རྒྱང་རིང་གི་སྤུན་ཟླའི་བརྩེ་བ།
2020.12.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

མཐོ་སྒང་གི་གངས་རིའི་འདབས་རོལ་ཏུ། འབྲི་ཆུ་སྔོན་མོ་གཡུ་འབྲུག་འཁྱུག་པའི་ཟོལ་གྱིས་ཤར་ཕྱོགས་སུ་བཞུར་གྱིན་འདུག

མཛེས་སྡུག་འཆམ་མཐུན་གྱི་ས་གཞི་དེའི་སྟེང་དུ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ཆིག་སྒྲིལ་ཡུལ་ཚོའི་མི་རྣམས་ཀྱིས་མི་རབས་ནས་མི་རབས་སུ་ཕྱུགས་འཚོས་ནས་འཚོ་བ་རོལ་བཞིན་ཡོད་ཅིང་། དུས་ཡུན་རིང་བོར་དབུལ་ཕོངས་ནི་ས་གནས་དེའི་གནད་དོན་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་རེད།

སྤྱི་ལོ་ཉིས་སྟོང་བཅུ་ལོར།  མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་མགོ་བརྩམས་པ་ནས་བཟུང་། ལེ་དབར་སྟོང་ཕྲག་ལྷག་གི་མཚམས་ན་ཡོད་པའི་རྒྱལ་ས་པེ་ཅིན་དང་མདོ་དབུས་མཐོ་སྒང་གི་ཡུས་ཧྲུའུ་བར་དུ་ཐོག་མར་འབྲེལ་ལམ་བྱུང་མགོ་ཚུགས།

སྤྱི་ལོ་ཉིས་སྟོང་བཅོ་བརྒྱད་ལོར་པེ་ཅིན་གྲོང་ཁྱེར་ཁྲང་ཕེན་ཆུའུ་ཐེན་ཐུང་ཡོན་བྱང་ལམ་དོན་གཅོད་ཁྲུའུ་ཡིས་ཆིག་སྒྲིལ་ཡུལ་ཚོར་རོགས་སྐྱོར་བྱེད་པའི་བྱ་བ་མགོ་བརྩམས་པ་དང་། ཏག་ཏག་ལོ་དེ་ནས་བཟུང་སྔོན་ཆད་ཕན་ཚུན་ངོ་མི་ཤེས་པའི་སྤུན་ཟླ་གཉིས་ཀྱི་བརྩེ་སེམས་དེ་གཞི་གཅིག་ཏུ་སྦྲེལ་མགོ་བརྩམས།

ཕྱུགས་ལས་ཀྱི་ཡོང་སྒོ་ཇི་ལྟར་བྱས་ནས་འཕར་སྣོན་འབྱུང་རྒྱུ་དང་ཚོང་ལམ་ཇི་ལྟར་འབྱེད་རྒྱུ། ཚོང་ར་ཇི་ལྟར་བསྐྲུན་པ་བཅས་ཀྱི་གནད་དོན་གསུམ་ནི་ཆིག་སྒྲིལ་ཡུལ་ཚོ་སྦུབ་ཕུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དཔལ་ཆེན་གྱིས་རྒྱུན་དུ་བསམ་བློ་གཏོང་བཞིན་པའི་དོན་དག་ཅིག་རེད། ཏག་ཏག་སྐབས་དེར་པེ་ཅིན་གྲོང་ཁྱེར་ཁྲང་ཕེན་ཆུའུ་ཐེན་ཐུང་ཡོན་བྱང་ལམ་དོན་གཅོད་ཁྲུའུ་ཡིས་ཆིག་སྒྲིལ་ཡུལ་ཚོའི་སྦུབ་ཕུ་སྡེ་བའི་ཐུན་མོང་དཔལ་འབྱོར་ཐོན་ལས་འཕེལ་རྒྱས་སུ་གཏང་ཆེད་ཁ་གཏད་རོགས་སྐྱོར་གྱི་མ་དངུལ་སྒོར་མོ་འབུམ་གསུམ་བྱིན་པས། སྦུབ་ཕུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དཔལ་ཆེན་གྱི་སེམས་སུ་སྤྲོ་བ་ཆེན་པོས་ཁེངས།

མ་དངུལ་དེ་དག་ལ་བརྟེན་ནས་དཔལ་ཆེན་གྱིས་གཡང་དཀར་ལུག་མཉམ་ལས་ཁང་ཐོག་མར་བཙུགས་པ་དང་། ཁོ་རང་ནི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིན་ཁར་མཉམ་ལས་ཁང་གི་མགོ་གཙོའི་འགན་ཀྱང་འཁུར་དགོས་པས་དཔལ་ཆེན་གྱི་བྱ་བར་བྲེལ་བ་ཤིན་ཏུ་ཆེ།  སྔོན་ཆད་ལུག་སྟོང་ཚོ་གཉིས་དང་སུམ་བརྒྱ་བརྒྱད་ཅུ་ཡོད་པའི་རྨང་གཞིའི་སྟེང་དུ་ལུག་རྒྱུད་བཟང་བའི་མ་མོ་སུམ་བརྒྱ་ཉོས། ལོ་དེར་མ་མོ་སུམ་བརྒྱ་བོ་རྗེས་སུ་ལུ་གུ་དྲུག་ཅུ་རེ་ལྔ་བརྒྱབ་པ་དང་། ལུ་གུ་དེ་དག་ཚོང་རའི་རིན་གོང་ལྟར་དུ་སྒོར་མོ་ཁྲི་བཞི་དང་སྟོང་གཉིས་ལ་བཙོང་པས་ཡོང་སྒོ་ཐད་འགྱུར་ལྡོག་གསར་བ་བྱུང་།

ལོ་དེ་གཉིས་ཀྱི་གྲུབ་འབྲས་ལ་ཕྱིར་དྲན་བྱེད་བཞིན་དུ་དཔལ་ཆེན་དགའ་སྤྲོ་དང་བཅས་ཏེ་བཤད་རྒྱུར། ཏང་ལ་བཀའ་དྲིན་ཆེ། པེ་ཅིན་གྲོང་ཁྱེར་ཁྲང་ཕེན་ཆུའུ་ཐེན་ཐུང་ཡོན་བྱང་ལམ་དོན་གཅོད་ཁྲུའུ་ལ་བཀའ་དྲིན་ཆེ། ལོ་འདི་གཉིས་ཀྱི་ནང་དུ་ང་ཚོ་སྡེ་བའི་ཕྱུགས་ལས་མཉམ་ལས་ཁང་གི་བྱ་བ་ཡོད་ཚད་ལེགས་ཕྱོགས་སུ་འཕེལ་བར་མ་ཟད། སྡེ་མི་རྣམས་ཀྱིས་ཀྱང་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་ལ་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད།  ད་ལྟ་ལོ་རེར་བཞིན་ཡོང་སྒོ་འཕར་སྣོན་བྱུང་བཞིན་ཡོད་པས་སྡེ་མི་རྣམས་ཀྱི་བགོ་བཤའ་ཡང་མུ་མཐུད་ནས་ཇེ་མང་དུ་འགྲོ་བཞིན་ཡོད།  སྡེ་མི་རྣམས་ཀྱི་གདོང་གི་འཛུམ་མདངས་དེ་མཐོང་དུས་ངའི་སེམས་ཀྱང་རིམ་བཞིན་བདེ་ལ་འབབ་ཐུབ་ཀྱི་ཡོད་ཟེར།

གཡང་དཀར་ལུག་མཉམ་ལས་ཁང་བཙུགས་པ་ནས་བཟུང་། མཉམ་ལས་ཁང་དེས་སྐྱེ་ཁམས་གསོ་སྤེལ་དང་ཚན་རིག་ལྟར་དོ་དམ་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཆེད་ལས་རིམས་འགོག་མི་སྣ་གདན་དྲངས་ནས་མཉམ་ལས་ཁང་གི་མི་སྣ་དང་སྡེ་མི་རྣམས་ལ་གསོ་སྤེལ་ལག་རྩལ་ཐད་ཀྱི་གསོ་སྦྱོང་བྱས་ཏེ། ཕྱུགས་རིགས་ཀྱི་རིམས་ནད་སྔོན་འགོག་བྱེད་པའི་བྱ་བ་སོགས་བཟང་བོར་བསྒྲུབས་ཏེ། ཆེད་ལས་ཅན་གྱི་གསོ་སྤེལ་གྱི་རྣམ་པ་ལེགས་པར་གྲུབ་པར་བྱས། སྦུབ་ཕུ་སྡེ་བ་རུ་ཁག་དང་པོའི་སྡེ་མི་ཐུབ་རྡོ་ཡིས་མཛུབ་མོ་ནང་དུ་བཀུག་ནས་འདི་ལྟར་ཡོང་སྒོ་རྩིས་བརྒྱབ་བྱུང་། ཉིས་སྟོང་བཅོ་བརྒྱད་ལོ་ཡི་ཡོང་སྒོ་སྒོར་མོ་ལྔ་བརྒྱ་ཉེར་གཅིག་ནས་ཉིས་སྟོང་བཅུ་དགུ་ལོའི་བདུན་བརྒྱ་ཉེར་གཅིག་ལ་བསླེབས།   ཡོང་སྒོ་ནི་སྔར་ལས་ཇེ་མང་ནས་ཇེ་མང་ཡིན་ཞིང་དེའི་ཁར་རང་ཉིད་ཀྱི་ཕྱུགས་རའི་ཡོང་སྒོ་བསྣན་ཚེ་མ་འོངས་པའི་རང་ཉིད་ཀྱི་འཚོ་བ་ལ་རེ་བ་ཆེན་པོ་ཡོད་ཟེར།

ད་ལོའི་ཟླ་བཅུ་གཅིག་པར་པེ་ཅིན་གྲོང་ཁྱེར་ཁྲང་ཕེན་ཆུའུ་ཐེན་ཐུང་ཡོན་བྱང་ལམ་དོན་གཅོད་ཁྲུའུ་ཡི་ལས་བྱེད་མི་སྣ་ཡང་བསྐྱར་ཆིག་སྒྲིལ་ཡུལ་ཚོར་ཡོང་ནས་ཡུལ་དངོས་སུ་བྱ་བར་རྟོག་ཞིབ་བྱས་པ་དང་ཁ་གཏད་རོགས་སྐྱོར་བྱ་བའི་སྦྲེལ་མཐུད་ཚོགས་འདུའི་སྟེང་། པེ་ཅིན་གྲོང་ཁྱེར་ཁྲང་ཕེན་ཆུའུ་ཐེན་ཐུང་ཡོན་བྱང་ལམ་དོན་གཅོད་ཁྲུའུ་ཡི་ཀྲུའུ་རིན་གཞོན་པ་ཀྲང་ཧྥུའུ་ཁྲའོ་ཡིས་བཤད་རྒྱུར། ཐེན་ཐུང་ཡོན་བྱང་ལམ་དོན་གཅོད་ཁྲུའུ་དང་ཆིག་སྒྲིལ་ཡུལ་ཚོ་གཉིས་ལ་སོ་སོར་རང་ཉིད་ཀྱི་ཁྱད་ཆོས་རེ་ཡོད་པས་ཕན་ཚུན་མཉམ་ལས་བྱས་ནས་མཉམ་དུ་འཕེལ་རྒྱས་སུ་བཏང་ཆོག་པ་དང་། རོགས་དངུལ་ཚང་མ་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་དེའི་ནུས་པ་འདོན་སྤེལ་བྱས་ཏེ། མི་དམངས་མང་ཚོགས་ལ་སྔར་ལས་མང་པོའི་ཕྱུག་འགྱུར་གྱི་ལམ་བུ་བསྐྲུན་དགོས་ཟེར།

ཉིས་སྟོང་ཉི་ཤུ་ལོར་ཐེན་ཐུང་ཡོན་བྱང་ལམ་དོན་གཅོད་ཁྲུའུ་ཡིས་སྔ་གཞུག་ཏུ་ཆིག་སྒྲིལ་ཡུལ་ཚོར་མ་དངུལ་སྒོར་མོ་འབུམ་བཞི་དང་ཁྲི་གསུམ་གྱིས་རོགས་སྐྱོར་བྱས་ཏེ། རྗེས་ཕྱོགས་ཀྱི་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བའི་ཐད་ལ་རྒྱབ་རྟེན་བརྟན་པོ་འདོན་སྤྲོད་བྱས། སྦུབ་ཕུ་སྡེ་བ་དང་འདྲ་བར་ཆིག་སྒྲིལ་ཡུལ་ཚོའི་སྐྱ་འཁྱོག་སྡེ་བས་ཀྱང་ཁ་གཏད་རོགས་སྐྱོར་བྱེད་མཁན་གྱི་མ་དངུལ་སྒོར་མོ་འབུམ་གསུམ་བཀོལ་ནས།  ཆུ་དམར་ལེབ་རྫོང་གི་ས་བབ་བཟང་ས་ནས་རྨིད་གྲུ་བཞི་མ་སུམ་བརྒྱ་ཡོད་པའི་ས་ཞིག་ཉོས་ཡོད་པ་དང་། དེ་ཚོང་རའི་རིན་གོང་ལྟར་ན་སྒོར་མོ་འབུམ་ལྔའི་གཡས་གཡོན་ཡིན་ཞིང་། གོ་རིམ་རྗེས་མར་མ་དངུལ་བཏང་ནས་ཚོང་ར་འཛུགས་སྐྲུན་བྱེད་རྒྱུའི་འཆར་གཞི་ཡོད།

སྐྱ་འཁྱོག་སྡེ་བའི་ཕྱིན་ཆད་ཀྱི་འཕེལ་རྒྱས་སྐོར་གླེང་དུས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསོད་ནམས་དབང་གྲགས་ཀྱིས་བཤད་རྒྱུར། ལོ་འདི་དག་གི་རིང་དུ་ཏང་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག  ང་ཚོ་སྐྱ་འཁྱོག་སྡེ་བའི་རྩྭ་ཐང་སྟེང་འགྱུར་ལྡོག་ཆེན་པོ་བྱུང་ནས་མི་དམངས་མང་ཚོགས་ཀྱི་འཚོ་བ་སྔར་ལས་ཇེ་ལེགས་སུ་སོང་སྟེ། བརྟན་འཇགས་ཀྱི་ཕྱུགས་ལས་དཔལ་འབྱོར་དང་དངོས་ཕུང་དཔལ་འབྱོར་གྱི་ཡོང་སྒོ་ཡོད་གྱུར་བས་ང་རང་ཉིད་ལ་མཚོན་ནས་བཤད་ནའང་སྡེ་མི་རྣམས་ཀྱི་སྣེ་ཁྲིད་དེ་འབྱོར་འབྲིང་འཚོ་བའི་ཕྱོགས་སུ་བསྐྱོད་པར་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར།

ད་ལྟའི་ཆིག་སྒྲིལ་ཡུལ་ཚོའི་རྣམ་པར་གཞིགས་ནས་ཡུལ་ཚོའི་ཏང་ཨུ་ཧྲུའུ་ཅི་མྰ་ལན་དགའ་སྤྲོ་དང་བཅས་ཏེ་བཤད་རྒྱུར། ཐེན་ཐུང་ཡོན་བྱང་ལམ་དོན་གཅོད་ཁྲུའུ་ཡིས་ང་ཚོར་རོགས་སྐྱོར་བྱས་པ་དེས་དངོས་གནས་ཕན་ཐོགས་ཆེན་པོ་བྱུང་སོང་། ང་ཚོས་རོགས་སྐྱོར་མ་དངུལ་དེ་དག་བརྒྱ་ཆའི་བརྒྱ་ཚང་མ་གནད་འཁེལ་དོན་འཁྱོལ་བྱས་ནས་སྒོར་མོ་སྐར་མ་གང་ཡང་ཆད་ལྷག་མེད་པར་དབུལ་གཏོར་མཁྲེགས་གཏོར་གྱིས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་བ་བཅས་ཀྱི་ཕྱོགས་སུ་བཀོལ་བ་ཡིན། དེ་ལྟར་བྱས་ཚེ་རྒྱང་ཐག་རིང་བའི་པེ་ཅིན་གྱི་སྤུན་ཟླའི་གཏིང་ཟབ་པའི་བརྩེ་བ་དེ་ཡང་ཆུད་ཟོས་སུ་མ་བཏང་པ་ཡིན་ཟེར།

                                                                       ལོ་ཙཱ་བ། གཡང་འབུམ་རྒྱལ།