—སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
“ངལ་རྩོལ་པའི་བྱང་ཚད་ནི་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་འཕེལ་རྒྱས་ངོས་ཐད་ནས་བརྗོད་ན་ཧ་ཅང་གལ་ཆེ་བ་རེད”རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེང་གི་འཛམ་གླིང་ཐོག་ཕྱོགས་བསྡུས་རྒྱལ་སྟོབས་ཀྱི་འགྲན་རྩོད་དེ་མཐར་གཏུག་ན་ཤེས་ལྡན་མི་སྣའི་འགྲན་རྩོད་དང་ངལ་རྩོལ་པའི་བྱང་ཚད་ཀྱི་འགྲན་རྩོད་རེད་ཅེས་བསྟན་པ་དང་ཆབས་ཅིག ཧུར་ཐག་གིས་བྱང་ཚད་མཐོ་བའི་ངལ་རྩོལ་པའི་དཔུང་སྡེ་ཆེན་པོ་ཞིག་འཛུགས་སྐྱོང་བྱེད་དགོས་པ་ནན་གྱིས་བསྟན་ཡོད།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ངལ་རྩོལ་པའི་བྱང་ཚད་ཇེ་མཐོར་གཏོང་བར་ མཐོང་ཆེན་ཚད་མཐོན་པོ་གནང་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལས་བཟོ་བའི་བྱང་ཚད་འཛུགས་སྐྱོང་ལས་གཞི་ལག་བསྟར་བྱས་ཏེ་ཤེས་ཡོན་ཅན་དང་། ལག་རྩལ་ཅན། གསར་གཏོད་ཅན་བཅས་ཀྱི་ངལ་རྩོལ་པའི་དཔུང་སྡེ་ཆེན་པོ་ཞིག་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་། 2017ལོའི་ཚུན་དུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དུས་སྐབས་གསར་པའི་ཐོན་ལས་ལས་བཟོ་པའི་དཔུང་སྡེ་འཛུགས་སྐྱོང་དང་བཅོས་སྒྱུར་གྱི་ཇུས་གཞི》བཀྲམ་ནས་བཅོས་སྒྱུར་བྱ་ཐབས་ཁག25བཏོན་པ་དང་། དེ་དག་ཐོན་ལས་ལས་བཟོ་པའི་བསམ་བློར་སྣེ་ཁྲིད་དང་། རྩལ་ནུས་མཐོར་འདེགས། ནུས་པ་འདོན་སྤེལ། འདེགས་སྐྱོར་འགན་ལེན་བཅས་ཐད་ཀྱི་སྒྲིག་སྲོལ་རྐྱེན་སྲོལ་དང་འབྲེལ་བ་ཡོད། དེས་ཐོན་ལས་ལས་བཟོ་པའི་དཔུང་སྡེ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་འགན་ལེན་གལ་ཆེན་བྱས་ཡོད། 2018ལོར་ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《ལག་རྩལ་ལས་བཟོ་པའི་ཐོབ་ཐང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་ནས་རྩལ་ནུས་ཕྱོགས་སྟོན་དུ་བྱས་པའི་སྐུལ་ལྕག་རྐྱེན་སྲོལ་གསར་གཏོད་བྱས་ཏེ་དཀའ་སྤྱད་ངལ་རྩོལ་དང་། ཟོལ་མེད་ངལ་རྩོལ། གསར་གཏོད་ངལ་རྩོལ་བཅས་ལ་སྔར་བས་སྐུལ་མ་བཏང་བ་དང་ལག་རྩལ་ལས་བཟོ་པའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ཇེ་དྲག་ཏུ་བཏང་ཡོད། མིག་སྔར་རང་རྒྱལ་གྱི་ལས་ཞུགས་མི་གྲངས་ཀྱི་བསྡོམས་འབོར་ནང་ལག་རྩལ་ལས་བཟོ་པ་དུང་ཕྱུར་གཅིག་བྱེ་བ་བདུན་ཙམ་ཡོད་པ་དང་། དེས25%ཟིན་ཡོད། དེའི་ནང་རྩལ་ནུས་མཐོ་བའི་འཇོན་མི་བྱེ་བ་བཞི་ས་ཡ་བརྒྱད་ཙམ་ཡོད། ང་ཚོས་ཚན་རྩལ་སློབ་གསོར་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་པར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལས་བཟོ་བའི་དཔུང་སྡེའི་བྱང་ཚད་མཐོར་འདེགས་གཏོང་རྒྱུ་དེ་འཐབ་ཇུས་ཀྱི་ལས་འགན་ཞིག་ལ་བརྩིས་ནས་དམ་འཛིན་ཡག་པོ་བྱེད་པ། ངལ་རྩོལ་པས་ཤེས་བྱ་གསར་པར་སློབ་སྦྱོང་དང་། རྩལ་ནུས་གསར་པ་ཁོང་དུ་ཆུད་པ། འཇོན་ཐང་གསར་པ་ཤེས་པ་བཅས་ལ་ཆ་རྐྱེན་བསྐྲུན་པ་བཅས་བྱས་ཚེ། ད་གཟོད་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་ཡག་པོ་བྱེད་ཐུབ་པ་ལག་ལེན་དངོས་ལས་ར་སྤྲོད་བྱུང་ཡོད།
ངལ་རྩོལ་པས་ཤེས་བྱ་དང་འཇོན་ཐང་ཇི་ཙམ་གསོག་འཇོག་བྱས་ན་གསར་གཏོད་ཀྱི་ནུས་པ་དེ་ཙམ་གྱིས་ཆེ་བ་རེད། རྒྱ་ཆེའི་ངལ་རྩོལ་པ་ཚུད་པའི་མི་རིགས་ཡོངས་ཀྱི་དཔལ་ཡོན་བྱང་ཚད་ཇེ་མཐོར་གཏོང་བ་ནི་མི་རིགས་འཕེལ་རྒྱས་ཀྱི་ཡུན་ཕན་ཇུས་ཆེན་ཡིན། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཉེན་ཁའི་ཁྲོད་གོ་སྐབས་འཚོལ་བ་དང་འགྱུར་ལྡོག་ཁྲོད་རྣམ་པ་གསར་པ་གཏོད་པ་བཅས་ངལ་རྩོལ་པའི་བྱང་ཚད་ལ་བླང་བྱ་དེ་བས་མཐོན་པོ་བཏོན་ཡོད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག“གསར་གཏོད་རང་བཞིན་དང་། དངོས་སྤྱོད་རང་བཞིན། རྩལ་ནུས་རང་བཞིན་བཅས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་དགོས”ཞེས་བཏོན་པ་དང“ངལ་རྩོལ་པའི་རྩལ་ནུས་བྱང་ཚད་མགྱོགས་མྱུར་ངང་མཐོར་འདེགས་གཏོང་དགོས”པའི་བླང་བྱ་བཏོན་ཡོད། རང་རྒྱལ་གྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་ཚེ་གང་སློབ་སྦྱོང་གི་འདུ་ཤེས་འཛུགས་པ་དང་སློབ་སྦྱོང་བྱེད་མཁས་པ་དང་བསམ་བློ་གཏོང་རྒྱུར་དགའ་བའི་གོམས་གཤིས་ཆགས་པར་བྱས་ཏེ་སློབ་སྦྱོང་ལ་བརྟེན་ནས་ཀུན་སྤྱོད་སྐྱོང་བ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་གྲོས་འཕེལ་བ། སློབ་སྦྱོང་བྱས་ནས་གོ་ཆོད་པ་བཅས་བྱ་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལག་རྩལ་ལས་བཟོ་པའི་དཔུང་སྡེ་ནི་ཀྲུང་གོའི་གསར་གཏོད་ལ་འདེགས་སྐྱོར་བྱེད་པའི་རྨང་གཞི་གལ་ཆེན་ཞིག་ཡིན། དེས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་ཐོན་གྱི་ཡོད”ཅེས་ནན་བཤད་གནང་ཡོད། ལག་རྩལ་ལས་བཟོ་པ་གསོ་སྐྱོང་དང་། བེད་སྤྱོད། གདེང་འཇོག དཔྱད་ཞིབ་བཅས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱེད་པ་དང་། རྩལ་ནུས་ཤེས་ལྡན་པའི་ཐོབ་ཐང་ཆུ་ཚད་མཐོ་རུ་གཏོང་བ། རྩལ་ནུས་ཤེས་ལྡན་པའི་ལས་རིགས་ འཕེལ་རྒྱས་ལམ་བུ་ཤར་བགྲོད་བྱེད་པ། རྩལ་ནུས་ཤེས་ལྡན་པའི་སྐུལ་ལྕག་སྲིད་ཇུས་འཐུས་ཚང་དུ་གཏོང་བ། ངལ་རྩོལ་པ་དེ་བས་མང་བ་དང་ལྷག་པར་དུ་ན་གཞོན་གྱིས་རྩལ་ནུས་ལ་བརྟེན་ནས་ཤེས་ལྡན་མི་སྣར་འགྱུར་བ་དང་རྒྱལ་ཁབ་ལ་ཞབས་འདེགས་ཞུ་བའི་ལམ་བུའི་ཐོག་བསྐྱོད་རྒྱུར་སྐུལ་ལྕག་གཏོང་བ་བཅས་ཀྱི་ཐོག་ནས་རྩལ་ནུས་ཆེ་བའི་ཤེས་ལྡན་མི་སྣ་དང་རྒྱལ་ཁབ་ཆེན་པོའི་བཟོ་བོ་དེ་བས་མང་པོ་གསོ་སྐྱོང་བྱེད་དགོས། ཕུགས་བསམ་ལྡན་ཞིང་དད་སེམས་སྲུང་ཐུབ་པ་དང་། ལག་རྩལ་ཤེས་ཤིང་གསར་གཏོད་ཐུབ་པ། འགན་འཁུར་ཕོད་ཅིང་ལེགས་སྐྱེས་འབུལ་ཐུབ་པའི་ཐོན་ལས་ལས་བཟོ་པའི་དཔུང་སྡེ་ཆེན་པོ་ཞིག་འཛུགས་སྐྱོང་བྱ་དགོས།
དུས་རབས་གསར་པ་ནི་འབད་འཐབ་ཁྲོད་རླབས་ཆེན་བྱ་གཞག་གཏོད་པ་དང་ཤེས་ལྡན་མི་སྣ་ཐོན་པའི་དུས་རབས་ཡིན། ངལ་རྩོལ་པ་ཡོངས་ཀྱིས་སློབ་སྦྱོང་བྱེད་འདོད་པ་དང་། ལས་ཀ་བྱེད་འདོད་པ། བརྩོན་ཞིབ་བྱེད་འདོད་པ། རང་ཉིད་ལ་འཇོན་ཐང་དངོས་ལྡན་པ། ལག་རྩལ་སྣེ་གཅིག་བྱང་ཆུབ་པ་བཅས་བྱས་ན། ལས་གནས་ཐོག་འཚར་ལོངས་འབྱུང་ཐུབ་པ་དང་ཤེས་ལྡན་པར་འགྱུར་ངེས་ཡིན་ལ། མཁས་བརྒྱ་འགྲན་རྩོད་ཀྱི་རླབས་རྒྱུན་ཁྲོད་རྦ་རླབས་ཀྱི་རྩེ་མོར་གནས་ཐུབ་པ་དང་། མེས་རྒྱལ་ལ་དྲིན་ལན་འཇལ་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་ཁྲོད་བྱས་རྗེས་འཇོག་ཐུབ་པ། ལོ་རྒྱུས་ཀྱི་རླབས་ཆེན་ལས་དོན་གསར་པ་གཏོད་པའི་བགྲོད་ལམ་སྟེང་རིན་ཐང་མངོན་པ་དང་ཉམས་འགྱུར་ངོམ་ཐུབ་པ་བཅས་བྱེད་ཐུབ།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།