དབུལ་ཐར་མཁྲེགས་གཏོར། ཟུངས་ཁྲག་ལ་སིམ་པའི་ལས་འགན་དང་ཁག་ཁུར།
2020.12.16 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 35

---དབུལ་ཐར་མཁྲེགས་གཏོར་གྱི་གནས་ཚུལ་འབྲི་སྟོད་ནས་འཚོལ་ཞིབ་བྱས་པ།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ཞེས་གླེང་ན། མི་རྣམས་ཀྱི་བློ་ངོར་དེ་ནི་གནའ་བོའི་ཡུལ་གྲུ་ཞིག་དང་ཡུལ་མཐའ་འཁོབ་ཅིག་ཡིན་པའི་བག་ཆགས་འཁོར་ཡོང་ངེས།

འབྲི་སྟོད་རྫོང་ལ“འབྲི་ཆུའི་འབྱུང་ཁུངས་དང་འབྲུག་མོའི་ཕ་ས། ནོར་ནག་གི་ཕ་ས། གླུ་གར་གྱི་ཕ་ཡུལ། སྐྱེ་ཁམས་ཀྱི་འབྱུང་གནས། སྲོག་ཆགས་ཀྱི་བསྟི་གནས། ཐང་བོད་གནའ་ལམ”སོགས་མཚན་སྙན་མང་པོ་ཡོད་པ་དང་། “དཔལ་འབྱོར་ཞན་པ་དང་། འགྲིམ་འགྲུལ་སྟབས་བདེ་མིན་པ། ཆ་འཕྲིན་མི་ཐོན་པ། རྒྱལ་ཁབ་ཀྱིས་དབུལ་སྐྱོར་གཙོ་གནད་རྫོང་དུ་གཏན་འཁེལ་བྱས་ཡོད་ལ། འབྲི་སྟོད་རྫོང་དུ་དབུལ་ཕོངས་མང་ཚོགས་ཁྲི་བཞི་དང་སྟོང་གསུམ་བཞི་བརྒྱ་བཅོ་བརྒྱད་ཡོད་པ་དང་། གནད་འཁེལ་དབུལ་སྐྱོར་བྱ་བ་མགོ་བརྩམས་པའི་ཚུན་ལ། དབུལ་ཕོངས་ཁྱིམ་ཚང་སྟོང་གསུམ་དང་དྲུག་བརྒྱ་ཉེར་ལྔ་ཡི་དབུལ་ཕོངས་མང་ཚོགས་ཁྲི་གཅིག་དང་བདུན་བརྒྱ་དོན་གཅིག་ལ་ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་ཡོད་པ་རེད།

ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལམ་དུ་མི་གཅིག་ཀྱང་ཆད་མི་རུང་། དབུལ་ཐར་མཁྲེགས་གཏོར་བྱ་བར་ཡར་སྐུལ་བྱས་པ་དང་བསྟུན་ནས་སྐྱེ་སྟོབས་གསར་པ་ཞིག་འབར་གྱིན་ཡོད། འབྲི་སྟོད་རྫོང་ཏང་ཨུའི་ཧྲུའུ་ཅི་རེན་པའོ་ཡོན་གྱིས“རིགས་སོ་སོའི་མང་ཚོགས་ལ་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ཏུ་འཇུག་རྒྱུ་ནི། འབྲི་སྟོད་རྫོང་གི་རིམ་པ་སོ་སོའི་ཏང་སྲིད་ལས་བྱེད་པའི་འབད་བརྩོན་གྱི་ཁ་ཕྱོགས་ཡིན་ལ། དེ་བས་ཀྱང་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་རེ་གཞག་ནན་མོ་ཡིན། དེ་རིང་། འབྲི་ཆུའི་འབྱུང་ཁུངས་སུ་བསྐྱོད་པའི་ཚེ་ན། མིག་ལམ་དུ་མངོན་པ་ནི་འགྱུར་ལྡོག་དང་རྣམ་པ་གསར་པ་རྐྱང་རྐྱང་ཡིན་ལ། དབུལ་ཐར་མཁྲེགས་གཏོར་ནི་མི་རེ་རེའི་ཟུངས་ཁྲག་ལ་སིམ་པའི་ལས་འགན་དང་ཁག་ཁུར་དུ་གྱུར་དང་འགྱུར་མུས་སུ་མཆིས”ཞེས་བཤད་བྱུང་།

ཏང་གི་འཛུགས་སྐྲུན་གྱིས་སྣ་དྲངས་ནས་དབུལ་ཐར་བསམ་བློའི“རྨང་རྡོ”སྲ་བརྟན་དུ་བཏང་།

“དབུལ་ཐར་མཁྲེགས་གཏོར་བྱ་བ་ཆེས་མཐའ་མཇུག་གི་མཆོངས་བསྐྱོད་ཀྱི་དུས་རིམ་དུ་སླེབས་པས། འབྲི་སྟོད་རྫོང་གིས‘ཡུས་གུང་གིས་རི་བོ་སྤོ་བའི་བློ་སྤོབས་བསྐྱེད་དེ། དམིགས་འབེན་དམ་དུ་བཟུང་བ་དང་། དཀའ་སྤྱད་འབད་བརྩོན་གྱིས་དབུལ་ཐར་མཁྲེགས་གཏོར་ཐད་མཐའ་གཅིག་ཏུ་རྒྱལ་ཁ་ལེན་པ’ནི་སྔ་མོ་ནས་ཁ་གཡང་ཙམ་དུ་གྱུར་མེད།” འབྲི་སྟོད་རྫོང་གི་རྫོང་དཔོན་ནན་དབྱང་གིས“དབུལ་སྐྱོར་བྱ་བ་ནི་སྣེ་མང་རྙོག་འཛིང་དང་ལྡན་པ་ཞིག་ཡིན་པས། གཞི་རིམ་གྱི་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་ནི་ཧ་ཅང་གནད་འགག་ཅིག་རེད། གཞི་རིམ་ཏང་རྩ་འཛུགས་ཀྱི་བཙན་རྫོང་ལྟ་བུའི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ། སྣེ་ཁྲིད་ཀྱི་ནུས་པ་བཅས་འདོན་སྤེལ་གང་ལེགས་བྱས་ཚེ། ད་གཟོད་རྒྱུན་ཆད་མེད་པར་མཁྲེགས་གཏོར་དཀའ་སེལ་བྱེད་ཐུབ། གནས་བབ་གསར་པའི་འོག གནད་འཁེལ་དབུལ་སྐྱོར་དང་གནད་འཁེལ་དབུལ་སྐྱོར་གྱི་སྲིད་ཇུས་དང་བྱེད་ཐབས་སྣ་ཚོགས་དངོས་འབེབས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས་ན། གཞི་རིམ་གྱི་ཏང་གི་འཛུགས་སྐྲུན་དང་དབུལ་སྐྱོར་བྱ་བ་གཉིས་ལ་དུས་མཉམ་དུ་སྐུལ་སྤེལ་དང་ཕན་ནུས་ལྡན་པའི་སྒོ་ནས་ཟུང་དུ་འབྲེལ་བ་རྒྱུན་འཁྱོངས་བྱེད་དགོས”ཟེར།

འབྲི་སྟོད་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་ཁོར་ཡུག་ཞན་པ་དང་ཤིན་ཏུ་དབུལ་བའི་ས་ཁུལ་གྲས་ཤིག་ཡིན། དབུལ་ཕོངས་ལ་མཚོན་ནས་བཤད་ན། དཔལ་འབྱོར་གྱིས་ཕོངས་བ་ནི་ཕྱོགས་རེ་ཙམ་ཏེ། ནང་གནས་ཀྱི་རྒྱུ་རྐྱེན་ནི་བློ་སྤོབས་ཀྱིས་དབེན་ཞིང་དགོས་ངེས་ཀྱི་རིག་གནས་ཤེས་བྱ་མེད་པ་དེ་ཡིན་པས། དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལེགས་པོ་རྒྱག་པར་བསམ་བློའི་ཁྲིད་སྟོན་དང་སྲིད་ཇུས་སྒྲོག་འགྲེལ་ནི་ཤིན་ཏུ་གལ་ཆེའོ།

འབྲི་སྟོད་རྫོང་གིས་སྲིད་ཇུས་དྲིལ་སྒྲོག་དང་ལྟ་སྐུལ་ཞིབ་བཤེར་བྱེད་པ་ཟུང་འབྲེལ་བྱས་ནས། སྐད་འཕྲིན་དང་འཕྲིན་ཕྲན། དྲ་ཚིགས་སོགས་སྨྱན་བྱད་ཀྱི་བརྒྱུད་སྒྲོག་རྒྱ་ཆེར་སྤེལ་བ་དང་མགྱོགས་ཚད་མྱུར་བའི་ཁྱད་ཆོས་བེད་སྤྱོད་གང་ལེགས་བྱས་ནས། ཏང་གི་འཛུགས་སྐྲུན་གྱིས་དབུལ་ཐར་ལ་ཡར་སྐུལ་དང་། སྒྲོག་འགྲེལ་ལ་བརྟེན་ནས་འགྱུར་ལྡོག་འབྱུང་བར་སྐུལ་འདེད་བཏང་། “དཀའ་སྤྱད་ལས་སྐྲུན”དང“དབུལ་ཐར་བརྩོན་ལེན”“དྲིན་གཟོ”སོགས་བསམ་བློའི་སློབ་གསོ་བརྒྱུད་དེ། དབུལ་ཕོངས་མང་ཚོགས་ཀྱིས་ཏང་ལ་དྲིན་གཟོ་བ་དང་ཏང་གི་གསུང་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བ་བཅས་ལ་ཁྲིད་སྟོན་བྱས་ནས། ཏང་གི་སྲིད་ཇུས་རེ་རེ་མང་ཚོགས་ལ་བསྒྲགས་པ་ནི། ལམ་སྟོན་གྱི་སྒྲོན་མེ་ཞིག་དང་འདྲ་བར་དབུལ་ཕོངས་མང་ཚོགས་དབུལ་ཐར་ཕྱུག་བསྒྱུར་བྱེད་པའི་རེ་བའི་བགྲོད་ལམ་དུ་འོད་སྣང་སྦྱིན། “རྩ་གཉིས་ཨང་བཤེར”དང་སྐད་འཕྲིན་སྤྱི་སྟེགས་ཀྱི་ཞབས་ཞུའི་རྣམ་པ་སྔོན་ལ་ཁྱབ་གདལ་དུ་བཏང་ནས། རྨོངས་སེལ་ཁྲིད་སྟེགས་ཆེན་མོ་ཞེས་པ་བཙུགས་ནས། སྲིད་ཇུས་སྒྲོག་འགྲེལ་དང་དོགས་གནད་གསེད་འགྲོལ་བྱས་ཏེ། མང་ཚོགས་ཀྱིས་དབུལ་སྐྱོར་སྲིད་ཇུས་མི་ཤེས་པ་དང་དབུལ་ཐར་རིགས་ལམ་མི་ཡངས་པའི་གནད་དོན་ཕན་ནུས་ལྡན་པའི་སྒོ་ནས་ཐག་བཅད།

དབུལ་ཐར་མཁྲེགས་གཏོར་གྱི་ལམ་བུའི་སྟེང་། བསམ་བློའི་ཁྲིད་སྟོན་གྱིས་ཐག་གཅོད་དགོས་པ་ནི“གཏིང་རིམ”གནད་དོན་ཞིག་རེད། འབྲི་སྟོད་རྫོང་གིས“7654321”ཅེས་པའི་ཆ་སྒྲིག་རོགས་སྐྱོར་ནང་རྐྱེན་འཚོལ་ཞིབ་བྱས་ནས་བཙུགས་ཏེ། རྫོང་རིམ་པའི་མགོ་ཁྲིད་ཉེར་བརྒྱད་ཀྱིས་ཞང་གྲོང་དང་སྡེ་བ་དང་ཧྲེ་བཅས་འབྲེལ་གཏུག་བྱ་ཡུལ་བྱས་པ་དང་། ལས་ཁུངས་ཀྱི་ལས་བྱེད་པ་ཉེར་དྲུག་གིས“ཧྲུའུ་ཅི་དང་པོ”ཡི་འགན་ཁུར་ཞིང་། ལས་ཁུངས་ཀྱི་རྐང་འཛིན་ལས་བྱེད་པ་གྱ་གཅིག་སྡེ་བར་བསྡད་དེ་བྱ་བར་མཛུབ་སྟོན་བྱས་པ་དང་། ལས་ཁུངས་ཀྱི་ཏང་རྩ་འཛུགས་ཞེ་བཞི་ཡིས་སྡེ་བའི་ཏང་ཀྲི་པུའུ་དང་མཉམ་འབྲེལ་ཆ་སྒྲིག་བྱས་ཤིང་། ལས་ཁུངས་ཀྱི་ཏང་ཡོན་བདུན་བརྒྱ་དང་གྱ་ལྔ་ཡིས་དབུལ་ཕོངས་ཁྱིམ་ཚང་ཁ་གཏད་རོགས་སྐྱོར་བྱ་ཡུལ་དུ་བཞག་ནས། དྲིལ་སྒྲོག་དང་སྒྲོག་འགྲེལ་ཇུས་གཞི་གཙིགས་སུ་འཛིན་པ་དང་། དྲིལ་སྒྲོག་དང་སྒྲོག་འགྲེལ་རྣམ་པ་གཙིགས་སུ་འཛིན་པ། དྲིལ་སྒྲོག་དང་སྒྲོག་འགྲེལ་གྱི་ཕན་འབྲས་གཙིགས་སུ་འཛིན་པ་བཅས་བརྒྱུད་དེ། མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་བཤད་པ་དང་། རྒྱ་བོད་སྐད་གཉིས་ཀྱི་ལམ་ནས་གོ་སླ་བར་སྒྲོག་པ། ཚོགས་པ་བགོས་ནས་སོ་སོར་སྒྲོག་འགྲེལ་བྱེད་པ། རྐང་འཛིན་པ་རྩ་འཛུགས་བྱས་ནས་གཏིང་ཟབ་པར་བཤད་པ། རིག་རྩལ་འཁྲབ་སྟོན་སྐོར་བསྐྱོད་ཀྱིས་སྒྲོག་པ། བརྗོད་གཞི་ཕུན་སུམ་ཚོགས་པ་གསར་གཏོད་བྱས་ནས་སྒྲོག་པ་བཅས་ཀྱིས་ཏང་གི་དགོངས་པ་སྒྲོག་འགྲེལ་བྱེད་པ་ཡོངས་ཁྱབ་ཏུ་ཁེབས་པར་བྱས་ཤིང་། ཏང་གི་སྲིད་ཇུས་བཟང་བོ་རྩྭ་ཐང་ཆེན་མོ་དང་འབྲི་ཆུའི་འབྱུང་ཁུངས་སུ་ཁྱབ་པར་བྱས་ལ། ཏང་གི་དགོངས་པ་ཁྱིམ་ཚང་རེ་རེ་དང་མི་རེ་རེའི་སེམས་སུ་འཇགས་པར་བྱས་པ་དང་། དངོས་འབེབས་དོན་ཐོག་ཏུ་འཁྱོལ་བར་བྱས།

དེ་ལས་གཞན། འབྲི་སྟོད་རྫོང་གིས་ད་དུང་དབུལ་ཕོངས་ཁྱིམ་ཚང་ལ་ཧུར་ཐག་གིས་སྐུལ་ཁྲིད་བྱས་ནས། འབྲོག་ཁུལ་ནས་དངོས་སུ་སྤྱོད་གོ་ཆོད་པའི་ལག་རྩལ་གསར་པ་དང་གྲུབ་འབྲས་གསར་པ་སློབ་སྦྱོང་བྱས་ཤིང་། ལག་བསྟར་བྱེད་མཁན་གྱི་སྡེ་བའི་ཨུ་ཡོན་གཉིས་ཀྱི“ཕྱོགས་བསྡུས་ནུས་པ་མཐོར་འདེགས་གཏོང་བའི”བཟོ་འགོད་མགོ་བརྩམས་ཏེ། སློབ་ཁྲིད་སྟེང་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པའི་སློབ་གསོ་གཙོར་བཟུང་བ་དང་། ཡུལ་དངོས་ནས་བརྟག་དཔྱོད་དང་རམ་འདེགས་བྱེད་པའི་ཡུལ་དངོས་ལྟ་སྦྱོང་དང་ལག་ལེན་སློབ་ཁྲིད་བྱ་འགུལ་སྤེལ་བས། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཚན་ཁག་གིས་སྣེ་དྲངས་ནས་རང་ཉིད་ཕྱུག་བསྒྱུར་དང་མང་ཚོགས་ལ་སྣེ་ཁྲིད་དེ་ཕྱུག་བསྒྱུར་བྱེད་པའི་ནུས་པ་དངོས་གནས་ཇེ་དྲག་ཏུ་སོང་། ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་བྱེད་པར་ལས་སྔོན་གསོ་སྦྱོང་དང་གཅིག་བསྡུས་རེས་སྐོར་གསོ་སྦྱོང་སྤེལ་ནས། “འཕུར་རྩལ་ཞན་པའི་བྱེའུ་སྔོན་ལ་འཕུར་དུ་འཇུག་པའི”འདུ་ཤེས་སྐུལ་སློང་བྱས་ཏེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་རང་འགུལ་ནུས་པ་མཐོར་འདེགས་བྱས།

དམངས་འཚོར་འགན་སྲུང་བྱས་ཏེ། དབུལ་ཐར་གྱི“སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ”དམ་འཛིན་བྱས།

འབྲི་སྟོད་རྫོང་གི་རྫོང་དཔོན་གཞོན་པ་ངག་དབང་ཚེ་རིང་གིས“འབྲི་སྟོད་རྫོང་ནི་ཡུལ་མཐའ་འཁོབ་འབྲོག་ཁུལ་དུ་ཡོད་པས། སྐྱེ་ཁམས་ཀྱི་གོ་གནས་གལ་ཆེ་ཞིང་། ནོར་སྲིད་ཀྱི་ནུས་ཤུགས་ཞན་པའི་རྫོང་དཔེ་མཚོན་དུ་རུང་བ་ཞིག་ཡིན། དབུལ་ཐར་མཁྲེགས་གཏོར་གྱི་འཐབ་འཛིང་ཁྲོད། ཏང་གི་ཉི་འོད་སྲིད་ཇུས་རྒྱབ་རྟེན་དུ་བཅོལ་ནས། དབུལ་ཐར་གྱི་སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་དམ་འཛིན་བྱེད་པ་ནི། དམངས་འཚོར་ཕན་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་འཛིང་ལས་རྣམ་པར་རྒྱལ་བའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན”ཞེས་བཤད།

འབྲི་སྟོད་རྫོང་ནི“ཁོར་སྲུང་པ”རྒྱས་བཟང་བསོད་ནམས་དར་རྒྱས་ལགས་ཀྱི་འཁྲུངས་ཡུལ་དང་ཕྱག་ལས་གནང་སའི་ས་ཆ་ཡིན། ཁོང་གིས་ཚེ་སྲོག་འབེན་དུ་བཞག་ནས་ཨ་ཆེན་གངས་རྒྱབ་བསྲུངས་ཤིང་། དུས་ད་ལྟ་ཨ་ཆེན་གངས་རྒྱབ་ནི་འཛམ་གླིང་གི་ཤུལ་བཞག་རྒྱུ་ནོར་ཡིན་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་འཚོ་བའི་མི་རྣམས་ཀྱིས་མཉམ་དུ་གཅེས་སྐྱོང་གནང་བཞིན་པའི་གཅེས་ནོར་ཡང་ཡིན།

ལག་པ་ཡ་གཅིག་གིས“སྐྱེ་ཁམས་ཁོར་སྲུང”ལ་འཇུས་ཤིང་། ལག་པ་ཡ་གཅིག་གིས“དབུལ་ཐར་མཁྲེགས་གཏོར”བཟུང་བའི་འབྲི་སྟོད་རྫོང་གིས་རང་སྟེང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཤིང་། ཏང་གི་དམངས་འཚོ་སྲིད་ཇུས་ལག་བསྟར་བྱས་ནས། “སྐྱེ་ཁམས་སྲུང་སྐྱོབ་ལ་བརྟེན་ནས་དབུལ་ཐར་ལ་སྐུལ་འདེད་གཏོང་བ་དང་། དབུལ་ཐར་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོབ་ལ་རོགས་འདེགས”བྱས་པ་དང་། དམངས་ཡོངས་སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་བཅོས་སྐྱོང་ནང་ཞུགས་ཤིང་། སྐྱེ་ཁམས་བདག་སྐྱོང་པ་དང་ནགས་སྲུང་པ་སོགས་སྤྱི་ཕན་རང་བཞིན་གྱི་ལས་རྐང་སྟོང་བཞི་དང་བརྒྱ་དང་རེ་གསུམ་འདོན་སྤྲོད་བྱས་ནས། དབུལ་ཕོངས་ཁྱིམ་ཚང་གི“ཁྱིམ་ཚང་རེ་ལ་ལས་རྐང་རེ”དང་མི་རེར་ཟླ་རེར་ཟླ་ཕོགས་སྒོར་མོ་སྟོང་གཅིག་དང་བརྒྱད་བརྒྱ་བྱིན་ཏེ། སྐྱེ་ཁམས་འཛུགས་སྐྲུན་ཐད་ཀྱི་ཁེ་སྤོགས་རིམ་བཞིན་རྒྱ་སྐྱེད་དུ་བཏང་།

ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་པའི་སྐོར་གླེང་སྐབས། ངག་དབང་ཚེ་རིང་ལ་ཚོར་སྣང་ཟབ་མོ་ཡོད་ཅིང་། སྔོན་ཆད་འབྲོག་དམངས་རྣམས་ཁ་ཐོར་དུ་བསྡད་ཡོད་པ་དང་། རང་བྱུང་ཆ་རྐྱེན་ཞན་ལ། རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཡིན་པས། དབུལ་སྐྱོར་གྱི་མ་རྩ་མཐོ་ཞིང་། རང་ས་ནས་དབུལ་ཐར་བྱེད་པར་དཀའ་ཁག་ཧ་ཅང་ཆེ། ངག་དབང་ཚེ་རིང་གིས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་པའི་བཟོ་འགོད་དང་རྗེས་མཐུད་ཀྱི“རི་མགོ་ནས་མར་འབབ་པའི”སྒྲིག་བཀོད་ཆ་ཚང་གི་བཟོ་འགོད་རབ་དང་རིམ་པ་ནི། འབྲི་སྟོད་རྫོང་གི་དོན་དངོས་དང་འཚམ་པའི་དབུལ་ཐར་དམངས་འཚོའི་བཟོ་འགོད་རེད་ཅེས་བཤད་བྱུང་།

རིམ་བགོས་ལག་བསྟར་གྱི་རྩ་དོན་ལྟར། འབྲི་སྟོད་རྫོང་གིས་རིམ་རྩིས་ཀྱིས་སྒོར་མོ་དུང་ཕྱུར་གཉིས་དང་བྱེ་བ་དྲུག་ས་ཡ་གཉིས་འབུམ་བརྒྱད་བཏང་ནས། “ཁ་ཐོར་སྒོས་གནས་སྤོ་བ་དང་གཅིག་བསྡུས་སྒོས་བཀོད་སྒྲིག”བྱེད་པའི་བྱེད་ཐབས་སྤྱད་དེ། ཡུལ་གཞན་དུ་གནས་སྤོ་བའི་སྡོད་ཁང་སྟོང་གཅིག་དང་སུམ་བརྒྱ་བཅུ་བཞི་ལས་པར་མ་ཟད། སྡེ་ལམ་སྲ་བསྒྱུར་དང་སྤྱི་བའི་སྤྱོད་ཁང་། ཁོར་ཡུག་བཅོས་སྐྱོང་། གློག་ཤུགས་མཁོ་འདོན་སོགས་སྒྲིག་བཀོད་ཆ་ཚང་གི་བཟོ་འགོད་ལག་བསྟར་བྱས་ཏེ། དབུལ་ཕོངས་མང་ཚོགས་སྟོང་ལྔ་དང་ཉིས་བརྒྱ་དགུ་བཅུ་གོ་གཅིག་གི་ཐོན་སྐྱེད་དང་འཚོ་བའི་གནད་དོན་ཕན་ནུས་ལྡན་པའི་སྒོ་ནས་ཐག་བཅད་ཅིང་། འབྲོག་པ་མང་ཚོགས་ཀྱིས་བདེ་སྐྱིད་ཀྱི་འཚོ་བའི་རི་མོ་གསར་པ་ཞིག་བྲིས།

རི་མགོ་ལས་བབས་ཏེ་འཚོ་བ་བརྟན་འཇགས་ཡོང་དགོས་ན། ལས་ཞུགས་འགན་སྲུང་ནི་འཚོ་གནས་ཀྱི་འགན་སྲུང་ཡིན་པ་རེད། འབྲི་སྟོད་རྫོང་གིས“ཆར་ཟིལ”ཞེས་པའི་འཆར་གཞི་རྒྱབ་རྟེན་དུ་བྱས་ནས། མ་དངུལ་སྒོར་མོ་ས་ཡ་གཉིས་དང་འབུམ་བཞི་ཁྲི་དགུ་ལྷག་བཏང་ཐོག རིམ་རྩིས་ཀྱིས་དབུལ་ཕོངས་ངལ་རྩོལ་པ་སྟོང་གཅིག་དང་བརྒྱ་དང་སུམ་ཅུར་ཕྱོགས་བཅུ་ནས་གསོ་སྦྱོང་བྱས་པ་དང་། དུས་མཚུངས་སུ་ཐུན་མོང་དཔལ་འབྱོར་རྒྱབ་རྟེན་དུ་བྱས་ཐོག ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། ཡུལ་སྐོར་ཐོན་ཁུངས་སྔོག་འདོན་བྱས་པ། སྣུམ་སྣོན་ས་ཚིགས་ལས་པ་སོགས་དཔལ་འབྱོར་གདོས་བཅས་ལ་བརྟེན་ནས། ཡུལ་གཞན་དུ་གནས་སྤོས་པའི་འབྲོག་དམངས་དང་ངལ་རྩོལ་ནུས་པ་ལྡན་པའི་དབུལ་ཕོངས་ཁྱིམ་ཚང་ལ་ལས་ཞུགས་འགན་སྲུང་འདོན་སྤྲོད་བྱས།

གཞན་ཡང་། འབྲི་སྟོད་རྫོང་གིས་དབུལ་ཕོངས་ས་ཁུལ་གྱི་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་སོགས་འཆར་འགོད་སེམས་ཞིབ་མོས་སྒྲིག་བཟོ་བྱས་ཏེ། དམིགས་ཡུལ་ཡོད་པའི་སྒོ་ནས་དབུལ་ཕོངས་ས་ཁུལ་གྱི་འགྲིམ་འགྲུལ་གནས་བབ་ལེགས་བསྒྱུར་བྱས་ནས། གཞི་རྩའི་སྤྱི་བའི་འགྲིམ་འགྲུལ་གྱི་སྐྱེལ་འདྲེན་ཞབས་ཞུ་དེ་དབུལ་ཕོངས་སྡེ་བར་བསྲིངས་པ་དང་། དབུལ་ཕོངས་མང་ཚོགས་ལ་ཁྱབ་པར་སྐུལ་འདེད་བྱས་པ་དང་། རོགས་སྐྱོབ་མ་ལག་འཛུགས་སྐྲུན་འཐུས་ཚང་དུ་བཏང་ནས། མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་ངོས་འཛིན་གཏན་འབེབས་བྱེད་པའི་དཔྱད་འཇོག་མ་ལག་སྔར་ལས་འཐུས་ཚང་དུ་བཏང་ཐོག དབུལ་ཕོངས་ཀྱི་ཚད་རིམ་ཕྱོགས་བསྡུས་དཔྱད་འཇོག་བྱས་ཏེ། མ་མཐའི་འཚོ་བ་འགན་སྲུང་གི་ངོས་འཛིན་གཏན་འབེབས་ཆ་རྐྱེན་སྔར་ལས་ཚན་རིག་དང་ལུགས་མཐུན་ཡོང་བར་བྱས། བདེ་ཐང་དབུལ་སྐྱོར་ལག་བསྟར་བྱས་ཏེ། ནད་བྱུང་ནས་དབུལ་བོར་འགྱུར་བའི་འགོག་རགས་སྲ་བརྟན་དུ་བཏང་། རྫོང་ཡོངས་ཀྱི་སྨན་བཅོས་ལས་ཁུངས་སོ་སོས“ས་ཚིགས་གཅིག་ཅན”གྱི་སྨན་རིན་རྩིས་སྤྲོད་བྱེད་སྟངས་ལག་བསྟར་བྱས་ནས། སྨན་པར་སྟོན་པའི་བརྒྱུད་རིམ་སྔར་ལས་འཐུས་ཚང་དུ་བཏང་སྟེ། མང་ཚོགས་ཀྱིས“ནད་སྟོན་དཀའ་བ”སོགས་གནད་དོན་ཇེ་ཉུང་དུ་གཏོང་གང་ཐུབ་བྱས་ཤིང་། ནད་ཀྱི་དབང་གིས་སླར་དབུལ་བོར་འགྱུར་བའི་སྣང་ཚུལ་འགོག་གང་ཐུབ་བྱས།

སྡོད་ཁང་གསར་བ་རེ་རེ་ཀྲོང་ངེར་འགྱིང་ཞིང་། འབྲོག་པ་མང་ཚོགས་སྐོར་དང་སྐོར་བྱས་ནས་སྡོད་ཁང་གསར་བར་གནས་སྤོས་ལ། སྲང་ལམ་གྱི་གློག་སྡོང་རེ་རེས་མང་ཚོགས་ཀྱི་འགྲོ་འདུག་ལ་སྟབས་བདེ་བཟོས། “ཉི་འོད་སྲིད་ཇུས”འོག་གི་དམངས་འཚོའི་བདེ་སྐྱིད་ལ་ལྟོས་དང་། འབྲི་སྟོད་རྫོང་ཁྱོན་ཡོངས་ནས་དབུལ་ཐར་བྱེད་པའི་འདུན་མ་མངོན་འགྱུར་འབྱུང་ལ་ཉེ།

ཐོན་ལས་དར་སྤེལ་བཏང་ནས། དབུལ་ཐར་གྱི“རྐང་རྗེས”ལས་ཕྱིར་ཐོན་པ།

འབྲི་སྟོད་རྫོང་གི་ས་བབ་མཐོ་ཞིང་གྲང་ངར་ཆེ་ལ། འགྲིམ་འགྲུལ་སྟབས་བདེ་མིན་པས། ཕྱུགས་ལས་ནི་ཡུལ་དེའི་ཐོན་ལས་གཙོ་བོར་གྱུར་ཡོད།

འཕེལ་རྒྱས་ནི་འཕེལ་ཕྱོགས་གཙོ་བོ་ཡིན་མོད། འོན་ཀྱང་སྲོལ་རྒྱུན་གྱི་ཕྱུགས་ལས་འཕེལ་སྟངས་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཕྱུགས་ལས་འཕེལ་རྒྱས་གཙིགས་སུ་འཛིན་པ་གཉིས་མཉམ་དུ་འཛིན་པའི་སྤུས་ལེགས་ཕན་མཐོའི་བླང་བྱ་དང་མཐུན་དཀའ་བ་ཞིག་རེད། འབྲི་སྟོད་རྫོང་གིས་མི་ཕྱུགས་རྩྭ་གསུམ་གྱི་འབུར་དུ་ཐོན་པའི་འགལ་བ་ཇི་ལྟར་ཞི་ལྷོད་དུ་གཏོང་ཐབས་འཚོལ་ཞིབ་བྱས་ནས། སྐྱེ་ཁམས་དང་དཔལ་འབྱོར་མཉམ་དུ་རྒྱལ་བའི་ལམ་བུ་མངོན་འགྱུར་བྱས།

ད་ལྟ། འབྲི་སྟོད་རྫོང་གི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཀྱི་ལམ་བུ་ནི་ཁོད་ཇེ་ཡངས་ཡིན་པས། སྐྱེ་ཁམས་དང་འཚོ་བ། ཐོན་སྐྱེད་བཅས་མཉམ་དུ་རྒྱལ་བ་མངོན་འགྱུར་བྱུང་སྟེ། དབུལ་ཕོངས་ཁྱིམ་ཚང་མི་ཉུང་བ་ཞིག་གིས་དབུལ་ཐར་ཕྱུག་འགྱུར་གྱི་ཐབས་ལམ་རྙེད་ཡོད།

འབྲི་སྟོད་རྫོང་འབྲི་ཆུ་ཡུལ་ཚོ་ཐུང་ཁ་སྡེ་བ་རུ། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་ལས་འཛིན་པ་ཚེ་རྡོ་རྗེ་ཡིས་ཕྱོགས་གཅིག་ནས་མཉམ་ལས་ཁང་གི་ཕྱུགས་ཟོག་གི་ཁ་གྲངས་བརྩི་བ་དང་། ཕྱོགས་གཅིག་ནས་ད་ལོའི་ཁྱིམ་ཚང་རེའི་ཁེ་སྤོགས་ཕབ་རྩིས་བྱེད་ཞོར། “ཆེས་མཐོན་པོར་ཁེ་སྤོགས་སྒོར་མོ་འབུམ་གཅིག་དང་ཁྲི་གསུམ་བགོ་ཐུབ་པ་དང་། ང་ཚོའི་སྐྱེ་ཁམས་ཕྱུགས་ལས་ཀྱི་འཕེལ་ཚུལ་བརྟན་བརླིང་ཡིན་པ་རེད”ཅེས་ཚེ་རྡོ་རྗེ་ཡིས་དགའ་སྤྲོའི་ངང་དེ་ལྟར་བཤད་བྱུང་།

ཐུང་ཁ་སྡེ་བ་ནི་འབྲི་སྟོད་རྫོང་མཁར་དང་བར་ཐག་ལ་སྤྱི་ལེ་ཉི་ཤུ་ཡོད་ཅིང་། 2016ལོར་རྩྭ་སར་བརྟེན་ནས་ཕྱུགས་གྲངས་གཏན་འཁེལ་དང་། མ་རྐང་དབང་ཆ་བཤེར་རྩིས། ཕྱུགས་རྒྱུད་དང་ཕྱུགས་ཁྱུའི་གྲུབ་ཚུལ་ལེགས་སྒྱུར་སོགས་བྱས་པ་བརྒྱུད། མཉམ་ལས་ཁང་གིས་བོད་ལུག་གསོ་སྤེལ་ར་བ་བརྒྱད་དང་ནོར་ནག་གཅིག་བསྡུས་གསོ་སྤེལ་ར་བ་དྲུག་ལས་པ་དང་། སྡེ་བ་ཡོངས་ཀྱི་ཁྱིམ་ཚང་ཉིས་བརྒྱ་དང་དོན་དྲུག་པོ་ཚང་མ་མཉམ་ལས་ཁང་དུ་ཞུགས་ཤིང་། དེའི་ནང་ཡིག་ཚགས་བཙུགས་པ་དང་བྱང་བུ་ལས་པའི་དབུལ་ཕོངས་ཁྱིམ་ཚང་དོན་དྲུག་ཡང་ཡོད་པ་རེད།

ཁྲ་ཚེ་འཇང་དབང་ཚང་ལ་མི་གསུམ་ཡོད་ཅིང་། མཉམ་ལས་ཁང་དུ་མ་ཞུགས་པའི་སྔོན་ལ་རྩྭ་ས་སྤྱི་ཆིངས་བརྒྱ་ཡོད་པ་ཙམ་ལས་སྒོ་ཕྱུགས་གཅིག་ཀྱང་མེད། ཡིན་ཡང་ད་ལྟ་ཁྲ་ཚེ་འཇང་དབང་གིས་ལུ་གུ་ཉིས་བརྒྱ་དང་ལྔ་བཅུ་བདག་ཏུ་བཟུང་ཡོད་ཅིང་། ཆུང་མས་ཀྱང་མཉམ་ལས་ཁང་དུ་ལུག་གསོ་བཞིན་ཡོད། ཕྱུགས་རྫིར་ལོ་གཅིག་ལ་སྒོར་ཁྲི་གསུམ་གྱི་ཡོང་སྒོ་ཡོད་པའི་ཁར་བྱ་དགའ་དང་ཁེ་སྤོགས་བསྣན་པ་དང་། ད་དུང་རྩྭ་ས་མ་རྐང་དུ་བཞག་པའི་ཁེ་སྤོགས་བསྣན་ན་ལོ་གཅིག་ལ་སྒོར་མོ་ཁྲི་ལྔ་ལྷག་གི་ཡོང་སྒོ་ཡོད་པ་རེད། མཉམ་ལས་ཁང་དུ་མ་ཞུགས་པའི་སྔོན་ལ་ཁོ་ཚང་གི་ཁྱིམ་མི་གང་བོའི་ལོ་གཅིག་གི་ཡོང་འབབ་སྒོར་མོ་སྟོང་བདུན་ནས་སྟོང་བརྒྱད་ཙམ་རེད།

ཁྲ་ཚེ་འཇང་དབང་གིས་སྐྱེ་ཁམས་ཕྱུགས་ལས་ལ་བརྟེན་ནས“མཉམ་ལས་ཁང”གི་ཟ་མ་ཟོས་པ་རེད་ལ། འདི་ནི་འབྲི་སྟོད་རྫོང་གི་ཕྱུགས་ལས་ཐོན་ལས་ཀྱིས་དབུལ་ཕོངས་ཁྱིམ་ཚང་གི་སྣེ་ཁྲིད་དེ་དབུལ་ཐར་བྱས་པའི་བསྡུས་གཟུགས་ཙམ་རེད། དབུལ་ཕོངས་ཁྱིམ་ཚང་གིས་མཉམ་ལས་ཁང་དང་ཡང་ན་ངལ་རྩོལ་མ་རྐང་དུ་ཞུགས་པ་དང་། ཡང་ན་དབུལ་སྐྱོར་རོགས་དངུལ་མ་རྐང་དུ་འཇོག་པ། ཡང་ན་རྩྭ་ས་དང་ནོར་ལུག་མ་རྐང་དུ་འཇོག་པ་བཅས་བྱས་ཡོད།

ཐོན་ལས་གཙོ་བོའི་རིམ་པ་སྤར་བའི་ཆེད་དུ། འབྲི་སྟོད་རྫོང་གིས་སྐྱེ་ཁམས་ཕྱུགས་ལས་ཁ་ཕྱོགས་སུ་བརྩི་བ་རྒྱུན་འཁྱོངས་བྱས་ཏེ། “ཕྱུག་བསྒྱུར་བྱེད་དགོས་ན་ཕྱུགས་ཟོག་ལ་བརྟེན་པ་དང་། དབུལ་ཕོངས་མེད་པར་གཏོང་དགོས་ན་ཐོན་ལས་དར་སྤེལ་གཏོང་བ་དང་། མུ་མཐུད་དུ་འཕེལ་རྒྱས་གཏོང་དགོས་ན་སྐྱེ་ཁམས་འཛིན་པ། སྔོན་ལ་གསོ་སྤེལ་ར་བ་དང་རྗེས་ནས་མུ་འབྲེལ་ཀུང་སི་འཛུགས་པ་དང་འབྲོག་ཁྱིམ་ལ་མཉམ་འབྲེལ་བྱེད་པ། ཚོང་ར་རྒྱ་བསྐྱེད་དེ་ཡོང་སྒོ་འཕར་དུ་འཇུག་པའི”བྱ་བའི་བྱེད་ཕྱོགས་ལྟར། སྐྱེ་ཁམས་ཕྱུགས་ལས་ཁྱོན་ཡོངས་ནས་གོང་དུ་སྤེལ་བར་སྐུལ་འདེད་བཏང་བས། དབུལ་ཕོངས་ཁྱིམ་ཚང་བརྟན་བརླིང་ངང་དབུལ་ཕོངས་ལས་ཐར་བ་མངོན་འགྱུར་བྱུང་། ད་ལྟ། ནུས་ཤུགས་ཡོད་རྒུས་རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ཁུལ་བསྐྲུན་པར་བསྟུན་ནས། འབྲི་སྟོད་རྫོང་གིས་རིམ་རྩིས་ཀྱིས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དང་དབུལ་སྐྱོར་ཆེད་ལས་མཉམ་ལས་ཁང་ཉེར་བརྒྱད་གསར་དུ་ཐོ་འགོད་བྱས་པས། འབྲི་སྟོད་རྫོང་གི་དབུལ་ཐར་མཁྲེགས་གཏོར་དམིགས་འབེན་དང་ཡུལ་གཞན་དུ་གནས་སྤར་བའི་ཁྱིམ་ཚང་གི་རྗེས་མཐུད་ཐོན་ལས་ཁག་ཐེག་བྱས།

གཞན་ཡང་། སྐྱེ་ཁམས་ཕྱུགས་ལས་རྨང་གཞི་བྱས་ཏེ། འབྲི་སྟོད་རྫོང་གིས་ཨ་མའི་ཞོ་འོ་ལས་ཚད་ཡོད་ཀུང་སི་སོགས་སྣེ་ཁྲིད་ཁེ་ལས་ནང་འདྲེན་བྱས་ཏེ། མ་དངུལ་སྣ་ཚོགས་སྒོར་མོ་བྱེ་བ་བཞི་དང་ས་ཡ་དགུ་འབུམ་གཅིག་ཁྲི་དགུ་ཧྲག་སྡེབ་བྱས་ནས་འཆར་འགོད་ཅན་གྱི་ཕྱུགས་ཟོག་ཉོ་སྡུད་དང་། དཔལ་འབྱོར་གདོས་བཅས་གསར་སྐྲུན་ལས་སྒྲུབ་བྱེད་པ་སོགས་ཐོན་ལས་དབུལ་སྐྱོར་ལས་གཞི་གཅིག་གྱུར་འཆར་འགོད་ཀྱིས་ལག་བསྟར་བྱས་པ་དང་། “ཀུང་སི་དང་། མཉམ་ལས་ཁང་། ཚོང་ར”ཡི་གཉེར་སྐྱོང་བྱེད་སྟངས་འཚོལ་ཞིབ་བྱས་ནས་བཙུགས་ཤིང་། རྫོང་ཡོངས་སུ་ཁྱད་ལྡན་ཐོན་རྫས་ལས་སྣོན་དང་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་བྱེད་པ། མི་རིགས་གྱོན་ཆས་དང་ཁྱད་ལྡན་བཟའ་བཏུང་། མཚར་རྡོ་ལས་སྣོན་སོགས་ཁེ་ལས་ལྔ་དང་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་བཅུ་གསུམ་གྱིས་དབུལ་ཕོངས་ཁྱིམ་ཚང་དགུ་བརྒྱ་གོ་བདུན་གྱི་མི་གྲངས་སྟོང་གཉིས་དང་དྲུག་བརྒྱ་ཡི་སྣེ་ཁྲིད་དེ། དབུལ་ཕོངས་ཁྱིམ་ཚང་གི་མི་རེའི་ཟླ་རེའི་ཡོང་སྒོ་སྒོར་མོ་སྟོང་གཅིག་དང་ལྔ་བརྒྱ་ནས་སྒོར་མོ་སྟོང་གཉིས་དང་ཉིས་བརྒྱ་ཇེ་མང་དུ་བཏང་ནས། དབུལ་ཕོངས་ཁྱིམ་ཚང་དབུལ་ཕོངས་ཐར་བར་འགན་སྲུང་ནུས་ལྡན་བྱས་ཡོད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།