཆོག་གིས་ཐོན་སྐྱེད་འཁོར་ཁང་གཞི་རྒྱ་བསྐྱེད་དེ་འཕེལ་རྒྱས་བཏང་བའི་དུས་མཚུངས་སུ། དབུལ་ཕོངས་ཁྱིམ་ཚང་གི་བུད་མེད་རྣམས་བཟོ་གྲྭ་ནང་ཞོར་ལས་གཉེར་དུ་ཡོང་བར་བསྡུ་ལེན་བྱས་པར་མ་ཟད། མ་དངུལ་བཏང་སྟེ་ཟི་ལིང་གྲོང་ཁྱེར་མཁར་ལྷོ་ས་ཁུལ་གསར་བའི་བོད་ཀྱི་ས་གདན་ཐོན་ཐོན་སྐྱེད་ཁེ་ལས་ནས་གསོ་སྦྱོང་འཛིན་གྲྭ་བསྡུས་པ་དང་། ཁོ་ཚོར་ལག་རྩལ་སྣ་གཅིག་ཤེས་སུ་བཅུག

དབུལ་ཕོངས་ཁྱིམ་ཚང་ལྕགས་མོ་མཚོའི་ཁྱིམ་དུ་མི་གསུམ་ཡོད་ཅིང་། ཁྱིམ་ཚང་གང་བོས་རྩྭ་ས་སྤྱི་ཆིངས་ཉེར་དྲུག་དང་མང་རྒྱུ་མེད་པའི་ནོར་ལུག་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད། སྤྱིར་བཏང་གི་འབྲོག་པ་ཞིག་ནས་བྱང་ཆ་ལྡན་པའི་བོད་ཀྱི་ས་གདན་འཐག་པའི་བཟོ་བ་ཞིག་ཏུ་གྱུར་ཡོད་ལ། དེའི་རིང་ལ་ལྕགས་མོ་འཚོས་ལོ་གཉིས་ཀྱི་དུས་ཚོད་ལས་བཀོལ་མེད། ལག་རྩལ་ཇེ་བཟང་དུ་སོང་བ་དང་བསྟུན་ནས། ད་ལྟ་ཁོ་མོར་ཟླ་རེར་སྒོར་མོ་སྟོང་ལྔའི་ཟླ་ཕོགས་ཡོད་པ་ལས་གཞན་ད་དུང་ཕྱུགས་ལས་ཀྱི་ཡོང་སྒོ་དང་གཏན་འཇགས་ཀྱི་མ་རྐང་ཡོང་སྒོ་ཡོད་ཅིང་། འཚོ་བའི་ཆུ་ཚད་སྔར་ལས་ཇེ་བཟང་ནས་ཇེ་བཟང་ཡིན་པ་རེད།

ཡིན་ཡང་། གཙགས་དྲུབ་འཁོར་ཁང་དུ་ལྕགས་མོ་འཚོ་ཡི་ཟླ་ཕོགས་ནི་ཆེས་མཐོན་པོ་དེ་མིན་པ་རེད། ཕུར་བ་ནི་ང་ཚོ་འདི་ནས་ཟླ་ཕོགས་ཆེས་མཐོན་པོ་དེ་ཡིན་ཞེས་ལྕགས་མོ་སྐྱིད་ཀྱིས་དེ་ལྟར་བཤད། རང་ཉིད་ལ་འདི་ལྟར་བཤད་བཞིན་པ་མཐོང་སྐབས་འཕྲུལ་ཆས་ཀྱི་ལྷུ་ལག་སྒྲིག་བཞིན་པའི་བོད་རིགས་ཕོ་གསར་དེས་ང་ཚོར་ལྟ་བཞིན་འཛུམ་དམུལ་དམུལ་བྱེད།

དཀོན་མཆོག་གིས་མཚམས་སྦྱོར་བྱས་ནས་བཤད་རྒྱུར། རེད། ང་ཚོའི་འཁོར་ཁང་འདིའི་ནང་གི་ཟླ་ཕོགས་ཆེས་མཐོ་ཤོས་ནི་ཕུར་བ་ཡིན། ཁོས་ཟླ་རེའི་ཟླ་ཕོགས་ནི་སྒོར་མོ་ཁྲི་གཅིག་ཡན་ལ་སླེབས་ཡོད། བོད་ཀྱི་ས་གདན་གཙགས་དྲུབ་ལག་རྩལ་ལས་དཀའ་ཤོས་ནི་གཙགས་དྲུབ་ཀྱི་ལག་ཆ་བཀོལ་རྒྱུ་དེ་རེད། མངགས་ཐོ་མང་པོ་ཡོད་སྐབས་གཙགས་དྲུབ་ལག་ཆ་བཀོལ་བར་རྒྱུན་དུ་གནད་དོན་སྣ་ཚོགས་འབྱུང་བཞིན་ཡོད། སྔོན་ཆད་ཟི་ལིང་གི་ཞིག་གསོ་བྱེད་དགོས་པའི་ས་གདན་མང་པོ་འབྱོར་ཡོང་བ་དང་། དེ་ལས་ན་མ་རྩ་མི་མཐོ་བར་མ་ཟད། ད་དུང་ལས་ཀར་འགོར་འགྱངས་བྱེད་པ་ཡིན། དེ་བས་ཀུང་ཟི་ཡིས་ཕུར་བ་ཞིང་ཆེན་གཞན་ལ་མངགས་ནས་ལོ་གཅིག་གི་རིང་ལ་ཆེད་དུ་གཙགས་དྲུབ་ལག་ཆ་ཞིག་གསོ་བྱེད་པའི་ལག་རྩལ་ལ་སློབ་སྦྱོང་བྱས་པར་མ་ཟད། གཙགས་དྲུབ་གཙགས་པར་བཀོལ་བའི་ལག་ཆ་བཅོ་ལྔ་ཉོས་ཏེ་གཙགས་དྲུབ་གཙགས་པའི་དགོས་མཁོ་བསྐང་ཤིང་། ད་དུང་ལག་ཆ་དེས་མི་འདང་བའི་གནས་ཚུལ་ཡང་བྱུང་བ་རེད།

ཕུར་བ་ཡིས་བཤད་རྒྱུར། ལག་ཤེས་འཁེལ་འཐག་ལག་རྩལ་གྱིས་ང་ཚོར་དཔལ་འབྱོར་ཕན་འབྲས་སྐྲུན་པ་མ་ཟད། ཁྱིམ་ཚང་དབུལ་བོའི་ལས་ཞུགས་ལའང་སྐུལ་ཁྲིད་བྱས་ལ། ཁོ་ཚོར་ཡོང་སྒོ་ཡོད་པར་གྱུར། མིག་སྔའི་བར་དུ། ཀུང་ཟི་ཡིས་དབུལ་ཕོངས་ཁྱིམ་ཚང་ལ་སྒོར་མོ་ཁྲི་དགུ་དང་སྟོང་བརྒྱད་བདུན་བརྒྱ་བྱིན་པ་དང་། རྗེས་ཕྱོགས་ང་ཚོས་ཐོན་སྐྱེད་གཞི་རྒྱ་བསྐྱེད་དེ་མི་སྔར་ལས་མང་པོ་ལས་ཞུགས་བྱེད་པར་སྣེ་ཁྲིད་བྱེད་རྒྱུ་ཟེར།

གསར་འགོད་པས་ཐོན་ལས་གསོ་སྦྱོང་གླིང་དུ། ས་གནས་དེ་གའི་རོང་འབྲོག་པའི་མཉམ་ལས་ཁང་གིས་ཐོན་ལས་གླིང་འདིར་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་ལས་སྣོན་བྱེད་བཞིན་པ་མཐོང་། དཀོན་མཆོག་གི་ཆུང་མ་བཙུན་ཐར་སྐྱིད་ཀྱིས་ཁྱིམ་མཚེས་ཚོང་བར་འཚམས་འདྲི་བྱེད་བཞིན་འདུག་ལ། ཁྱིམ་མཚེས་བར་གྱི་འབྲེལ་བའང་ཤིན་ཏུ་འཆམ་མཐུན་ཡིན་པ་རེད། བཙུན་ཐར་སྐྱིད་དགོད་བཞིན་བཤད་རྒྱུར། ང་ཚོའི་བར་དུ་ངན་སེམས་ཀྱི་འགྲན་སེམས་མེད་པར་ཕན་ཚུན་ལ་རོགས་རམ་བྱེད་བཞིན་ཡོད་ཅིང་། སུ་ཚང་ལ་རྒྱུ་ཆས་འདང་བཞིན་མེད་པ་དང་། མིས་རོགས་རམ་མཁོ་ན། ཚང་མས་རང་འགུལ་ངང་རོགས་རམ་བྱེད་བཞིན་ཡོད་ཟེར།

དབུལ་སྐྱོར་ཐོན་ལས་གསོ་སྦྱོང་གླིང་དུ་ས་གནས་དེ་གའི་ཐོན་ལས་ཀྱི་ཁྱད་སྟོབས་གཅིག་འདུས་བྱས་ཡོད་པས། སྔར་ལས་ལྷག་པའི་སྒོ་ནས་དབུལ་སྐྱོར་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་ཐུབ། འདི་ནི་རྨ་ཆེན་རྫོང་གི་དབུལ་ཐར་མཁྲེགས་གཏོར་བཀོད་སྒྲིག་ཁྲོད་ཀྱི་གསར་སྐྲུན་བྱ་ཐབས་ཤིག་རེད།

རྨ་ཆེན་རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་དོན་གྲུབ་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། གསོ་སྤེལ་གླིང་བཙུགས་པ་ནས་བཟུང་། ཁེ་ལས་དང་སྡེ་བའི་ཐུན་མོང་དཔལ་འབྱོར་མཉམ་ལས་ཁང་སུམ་ཅུ་སོ་གསུམ་དེའི་ནང་བསྡད་པ་དང་། ཐོན་རྫས་ནི་མི་རིགས་ཀྱི་རྒྱན་གོས་དང་། མི་རིགས་ཀྱི་ལག་ཤེས་བཟོ་རྩལ་རིགས། སྨན་རྫས་ལས་སྣོན། ས་གནས་ཐོན་རྫས་འགྲེམས་ཚོང་། ཕྱུགས་ལས་ཐོན་རྫས་ཕྱིར་འཚོང་བྱེད་པ་སོགས་ཡིན་པ་དང་། ཁེ་ལས་འདི་དག་གིས་ལག་རྩལ་གསོ་སྦྱོང་བརྒྱུད་དེ། ཕན་འབྲས་ལྡན་པའི་སྒོ་ནས་རྫོང་ཡོངས་ཀྱི་ཡིག་ཚགས་བྱང་བུ་བཟོས་པའི་ཁྱིམ་ཚང་སྟོང་གཅིག་དང་སུམ་བརྒྱ་གོ་བདུན་གྱི་ཡོང་སྒོ་འཕར་བར་བྱས། སྣེ་ཁྲིད་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་འོག་ནས་རོང་འབྲོག་མང་ཚོགས་ཀྱིས་མིག་རྒྱང་རིང་བོའི་སྒོ་ནས་སྤུས་ཚད་མཐོ་བའི་མཛེས་སྡུག་གི་འཚོ་བ་ཞིག་ལ་རེ་སྙེག་བྱས།

ལོ་ཙཱ། ཚེ་རིང་སྒྲོལ་མ།