ད་ལོའི་ལོ་སྟོད་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་སངས་རྒྱས་སྒྱུ་རྩལ་ཁང་གི“དབུལ་ཕོངས་ཁྱིམ་ཚང་གི་རིག་གནས་ཐོན་ལས་གསོ་སྦྱོང་འཛིན་གྲྭ”དུས་ལྟར་སློབ་མགོ་བརྩམས།
“སློབ་མ་རྣམས་ཀྱིས་གནས་འདི་རུ་ལོ་ངོ་གསུམ་རིང་ལ་སློབ་སྦྱོང་བྱས་པ་བརྒྱུད། ཐང་ག་འབྲི་བཞེངས་ཀྱི་རྩལ་ནུས་ཡོངས་རྫོགས་བྱང་ཆུབ་པར་སྦྱངས་ན། དབུལ་ཕོངས་ལས་ཐར་ནས་འབྱོར་འབྲིང་ལམ་དུ་བསྐྱོད་པར་རྨང་གཞི་བརྟན་པོ་འདིང་ཐུབ”སྒྱུ་རྩལ་ཁང་གི་ལས་བྱེད་པ་ཞིག་གིས་དེ་ལྟར་མཚམས་སྦྱོར་བྱས་ལ། དེ་ནི་རྨ་ལྷོ་ཁུལ་གྱིས་རིག་གནས་དབུལ་སྐྱོར་གྱི་བྱ་བ་ཤུགས་ཆེན་སྒོས་སྤེལ་བའི་བསྡུས་གཟུགས་ཤིག་རེད།
དབུལ་ཐར་མཁྲེགས་གཏོར་བྱེད་པར་གཙོ་བོ་ཁ་ཕྱོགས་གསལ་བོར་འཚོལ་དགོས། ཉེ་བའི་ལོ་འདི་འགར། རྨ་ལྷོ་ཁུལ་གྱིས་མི་རིགས་རིག་གནས་ཀྱིས་དབུལ་ཐར་མཁྲེགས་གཏོར་ཁྲོད་ཐོན་པའི་དམིགས་བསལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་བསླང་ཅི་ཐུབ་བྱས་པ་དང་། ཁོ་ཚོའི་དབུལ་ཐར་ཕྱུག་བསྒྱུར་གྱི་ཡིད་ཆེས་ཇེ་བརྟན་དུ་བཏང་ནས། དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལས་རྣམ་པར་རྒྱལ་བའི་ཐད་འགན་སྲུང་ནུས་ལྡན་བྱས།
དབུལ་ཐར་མཁྲེགས་གཏོར་གྱི་གཙོ་ཤུགས་དམག་དཔུང་རྒྱ་བསྐྱེད་པ།
ཐུན་རིན་གྲོང་ཁྱེར་ནས་སྤྱི་ལེ་བདུན་ཙམ་སོང་ན། གཙང་ཞིང་ཁོད་ཡངས་པའི་གཞུང་ལམ་ཞིག་དྲང་མོར་རྒྱང་རིང་གི་གྲོང་སྡེ་དེར་བསྲིངས་འདུག ཉམས་དགའ་བའི་སྡེ་བའི་རྣམ་པས་མིའི་སེམས་སུ་བདེ་སྣང་བཤད་མི་ཤེས་པ་ཞིག་སྦྱིན་ཡོང་ལ། དེ་ནི“རེབ་གོང་སྒྱུ་རྩལ་གྱི་འབྱུང་ཁུངས”ཀྱི་མཚན་སྙན་བརྙེས་པའི་སེང་གེ་གཤོང་སྡེ་བ་རེད།
“ཁྱིམ་ཚང་རེ་རེར་སྒྱུ་རྩལ་ཁང་ཡོད་པ་དང་། མི་རེ་རེས་ཐང་ག་འབྲི་ཤེས་པ”ནི་སེང་གེ་གཤོང་སྡེ་བའི་གནས་ཚུལ་ངོ་མ་ཡིན། རིག་གནས་ཀྱི་སྣང་ཚུལ་སྟུག་པོ་དེས་ཐང་ག་སྒྱུ་རྩལ་པ་ཆེན་པོ་གང་མང་ཞིག་བསྐྱངས་ཤིང་། མིང་གྲགས་ཅི་ཡང་མེད་པའི་སྡེ་བ་ཆུང་ཆུང་དེ་རེབ་གོང་སྒྱུ་རྩལ་གྱི་འབྱུང་ཁུངས་སུ་བསྐྲུན་པས། མཛེས་ཤིང་ལྟ་ན་སྡུག་པའི་ཐང་གའི་སྒྱུ་རྩལ་དང་སྒྱུ་རྩལ་པས་དཀའ་སྡུག་གིས་ཐང་ག་འབྲི་བཞེངས་བྱེད་ཀྱིན་པའི་རྣམ་པ་ག་ས་གང་དུ་མཐོང་ཐུབ།
སྐལ་བཟང་ཚེ་རིང་ཡང་གནས་དེ་ནས་སྐྱེས་ཤིང་གནས་དེ་ནས་འཚར་ལོངས་བྱུང་བ་ཞིག་རེད། ཁོར་ཡུག་གི་ཤུགས་རྐྱེན་བཟང་པོ་དང་། ཁོ་རང་ཉིད་ཀྱི་དཀའ་སྤྱད་འབད་བརྩོན་འོག ཁོ་རང་ལ་ལོ་འགའི་སྔོན་ནས་ཞིང་ཆེན་རིམ་པའི་བཟོ་རྩལ་རི་མོ་བ་ཆེན་པོའི་མཚན་སྙན་ཐོབ་ཡོད་ལ། ད་ལྟ་མཚན་སྙན་གྲགས་རྒྱས་ཡོད་པས། ས་ཆ་སོ་སོ་ནས་ཡོང་བའི་སློབ་མ་མང་པོ་ཁོའི་མདུན་དུ་རུབ་ནས་རང་ཉིད་ཀྱི་རྨི་ལམ་མངོན་འགྱུར་བྱེད་པའི་རེ་འདུན་འཆང་།
ཉིན་རེའི་ཞོགས་པའི་ཉི་འོད་རི་རྩེར་བརྒྱབ་མ་ཐག སྐལ་བཟང་ཚེ་རིང་གིས་ཉིན་གཅིག་གི་ལས་ཀའི་མགོ་རྩོམ་བཞིན་ཡོད་ལ། ན་ནིང་ནས་བཟུང་ཐང་ག་མངག་ཉོ་བྱེད་མཁན་དང་སློབ་མའི་ཁ་གྲངས་ཇེ་མང་དུ་སོང་བ་དང་བསྟུན་ནས། ཁོ་རང་སྔར་ལས་བྲེལ་བ་ཆེ་བར་གྱུར། ཐང་ག་འབྲི་ཞོར་དུ་ད་རུང་དུས་ཚོད་བཙལ་ཏེ་སློབ་མ་རྣམས་ལ་མཛུབ་སྟོན་བྱེད་དགོས།
“ད་ལྟ་སློབ་མ་ཉེར་གསུམ་གྱིས་ངའི་མདུན་དུ་ཐང་ག་འབྲི་རྩལ་སྦྱོང་བཞིན་ཡོད་ལ། ཚང་མས་ནན་ནན་ཏན་ཏན་གྱིས་སྦྱོང་གིན་འདུག”ཆེ་རྒྱུ་མེད་པའི་སློབ་ཁང་གཉིས་ཀྱི་ནང་དུ། སློབ་མ་རྣམས་སར་ཙོག་སྟེ། ལ་ལས་ཐང་ག་འབྲི་བ་དང་ལ་ལས་ཚོན་རྩི་བྱུགས་ཀྱིན་འདུག ཚང་མས་བློ་རྩེ་གཅིག་ཏུ་སྒྲིམ་ཡོད་པས་ཕྱི་རོལ་གྱི་མིའི་གོམ་སྒྲ་དང་སྐད་སྒྲ་གང་གིས་ཀྱང་ཁོ་ཚོར་གནོད་པ་བྱེད་མི་ཐུབ། སློབ་མའི་ཁྲོད་དུ་ད་རུང་བུ་མོ་སློབ་མའང་ཡོད་ལ། ཉི་མ་འཚོའང་དེའི་ཁྲོད་ཀྱི་གཅིག་རེད།
ད་ལོར་ལོ་བཅུ་བདུན་ཡིན་པའི་ཉི་མ་འཚོ་ཆུང་དུས་ནས་ཐང་ག་འབྲི་བར་སྤྲོ་བ་ཆེན་པོ་ཡོད་པས། ན་ནིང་དམའ་འབྲིང་མཐར་ཕྱིན་རྗེས། ལས་རིགས་སློབ་གྲྭར་འགྲོ་རྩིས་ཡོད་མོད། འོན་ཀྱང་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་རྗེས། མཇུག་མཐར་ཐང་ག་འབྲི་སྦྱོང་བྱེད་དུ་ཡོང་བ་རེད། གཙོ་བོ་ནི་ལག་རྩལ་འདི་སྦྱངས་རྗེས་ཁྱིམ་ཚང་ལ་དཔལ་འབྱོར་གྱི་ཁེ་ཕན་བསྐྲུན་ཐུབ་པས་རེད།
“སྔོན་ཆད་བུ་མོ་རྣམས་ཀྱིས་ཐང་ག་སློབ་མི་ཐུབ་པར་འདོད་པས། སེམས་ཕམ་ནས་བསྡད་པ་ཡིན་མོད། འོན་ཀྱང་ལོ་འདི་འགར་ཐང་ག་འབྲི་སྦྱོང་སློབ་པའི་བུ་མོ་ཇེ་མང་ནས་ཇེ་མང་ཡིན་པས། ང་ལའང་ཡིད་ཆེས་ཆེན་པོ་སྦྱིན་སོང་། ” ཉི་མ་འཚོ་ཡིས་དགའ་སྤྲོའི་ངང་དེ་ལྟར་བཤད། ཉི་མ་འཚོ་དང་འདྲ་བར་སེང་གེ་གཤོང་སྡེ་བ་རུ་ཐང་ག་འབྲི་སྦྱོང་སློབ་ཏུ་ཡོང་བའི་བུ་མོ་མང་པོ་མང་པོ་ཞིག་ཡོད།
སྐལ་བཟང་ཚེ་རིང་གིས་བཤད་པ་ལྟར་ན། སེང་གེ་གཤོང་གི་ཐང་ག་སྒྱུ་རྩལ་ནི་ཁྱིམ་རྒྱུད་ཁྲོད་རྒྱུན་འཛིན་བྱེད་པ་དང་། བུ་ལས་བུ་མོར་མི་བརྒྱུད་པའི་གོམས་སྲོལ་ཞིག་ཡོད་མོད། འོན་ཀྱང་དུས་རབས་ཀྱི་འགྲོས་དང་བསྟུན་ནས། དབུལ་ཕོངས་ཁྱིམ་ཚང་མང་པོ་ཞིག་ལ་ཁེ་ཕན་སྩོལ་བའི་ཆེད་དུ། སྔོན་ཆད་ཀྱི་སྲོལ་རྒྱུན་རྙིང་པ་དེ་དག་སྔར་ནས་དོར་ཟིན་པ་དང་། ནང་སྒོས་སུ་ཉེ་བའི་ལོ་འདི་གཉིས་ཀྱི་རིང་ལ། སེང་གེ་གཤོང་སྡེ་བས་སྐྱེད་སྲིང་བྱས་པའི་བུད་མེད་སྒྱུ་རྩལ་པ་བརྒྱ་ལྷག་ཡོད། ཁོ་མོ་ཚོའི་ཤུགས་རྐྱེན་བཟང་པོའི་འོག བུད་མེད་མང་པོ་ཞིག་གི་བསམ་བློར་བཅིངས་འགྲོལ་ཐོབ་སྟེ་རང་ཉིད་ཀྱི་ལག་རྩལ་ལ་བརྟེན་ནས་དབུལ་ཕོངས་ལས་ཐར་བར་བརྩོན་བཞིན་ཡོད།
དབུལ་ཐར་མཁྲེགས་གཏོར་གྱི་ཐོན་ལས་སྦྲེལ་ཐག་འཐུས་ཚང་དུ་བཏང་བ།
ཐུན་རིན་གྲོང་ཁྱེར་གྱི་རིག་གནས་ཀྱི་རྫོང་མཐུག་པས། རང་ཞིང་གི་རྒྱལ་ཁབ་རིམ་པའི་རིག་གནས་མཁར་གྲོང་གྲགས་ཅན་གཅིག་པུར་གྱུར་ཡོད། དབུལ་ཐར་མཁྲེགས་གཏོར་བྱ་བ་སྤེལ་མ་ཐག་པའི་སྐབས་དེར། གྲོང་ཁྱེར་ཡོངས་སུ་ཡིག་ཚགས་བཙུགས་ནས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་མང་པོ་ཡོད་པས། ཞིང་ཆེན་ཡོངས་ཀྱི་དབུལ་བོ་དབུལ་ནག་ས་ཁུལ་གྲས་ཀྱི་གཅིག་ཡིན་པ་དང་། རིག་གནས་ཀྱི་ཐོན་ཁུངས་ལེགས་པོ་དེ་དབུལ་ཐར་གྱི་ལེགས་ཆར་བསྒྱུར་རྒྱུ་ནི་དོན་དངོས་དང་འབྲེལ་བའི་བགྲོད་ལམ་ལྡོག་མེད་ཅིག་རེད།
ལྷིང་འཇགས་ཀྱི་ལམ་ཕྲན་དེའི་སྟེང་དུ་ཕར་འགྲོ་ཚུར་འོང་བྱེད་སྐབས། ག་ས་གང་དུ་དབུལ་ཐར་མཁྲེགས་གཏོར་གྱི་གོམ་པ་བརྟན་པོ་མཐོང་ཐུབ། སྐལ་བཟང་ཚེ་རིང་ཚང་དང་ཐག་མི་རིང་བའི་ལམ་འགྲམ་དུ“རེབ་གོང་སྒྱུ་རྩལ་རིག་གནས་ཐོན་ལས་ར་བའི་འགྲེམ་སྟོན་ལྟེ་གནས”ཀྲོང་ངེར་འགྲེང་ཡོད་པ་དང་། དེའི་ཕོ་བྲང་གི་ཁྱད་ཆོས་འབུར་དུ་ཐོན་པའི་བཟོ་བཀོད་ཁྱད་པར་བ་དེ་ནི་སེང་གེ་གཤོང་སྡེ་བའི་མཚོན་རྟགས་སུ་གྱུར་ཡོད།
“ཐང་ག་ནི་རི་མོ་འབྲི་སྦྱོང་གི་ལག་རྩལ་ཁོ་ན་ཙམ་མ་ཡིན་པར། ལོ་ངོ་མང་པོའི་རིང་གི་འཕེལ་རྒྱས་བརྒྱུད། ད་ལྟ་འགྲེམ་སྟོན་དང་མཛེས་རྒྱན་སྤྲས་པ། ཕྱི་ཐུམ་རྒྱག་པ། གཏེར་ཚོན་ལས་སྣོན། ཕྱིར་འཚོང་སོགས་ཀྱི་ཆ་སྡེབ་ཐོན་ལས་སུ་གྱུར་ཡོད”ཐུན་རིན་གྲོང་ཁྱེར་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་ཝུའུ་ཡན་ཡིང་གིས་དེ་ལྟར་མཚམས་སྦྱོར་བྱས། གླིང་ཁུལ་དུ་གཞི་ཁྱོན་ཡན་གྱི་སྒྱུ་རྩལ་ཁང་བཅུ་གཉིས་ཡོད་པ་དང་། རེབ་གོང་སྒྱུ་རྩལ་དང་འབྲེལ་བའི་ཁེ་ལས་བརྒྱ་དང་གྱ་བརྒྱད་ཡོད། རིག་གནས་ཐོན་ལས་དང་དབུལ་སྐྱོར་བྱེད་སྟངས་བརྒྱུད་དེ། གྲོང་ཁྱེར་ཡོངས་སུ་རེབ་གོང་སྒྱུ་རྩལ་དང་འབྲེལ་བའི་ལས་གཉེར་མཁན་ཁྲི་གཅིག་དང་སྟོང་དྲུག་ཡོད་པས། དབུལ་ཕོངས་མང་ཚོགས་ཀྱི་ལས་ཞུགས་ཐབས་ལམ་དང་རིག་གནས་དབུལ་སྐྱོར་གྱི་ཐོན་ལས་སྦྲེལ་ཐག་ནུས་ལྡན་གྱིས་རྒྱ་བསྐྱེད་ཡོད།
མཚམས་སྦྱོར་བྱས་པ་ལྟར་ན། རྨ་ལྷོ་ཁུལ་གྱི“ས་ཁུལ་གཅིག་དང་གླིང་བཞི། ས་ཚིགས་མང་པོ”ཡི་འཕེལ་རྒྱས་གཏོང་སྟངས་ལྟར། ཐུན་རིན་གྲོང་ཁྱེར་གྱིས་ཀྱང《རིག་གནས་ཐོན་ལས་འཕེལ་རྒྱས་འཆར་འགོད》སོགས་ཀྱི་མཛུབ་སྟོན་རང་བཞིན་ལྡན་པའི་ཡིག་ཆ་སྒྲིག་བཟོ་བྱས་ཡོད་ལ། དུས་མཚུངས་སུ“ཁྱིམ་ཚང་ཁྲི་སྟོང་མང་པོའི”བཟོ་འགོད་ལག་བསྟར་བྱས་པ་བརྒྱུད། རེབ་གོང་གི་སྒྱུ་རྩལ་པ་དང་རིག་གནས་ཁེ་ལས་གྲགས་ཅན་སྐོར་ཞིག་སྐྱེད་སྲིང་བྱས་ཡོད། ད་ལྟ་ཐང་ག་དང་གཙགས་དྲུབ། བོད་ཀྱི་ཟློས་གར་སོགས་གཙོ་བོ་ཡིན་པའི་རེབ་གོང་རིག་གནས་ཐོན་ལས་ཚོགས་པས་མང་ཚོགས་དབུལ་ཕོངས་ལས་ཐར་བར་སྐུལ་ཁྲིད་བྱེད་པའི་རྣམ་པ་བཟང་པོ་ཆགས་འདུག
རེབ་གོང་ཀླུ་སྒྲུབ་སྒྱུ་རྩལ་ཁང་དུ་སོང་བ་ན། “དབུལ་སྐྱོར་རིས་ཁང”ཞེས་པའི་ཡིག་འབྲུ་བཞི་པོ་མིག་ལམ་དུ་མངོན་ཡོང་། སྒྱུ་རྩལ་ཁང་གི་འགན་འཁུར་པས་བཤད་པ་ལྟར་ན། སྒྱུ་རྩལ་ཁང་དེ་ནི་ས་གནས་དེའི་ཐང་ག་སྒྱུ་རྩལ་པ་ཆེན་མོ་བཀྲ་ཤིས་རྒྱ་མཚོ་དང་ཆོས་གྲགས་སྤུན་གཉིས་ཀྱིས་བཙུགས་པ་ཡིན་ལ། ལོ་ངོ་མང་པོའི་རིང་ལ་སྤུན་གཉིས་ཀྱིས་ཧུར་བརྩོན་གྱིས་ཕྱུག་བསྒྱུར་བྱས་པ་དང་མཉམ་དུ། སྤྱི་ཚོགས་ལ་དྲིན་ལན་མཇལ་བས། གྲོང་ཁྱེར་ཡོངས་ཀྱི་ཐང་ག་སྒྱུ་རྩལ་པ་གཅིག་བསྡུས་སྐྱེད་སྲིང་བྱེད་སའི་ཁྲིད་སྦྱོང་ལས་ཁུངས་གལ་ཆེན་ཞིག་ཏུ་གྱུར་ཡོད།
ཐོན་ལས་དབུལ་སྐྱོར་ནི་གནད་འཁེལ་དབུལ་སྐྱོར་གྱི་གནད་འགག་ཡིན། གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། དབུལ་ཕོངས་ཁྱིམ་ཚང་སྔར་ལས་མང་པོ་ཞིག་ཆེད་ལས་ཅན་དང་ཐོན་ལས་ཅན་གྱི་དབུལ་ཐར་སྦྲེལ་ཐག་ནང་འཇོག་ཆེད། ཐུན་རིན་གྲོང་ཁྱེར་གྱིས་ཁྱིམ་ཚང་དུ་སྤྲོད་པའི་ཐོན་ལས་མ་དངུལ་དང་མ་མཐའི་འཚོ་བའི་ཁ་གསབ་སོགས་ཀྱི་རྣམ་པ་བརྒྱུད་ནས། ཁོ་ཚོར་མ་དངུལ་གྱིས་རྒྱབ་སྐྱོར་བྱས་པ་དང་། ཁོ་ཚོར་ཁྱིམ་ཚང་གི་ནང་ནས་ཐང་གའི་ཁྱད་ལྡན་ཐོན་ལས་སྤེལ་རོགས་བྱས། དེ་ལས་གཞན་ད་རུང་རྒྱལ་ཁབ་རིམ་པའི་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་འཛུགས་པའི་གོ་སྐབས་བཟང་པོར་བརྟེན་ནས། རེབ་གོང་རིག་གནས་ཐོན་ལས་དེ་གཞི་ཁྱོན་ཅན་དང་ལེགས་བསྡུས་ཞིབ་གཉེར་ཅན། ཆེད་ལས་ཅན་དུ་འཕེལ་རྒྱས་གཏོང་བ་དེ་དབུལ་ཐར་མཁྲེགས་གཏོར་གྱི་གཙོ་གནད་དུ་བཞག་ནས། རེབ་གོང་རིག་གནས་ཐོན་ལས་གཅིག་བསྡུས་ས་ཁུལ་བཙུགས་པ་དང་། གཟུགས་འདས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པ་དང་ལས་ཞུགས་ཐབས་ལམ་རྒྱ་བསྐྱེད་པ། སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས།
དབུལ་ཐར་མཁྲེགས་གཏོར་གྱི་མཛེས་པའི་རི་མོ་བྲིས་པ།
ས་སྟོང་ལུང་སྟོང་ནས་ཐོན་ལས་འདུ་འཛོམས་ཁུལ་དུ་གྱུར་ཏེ། རེབ་གོང་སྒྱུ་རྩལ་ས་གནས་ནས་ཕྱི་རུ་བསྐྱོད་མགོ་བརྩམས། སྲོལ་རྒྱུན་རིག་གནས་སྔོག་འདོན་བྱས་པར་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་དང་ཞིང་སྡེ་དར་སྤེལ་མངོན་འགྱུར་འབྱུང་བ་སོགས་ཀྱི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ཅི་ལྟར་བྱེད་དགོས་སམ་ཞེ་ན། རྨ་ལྷོ་ཁུལ་གྱི་གོང་འོག་ཡོངས་ཀྱིས་མུ་མཐུད་དུ་ནུས་ཤུགས་བཏོན་ནས། རིག་གནས་དབུལ་སྐྱོར་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བཞིན་འདུག
2019ལོའི་ཟླ་ལྔ་པར། སྤུས་ལེགས་ཐང་ག་དང་དེ་མིན་ད་རུང་བོད་ཀྱི་གཙགས་དྲུབ། བྲིས་ཐང་། འགེལ་གདན། སྟོད་ལྷེ་སོགས་མི་རིགས་དམངས་ཁྲོད་ལག་རྩལ་ཐོན་རྫས་སྐོར་ཞིག་མཚོ་སྔོན་རིག་གནས་ཡུལ་སྐོར་གྱི“གསེར་བྱང”བྱས་ཏེ་ཕུའུ་ཐའོ་ཡ་རྒྱལ་ཁབ་ཀྱི་རྒྱལ་ས་ལི་སི་པོན་དུ་ཁྱེར་ཏེ། མི་རིགས་རིག་གནས་སྒྱུ་རྩལ་འགྲེམ་སྟོན་སྟེང་ནས་མཛེས་སྡུག་གི་བཀྲག་མདངས་མངོན་ཅི་ཐུབ་བྱས།
ཟླ་གཉིས་འགོར་རྗེས། ཐུན་རིན་གྲོང་ཁྱེར་རེབ་གོང་རིག་གནས་ཐོན་ལས་གླིང་གིས་བསྡུས་པའི“མི་ཆིག་སྟོང་གིས་རེབ་གོང་ཐང་ག་འབྲི། སྤུས་ལེགས་ཐང་ག་ཁྲི་སྟོང་མང་པོ་བཀྲམ། ཅི་ཉི་སི་འཛམ་གླིང་ཟིན་ཐོར་འགྲན་སློང་བྱེད”ཅེས་པའི་བྱ་འགུལ་སྟེང་། ཡང་བསྐྱར་མི་དམངས་ཀྱི་མིག་དབང་འཕྲོག ཐང་ག་སྒྱུ་རྩལ་པ་ཆེན་མོ་སྟོང་གཅིག་དང་ལྔ་ཡིས་དུས་ཚོད་བཞི་ཡི་ནང་ཤཱཀྱ་མུ་ནེའི་དབུ་རིས་འབྲི་བའི་བཟོ་རྩལ་གོ་རིམ་ཡོངས་རྫོགས་འགྲུབ་ཏུ་བཅུག
བྱ་འགུལ་སྤེལ་ཡུལ་དུ་ད་རུང་རེབ་གོང་སྒྱུ་རྩལ་པས་བྲིས་པའི་སྤུས་ལེགས་ཐང་ག་ཆིག་ཁྲི་ལྷག་གཅིས་བསྡུས་འགྲེམ་སྟོན་བྱས། ཅི་ཉི་སི་འཛམ་གླིང་ཟིན་ཐོའི་བདེན་དཔང་ར་སྤྲོད་དཔོན་པོས་ཡུལ་དངོས་ནས་ར་སྤྲོད་ཞིབ་བཤེར་གཏན་འབེབས་བྱས་པ་ལྟར་ན། བྱ་འགུལ་དེས་བདེ་བླག་ངང“མི་མང་པོའི་མཉམ་དུ་ཐང་ག་འབྲི་བ”དང“གཞི་ཁྱོན་ཆེ་ཤོས་ཀྱི་ཐང་ག་འགྲེམ་སྟོན”གཉིས་ཀྱི་ཅི་ཉི་སི་འཛམ་གླིང་ཟིན་ཐོ་ཆེས་གསར་པ་བཀོད་ཡོད།
“རེབ་གོང་རིག་གནས་ཡུལ་སྐོར་དུས་ཆེན”དང“རེབ་གོང་སྒྱུ་རྩལ་དངོས་མང་བཤམས་སྟོན་འདུ་ཚོགས། ”“ཐང་ག་འབྲི་བཞེངས་འགྲན་བསྡུར”“རེབ་གོང་སྒྱུ་རྩལ་སྐོར་སྐྱོད་འགྲེམས་སྟོན”སོགས་དྲིལ་སྒྲོག་བྱ་འགུལ་ཆེན་མོ་མང་པོས་རིམ་པ་མི་འདྲ་བ་དང་ཟུར་མི་འདྲ་བ་ནས་སྲོལ་རྒྱུན་རིག་གནས་ཀྱི་མཛེས་པ་དྲིལ་སྒྲོག་བྱས་ཏེ། རེབ་གོང་རིག་གནས་ཆས་རྟགས་ཀྱི་སྙན་གྲགས་དང་ཤུགས་རྐྱེན་ཇེ་མཐོར་གཏོང་ཅི་ཐུབ་བྱས།
ན་ནིང་ནས་བཟུང་། རིག་གནས་དང་ཐོན་ལས་མཉམ་འདྲེས་བྱེད་པའི་བྱ་བ་ལེགས་པར་བསྒྲུབ་ཆེད། རྨ་ལྷོ་ཁུལ་གྱིས་རིག་གནས་སྐྱེ་ཁམས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་ཐད་ནས་འཆར་འགོད་རབ་དང་རིམ་པ་བཏོན་ཞིང་། རིག་གནས་སྒྲིག་ཆས་དང་ཡུལ་སྐོར་མཛེས་ལྗོངས་མཉམ་འདྲེས་འཛུགས་སྐྲུན་བྱེད་ཆེད། རིག་གནས་ཡུལ་སྐོར་སྒྲིག་ཆས་ཀྱི་ཇུས་འགོད་དང་ཨར་ལས། འཛུགས་སྐྲུན། མ་དངུལ་སོགས་ཀྱི་ཐད་ནས་དབུལ་སྐྱོར་ལས་གཞི་གཅིག་བསྡུས་བྱས་ཏེ། མཉམ་རྒྱལ་གྱི་དམིགས་ཡུལ་དུ་སླེབས་སུ་འཇུག་དགོས་པ་གསལ་པོར་བསྟན།
མཛེས་ཤིང་སྡུག་པའི་ཐང་ག་རེ་རེ་ཡིས་བོད་རིགས་སྒྱུ་རྩལ་པ་རྣམས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཚོལ་སྙེག་ཐེག་ཡོད་པས། དེས་སྒྱུ་རྩལ་གྱི་མཛེས་པ་གསར་པ་ཞིག་བསྣམས་ཡོད། ཐོན་རྫས་ཀྱི་ལས་རྣམས་བསྟུད་མར་ཕུན་ཚོགས་སུ་སོང་བ་དང་སྲིད་ཇུས་ཀྱི་མ་ལག་ཉིན་རེ་བཞིན་འཐུས་ཚང་དུ་སོང་བ་དང་བསྟུན་ནས། དབུལ་ཐར་མཁྲེགས་གཏོར་དང་འབྱོར་འབྲིང་སྙེག་པའི་ལམ་ཆེན་སྟེང་། རྒྱ་ཆེའི་མང་ཚོགས་ཀྱི་བརྩོན་སེམས་དང་ངར་ཤུགས་བསླངས་ཏེ་གསོན་ཤུགས་བླ་མེད་སྦྱིན་ཡོད་དོ།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།