ཞིང་ཆེན་ཡོངས་ཀྱི་བདེ་ཐང་དབུལ་སྐྱོར་བྱ་བར་གྲུབ་འབྲས་མངོན་གསལ་བླངས་པ།
2020.12.17 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 20

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་གྲངས་འབུམ་ལྔ་དང་ཁྲི་གསུམ་སྟོང་དགུ་ཁྲོད་ནད་ཀྱིས་དབུལ་བོར་གྱུར་པ་དང་ཡང་བསྐྱུར་དབུལ་བོར་གྱུར་པའི་དབུལ་ཕོངས་མི་གྲངས་ཁྲི་བདུན་དང་སྟོང་བརྒྱད་ཚང་མ་དབུལ་ཐར་བྱུང་བ་དང་། དབུལ་ཕོངས་ནད་པའི་ཐོབ་སྣང་དང་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་སོང་ལ། ཞིང་ཆེན་ཡོངས་ཀྱི་བདེ་ཐང་དབུལ་སྐྱོར་བྱ་བར་གྲུབ་འབྲས་མངོན་གསལ་བླངས།

རྒྱུས་ལོན་བྱས་པ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དབུལ་སྐྱོར་ཅུའུ་དང་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་སོགས་སྡེ་ཁག་དང་མཉམ་དུ《མཚོ་སྔོན་ཞིང་ཆེན་གྱི་བདེ་ཐང་དབུལ་སྐྱོར་བཟོ་འགོད་ལག་བསྟར་ཇུས་གཞི》དང《མཚོ་སྔོན་ཞིང་ཆེན་བདེ་ཐང་དབུལ་སྐྱོར་ཐད་ཀྱི་ལོ་གསུམ་མཁྲེགས་གཏོར་འགུལ་སྐྱོད་ཇུས་གཞི(2018ནས2020ལོ)》སོགས་སྲིད་ཇུས་ཡིག་ཆ་དྲུག་ཅུ་ལྷག་ཞིབ་འཇུག་སྒྲིག་བཟོ་དང་དཔར་འགྲེམས་བྱས་ཏེ། བདེ་ཐང་དབུལ་སྐྱོར་བཟོ་འགོད་ལག་བསྟར་ཇུས་གཞི་ནི་སྤྱིའི་རྩ་འཛིན་དང་སྲིད་ཇུས་གཞན་དག་ནི་སྡེབ་སྒྲིག་ཡིན་པའི་སྲིད་ཇུས་མ་ལག་ཅིག་གྲུབ་པར་བྱས་ཤིང་། རིམ་རྩིས་ཀྱིས་ཀྲུང་དབྱང་གི་ཁ་གསབ་རོགས་སྐྱོར་དང་ཞིང་ཆེན་རིམ་པའི་མ་དངུལ་སྒོར་མོ་ཐེར་འབུམ་གསུམ་དང་དུང་ཕྱུར་གཉིས་ལྷག་བཀོད་སྒྲིག་དང་དངོས་འབེབས་བྱས་ཏེ། དབུལ་ཕོངས་རྫོང་ཞེ་གཉིས་ཀྱི་གཞི་རྩའི་སྤྱི་བའི་འཕྲོད་བསྟེན་དང་སྤྱི་བའི་འཕྲོད་བསྟེན་ལས་གཞི་གཙོ་བོ་ལག་བསྟར་དང་། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་བར་རྒྱབ་སྐྱོར་བྱས།

ཞིང་ཆེན་ཡོངས་ཀྱི་སྡོད་དམངས་ཀྱི་ནད་རྟགས་ལ་ཟུང་འབྲེལ་བྱས་ཏེ། སྔ་རྗེས་སུ་ཐེངས་བཞི་ལ་གསོ་བཅོས་བྱས་པའི་ནད་རིགས་ལྕི་མོའི་རིགས་དགུ་ནས་སོ་ལྔ་བར་རྒྱ་བསྐྱེད་པ་དང་། རྫོང་སྡེ་ཚན་བྱས་ཏེ“མི་གཅིག་ཇུས་གཅིག”གི་རྩ་དོན་ལྟར། ནད་ལྕི་མོ་བྱུང་བའི་ནད་པར་གཅིག་བསྡུས་གསོ་བཅོས་དང་རྗེས་བསྙེགས་རྣམ་པས་དོ་དམ་བྱས། དོ་དམ་གན་རྒྱ་བཞག་པའི་གཅོང་ནད་ནད་རིགས་དང་དམངས་སྲིད་སྒོ་བསྟེན་མྱུར་སྐྱོབ་ནད་རིགས་བཞི་ནས་ཉེར་ལྔ་བར་རྒྱ་བསྐྱེད་དེ། ཞིང་ཆེན་ཡོངས་ཀྱི་ནད་རིགས་སོ་ལྔ་བྱུང་བའི་ནད་པ་ཚབས་ཆེན་སྟོང་གཉིས་དང་སུམ་བརྒྱ་སོ་དགུ་བོ་ཚང་མ་གསོ་བཅོས་བྱས། གཅོང་ནད་བྱུང་བའི་དབུལ་ཕོངས་མི་གྲངས་ཁྲི་ལྔ་དང་སྟོང་བཞི་ལྷག་ཚང་མ་ཁྱིམ་ཚང་སྨན་པར་བསྟེན་པའི་གན་རྒྱའི་ཞབས་ཞུ་འཇོག་པ་ལག་བསྟར་བྱས་ཏེ། གན་རྒྱ་བཞག་ཚད་བརྒྱ་ཆའི་གོ་དགུ་ལྷག་ལ་སླེབས། རོང་འབྲོག་ཁུལ་གྱི་དབུལ་ཕོངས་མང་ཚོགས་ཞག་སྡོད་བྱེད་པའི་གྲོན་དངུལ་སྲིད་ཇུས་ཁྱབ་ཁོངས་ཀྱི་ནད་རིགས་ཚབས་ཆེན་གྱི་འགན་སྲུང་མ་དངུལ་དེ་སྒོར་མོ་སྟོང་ལྔ་ནས་སྒོར་མོ་སྟོང་གསུམ་ལ་མར་ཕབ་པ་རེད།

དུས་མཚུངས་སུ། རིམ་པ་སོ་སོའི་སྨན་བཅོས་སྡེ་ཁག་གིས་ནད་བྱུང་བའི་དབུལ་ཕོངས་མང་ཚོགས་ལ“ཉུང་འཕྲི་དྲུག་དང་། དམིགས་སུ་འཛིན་པ་བཞི། ཁེབས་པ་བཅུ”ཡི་སྲིད་ཇུས་ལག་བསྟར་བྱས་ཏེ། དབུལ་ཕོངས་མང་ཚོགས་ཀྱི་སྨན་བཅོས་གྲོན་དངུལ་གྱི་འགྲོ་སོང་རྩིས་ཞུ་བྱེད་ཚད་ཇེ་མཐོ་དང་། ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང“སྔོན་ལ་སྨན་ཁང་དུ་སྡོད་པ་དང་སྨན་རིན་རྗེས་ནས་རྩིས་སྤྲོད་བྱེད་པའི”ཞབས་ཞུའི་རྣམ་པ་དངོས་འབེབས་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་ནད་པའི་སྨན་བཅོས་གྲོན་དངུལ་རྩིས་སྤྲོད་ཚད་དེ་བརྒྱ་ཆའི་བརྒྱད་ཅུ་ནས་བརྒྱ་ཆའི་དགུ་བཅུ་ལ་ཇེ་མཐོར་བཏང་བ་དང་། མི་སྒེར་གྱིས་སྤྲོད་པའི་མ་དངུལ་གྱི་བསྡུར་ཚད་དེ་ཉིས་སྟོང་བཅུ་བདུན་ལོའི་བརྒྱ་ཆའི་ཉེར་དགུ་ལྷག་ནས་མིག་སྔར་གྱི་བརྒྱ་ཆའི་བརྒྱད་དང་གྲངས་ཆུང་བདུན་ལྷག་ལ་མར་བབས་པས། དབུལ་ཕོངས་མང་ཚོགས་ཀྱི“ནད་སྟོན་ཐུབ་པ”ཡི་འགན་སྲུང་ཆུ་ཚད་མངོན་གསལ་གྱིས་ཇེ་དྲག་ཏུ་སོང་། ཞིང་ཆེན་ཡོངས་ཀྱི་རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི་སྨན་བཅོས་ལས་ཁུངས་དང་མི་སྣ། ཞབས་ཞུའི་ནུས་པའི“སྟོང་ཆ”གཙང་སེལ་བྱས་ཏེ་དབུལ་ཕོངས་མི་འབོར་གྱི་གཞི་རྩའི་སྨན་བཅོས་འགན་སྲུང་ཁྱོན་ཡོངས་ནས་ཚད་གཞིར་སླེབས་པར་བྱས།

ཞིང་ཆེན་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་གི་འགན་ཁུར་པས་མཚམས་སྦྱོར་བྱས་པ་ལྟར་ན། རང་ཞིང་གིས་ཞིང་ཆེན་ཡོངས་ཀྱི་བདེ་ཐང་དབུལ་སྐྱོར་གྱི“ཉིན་དྲུག་ཅུ་ལ་དཀའ་བ་སྤྱད་དེ་མཇུག་ལེགས་པོར་བསྡུ་བ”ཡི་ཆེད་དོན་བྱེད་སྒོ་བཀོད་སྒྲིག་གང་ལེགས་བྱས་ཏེ། ས་ཁུལ་སོ་སོ་དང་སྡེ་ཚན་སོ་སོས་མི་འདང་སར་དམ་པོར་དམིགས་པ་དང་། སྐྱོན་ཆར་ཞིབ་བཤེར་བྱེད་པ། ཆད་པ་ཁ་སྐོང་བ་ལེགས་འཛིན་བྱེད་པ། གཞི་རིམ་བྱ་བའི་ལྟ་སྐུལ་མཛུབ་སྟོན་ཇེ་དྲག་ཏུ་གཏོང་བ་བཅས་ཀྱིས། བདེ་ཐང་དབུལ་སྐྱོར་གྱི་སྲིད་ཇུས་སོ་སོ་ལག་བསྟར་བྱས་པ་དམིགས་སར་ཐོན་པར་འགན་སྲུང་བྱེད་པ་དང་། ཉིས་སྟོང་ཉི་ཤུ་ལོའི་དམིགས་འབེན་འགན་འཁྲི་དུས་ཐོག་ཏུ་ཡོངས་འགྲུབ་བྱེད་པར་ཡང་འགན་སྲུང་བྱེད་དགོས།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།