ཐོན་ལས་གླིང་གིས་འབྲོག་དམངས་ལ་འབྱོར་འབྲིང་གི་ལམ་བུ་བསྐྲུན་པ།
2020.12.25 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 16

 རྩེ་ཁོག་རྫོང་གི་དབུལ་སྐྱོར་ཐོན་ལས་གླིང་ཁུལ་དུ་བསྐྱོད་ཚེ། རྩྭ་ཐང་ནས་ཡོང་བའི་ན་གཞོན་རྣམས་ཁོད་ཡངས་དཀར་གསལ་གྱི་བཟོ་གྲྭའི་ཁང་མིག་རེ་རེའི་ནང་རང་རང་གི་ལས་ཀར་བྲེལ་བཞིན་འདུག ལ་ལས་གསར་དུ་ནང་འདྲེན་བྱས་པའི་ཐོན་སྐྱེད་སྒྲུབ་རིམ་ནང་འཇུག་བྱེད་བཞིན་ཡོད་པ་དང་།ལ་ལས་དགེ་རྒན་དང་མཉམ་དུ་འཕྲུལ་ཆས་སྒྲིག་འཛུགས་བྱེད་སྲོལ་སྦྱོང་བཞིན་ཡོད་ཅིང་།ལ་ལས་ཐོན་སྐྱེད་སྒྲུབ་རིམ་གྱི་གནས་སུ་ཁྱད་ལྡན་ཐོན་རྫས་བཟོ་བར་བྲེལ་བཞིན་མཆིས།

“གླིང་ཁུལ་དང་མཉམ་ལས་ཁང་། དབུལ་སྐྱོར་ཁེ་ཐོབ་ཁྱིམ་ཚང”བཅས་ཀྱི་འཁོར་སྐྱོད་དཔེ་དབྱིབས་ལག་བསྟར་བྱས་ཏེ།རྫོང་ཡོངས་ཀྱི་འབྲོག་དམངས་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་ཁྲིད་ཀྱིན་ཡོད་པ་དང་། རྫོང་ཡོངས་ཀྱི་སྐྱེ་ལྡན་ཕྱུགས་ལས་འཕེལ་རྒྱས་ལ་སྣེ་ཁྲིད་དང་། རྫོང་ཡོངས་ཀྱི་ཁྱིམ་ཚང650དང་དབུལ་ཕོངས་མི་གྲངས2310ལ་ཁེ་ཕན་མཉམ་སྦྲེལ་ནང་རྐྱེན་བཙུགས་ནས་ལས་གནས1800འདོན་སྤྲོད་བྱས།

2018ལོར། འཇམ་དཔལ་གྲགས་པས་རང་ལ་ལས་བཟོ་པ10ཡོད་པ་ཁྲིད་ཡོང་བ་ནས་གླིང་ཁུལ་དུ་སྡོད་མཁན་སྐོར་དང་པོར་གྱུར་ཞིང་། གླིང་ཁུལ་དུ་ཐོག་མར་སླེབས་སྐབས། འཕེལ་རྒྱས་ཀྱི་དམིགས་ཡུལ་མངོན་འགྱུར་འབྱུང་ཐུབ་མིན་ཁོ་ལ་གདེང་ཚོད་མེད།

“ཐོག་མར་གླིང་ཁུལ་དུ་འབྱོར་སྐབས་ངའི་སེམས་ལ་དེ་འདྲའི་སྟབས་བདེ་མོ་ཡིན་རྒྱུ་མ་རེད་བསམས་བྱུང་། ཀུང་སི་ནི་ནོར་ལུག་གི་བལ་དང་ཁུ་ལུའི་ཐོན་རྫས་ལས་སྣོན་བྱེད་ས་ཡིན་སྟབས། ས་གནས་བརྗེས་ཚེ་ཐོན་སྐྱེད་དང་། ལས་སྣོན། ཐུམ་སྒྲིལ། ཕྱིར་འཚོང་བཅས་ལ་གནོད་པ་ཡོད་པར་བསམས་ནས་སེམས་ཁྲལ་ཆེན་པོ་བྱས”འཇམ་དཔལ་གྲགས་པས་དེ་ལྟར་བཤད།

ཡིན་ནའང་དུས་ཚོད་རིང་པོ་མ་འགོར་བར། འཇམ་དཔལ་གྲགས་པའི་སེམས་ཁྲལ་དེ་དག་མེད་པར་གྱུར་སོང་། སྲིད་གཞུང་གིས་བཟོ་ཁང་མཁོ་འདོན་བྱས་པར་མ་ཟད་ཐོན་སྐྱེད་སྒྲིག་ཆས་ཉོ་རོགས་བྱས་ཤིང་། ཆེད་ལས་ལག་རྩལ་དང་དོ་དམ་ཐད་ཀྱི་རྒྱབ་སྐྱོར་ཀྱང་མཁོ་འདོན་བྱས་ལ། ད་དུང་ཚོང་ལམ་བཙལ་བ་དང་ཁྱབ་སྤེལ་བྱས་པ་རེད། ལོ་འགའ་འགོར་རྗེས། འཇམ་དཔལ་གྲགས་པའི་ཀུང་སིས་ལས་པའི་ནོར་ལུག་གི་བལ་ཁུལ་གྱིས་བཏགས་པའི་ཉལ་ཐུལ་དང་། ལག་ཤུབས། བལ་གདན་བཅས་རྒྱལ་ཡོངས་སུ་བཙོང་ཐུབ་སོང་བ་དང་། ས་ཆ་གཞན་དུ་རང་ཉིད་ཀྱི་ཕྱིར་འཚོང་ཁང་ཡོད་པར་གྱུར་ལ།ལས་བཟོ་པའང་ཐོག་མའི་མི10ནས་ད་ལྟ་མི23ལ་འཕེལ་ཡོད།

“ད་ལྟ་འདིར་ཡོད་པའི་ལས་བཟོ་པ་ཕལ་ཆེ་བ་དབུལ་ཁྱིམ་ཡིན་ཞིང་།སྲིད་གཞུང་གིས་ང་ཚོར་རོགས་རམ་བྱེད་བཞིན་ཡོད་ལ་ང་ཚོས་ཀྱང་ཀུང་སིའི་འཕེལ་རྒྱས་ལ་བརྟེན་ནས་དབུལ་ཁྱིམ་ལ་རོགས་རམ་མི་ཉུང་བ་ཞིག་བྱེད་ཀྱིན་ཡོད་པ་དང་། ད་ལོར་ང་ཚོར་བལ་གྱི་ཉལ་ཐུལ8000དགོས་པའི་མངག་ཐོ་འབྱོར་ཡོད་པས། དབུལ་ཁྱིམ་རྣམས་ཕྱུག་པོར་གྱུར་ཏེ་འབྱོར་འབྲིང་དུ་བསྐྱོད་པའི་སྟོབས་ཤུགས་སྔར་ལས་འཕེལ་ཞིང་། ཧུར་སེམས་སྔར་ལས་སྐྱེས།” འཇམ་དཔལ་གྲགས་པས་དེ་ལྟར་བཤད།

གླིང་ཁུལ་གྱི་འགན་འཁུར་པས་བཤད་པ་ལྟར་ན། ཀུང་སིའི་གནས་མལ་གཏན་འཁེལ་བྱེད་སྟངས་ནི་མཐོ་སྒང་གི་སྐྱེ་ལྡན་ཚན་རྩལ་དང་དབུལ་སྐྱོར་ལས་རིགས་གསར་གཏོད་གསོ་སྐྱོང་གཉིས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་བྱེད་ནུས་ཐོན་ལས་གླིང་ཞིག་ཡིན་ཞིང་། དབུལ་ཐར་ལས་སྐྲུན་དང་། ཚན་རྩལ་དཔེ་སྟོན། ཟུང་སྐྲུན་དཔེ་སྟོན་བཅས་གཞི་གཅིག་ཏུ་འདུས་ཡོད། གཙོ་ཆེ་བ་ནི་སྐྱེ་ལྡན་གཟན་རྩྭ་འདེབས་འཛུགས་དང་། སྒོ་ཕྱུགས་གསོ་སྤེལ་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན། སྐྱེ་ལྡན་ཚད་ལྡན་ནོར་ལུག་བཤའ་བའི་ལས་སྣོན་བཟོ་གྲྭ་དང་། སྐྱེ་ལྡན་འོ་ལས་ཐོན་རྫས་ལས་སྣོན་བཟོ་གྲྭ། ཀྲུང་བོད་སྨན་རྫས་རྒྱུ་ཆ་ལས་སྣོན་བཟོ་གྲྭ།སྐྱེ་ལྡན་སྐམས་ལུག་ཤ་བཅུད་ལྡན་ལས་སྣོན་བཟོ་གྲྭ། ཁྱད་ལྡན་ཐོན་རྫས་ལས་སྣོན་བཟོ་གྲྭ  ཆུའི་ཐོན་ཁུངས་ལས་སྣོན་བཟོ་ཁུལ། སྐྱེ་ལྡན་སྐྱེ་དངོས་ཐོན་རྫས། ཚན་རྩལ་གསར་སྤེལ། གློག་རྡུལ་ཚོང་དོན་རྟེན་གཞི་དང་ཕྱོགས་བསྡུས་ཞབས་ཞུ་སོགས་ཀྱི་ལས་གཞིའི་འཛུགས་སྐྲུན་ལག་བསྟར་བྱེད་བཞིན་ཡོད། སྔོན་རྩིས་བྱས་ན་ད་ལོའི་ལོ་མཇུག་ཏུ། གླིང་ཁུལ་གྱི་སྤྱིའི་ཐོན་འབོར་སྒོར་དུང་ཕྱུར་བཅུ་གཉིས་དང་བྱེ་བ་གཉིས་ལ་བསླེབ་ནས། བཟོ་ལས་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར་བཞི་དང་བྱེ་བ་བརྒྱད་ལ་བསླེབ་རྒྱུ་མངོན་འགྱུར་འབྱུང་ཐུབ།

གླིང་ཁུལ་དུ། མིང་ལ“མདོ་དབུས་འབྲོག་གླུ”ཞེས་བཏགས་པའི་ཁེ་ལས་ཤིག་ཡོད་པ་དེས་ཀྱང་གསར་འགོད་པའི་ཡིད་ཀྱི་བརྟན་པ་འཕྲོགས་སོང་།། ཆ་འགྲིག་གྲལ་དག་གི་བཟོ་ཁང་དང་། ལྗང་མདོག་གི་ས་གདན་གྱིས་ཁང་པའི་ནང་ཡོངས་སུ་ཁེབས་ཡོད་པས།མི་རྣམས་ལ་མཐའ་ཡས་པའི་རྩྭ་ཐང་དུ་ཐོན་པའི་སྣང་བ་ཞིག་སྟེར།

ཤེས་གསལ་ལྟར་ན། ཁེ་ལས་འདི་ད་ལོར་ཐོན་ལས་གླིང་ཁུལ་དུ་གཏན་སྡོད་བྱས་པ་ཡིན་ཞིང་། ཆེད་དུ་ནོར་ཁུལ་ས་གདན་ལས་སྣོན་བཟོ་སྐྲུན་བྱེད་ཀྱིན་ཡོད་ལ།ཁོ་ཚང་གིས་བཏགས་པའི་ནོར་ཁུལ་ས་གདན་བཙོངས་མ་ཐག་ཀུན་གྱིས་འཕྲོག་ཉོ་བྱས་པ་རེད།

ས་དེའི་འབྲོག་པ་འཇམ་དབྱངས་བློ་གསལ་ནི་ཀུང་སི་དེའི་ནང་ཡོང་ནས་ལོ་ཕྱེད་ཙམ་འགོར་ཟིན་པ་དང་། དེ་སྔའི་ཕྱུགས་རྫིའི་འཚོ་བ་སྐྱེལ་མཁན་ཞིག་གིས་ད་ལྟ་ནོར་ཁུལ་ས་གདན་འཐག་ཤེས་པར་གྱུར་པ་དེས། ཁོ་ལ་མཚོན་ནས་བཤད་ན་འཚོ་བ་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་དེ། ལག་རྩལ་ཞིག་འབྱོར་ཡོད་པར་མ་ཟད། ཟླ་རེའི་ཡོང་འབབ་སྒོར3000ཡོད་པ་དེས་ཀྱང་ཁོའི་འཚོ་བར་སྔར་ལས་མང་བའི་སྒུལ་ཤུགས་སྟེར་བཞིན་ཡོད།

“ཀུང་སིས་ང་ཚོར་གསོ་སྦྱོང་བྱས་པར་མ་ཟད། ང་ཚོས་བཏགས་པའི་ས་གདན་རྒྱལ་ཡོངས་སུ་བཙོངས་ཤིང་། སྐབས་ལ་ལར་ང་ཚོ་ཡང་མཉམ་དུ་སོང་ནས་བཟོ་སྐྲུན་བྱེད་ཐབས་སྔར་ལས་མང་པོར་སློབ་སྦྱོང་བྱས་པ་ཡིན་ལ། གོ་ཐོས་ལྟར་ན་སང་ལོར་ད་དུང་ཕྱི་རྒྱལ་དུ་འགྲེམ་ཚོང་ལ་འགྲོ་རྒྱུ་རེད། སྔོན་ཆད་ཡིན་ན་ཕྱི་རྒྱལ་དུ་འགྲོ་ཐུབ་པ་ནི་ཡིད་ལའང་འཆར་དཀའ་བ་ཞིག་ཡིན།” འཇམ་དབྱངས་བློ་གསལ་དགོད་བཞིན་དུ་དེ་ལྟར་བཤད།

ད་སྐབས་ཐོན་ལས་གླིང་ཁུལ་གྱིས་འབྲོག་དམངས་དབུལ་པོ་དག་ཁྲིད་དེ་ཡོང་འབབ་འཕར་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད། མིག་སྔར། དཀྱིལ་སྙིང་ཁུལ་གྱིས་ཁྱོན་བསྡོམས་དབུལ་སྐྱོར་མ་དངུལ་སྒོར་མོ་འབུམ་གསུམ་དང་ཁྲི་དྲུག་སྟོང་བདུན་ལྔ་བརྒྱ་དོན་འཁྱོལ་བྱས་པ་དང་། རོགས་སྐྱོར་བྱས་པའི་ཁྱིམ་གྲངས242དང་། ཁྱིམ་རེའི་ཆ་སྙོམས་ཡོང་སྒོ་སྒོར1518འཕར་བ་དང་། ལས་རྐང1800བཀོད་སྒྲིག་བྱས་ཤིང་། མི་རེའི་ཆ་སྙོམས་ཀྱི་ཟླ་རེའི་ཡོང་འབབ་སྒོར2875ཡིན། གླིང་ཁུལ་དུ་གཞི་སྡོད་བྱས་པའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དང་།སྐྱེ་ཁམས་ཕྱུགས་ལས་མཉམ་འབྲེལ་ཁང་གཉིས་ཀྱིས་ཁྱོན་བསྡོམས་ཁེ་སྤོགས་སྒོར་མོ་བྱེ་བ་གཅིག་དང་ས་ཡ་གསུམ་འབུམ་དྲུག་ཁྲི་གསུམ་ལྷག་བགོ་བཤའ་བརྒྱབ་པ་དང་། མཉམ་ལས་ཁང་དུ་ཞུགས་པའི་འབྲོག་ཁྱིམ་རེར་ཆ་སྙོམས་ཀྱིས་ཁེ་སྤོགས་སྒོར་མོ་ས་ཡ་གཉིས་དང་འབུམ་གཅིག་ཁྲི་གསུམ་ལྷག་བགོ་བཤའ་བརྒྱབ་ཅིང་མི་རེའི་ཆ་སྙོམས་ཁེ་སྤོགས་ཕལ་ཆེར་སྒོར500ལ་སླེབས།

དེང་སྐབས། ཕྱུགས་ལས་ལ་འགྱུར་ལྡོག་ཆེན་པོ་བྱུང་སྟེ། འབྲོག་པ་གཏན་སྡོད་བྱ་རྒྱུ་མངོན་འགྱུར་བྱུང་བ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། སྔོན་ཆད་རྗེས་ལུས་དང་། མཐའ་འཁོབ། དབུལ་ཕོངས་བཅས་ཡིན་པའི་རྩེ་ཁོག་རྫོང་ནི་སྒོ་ཀུན་ནས་གསར་པ་ཡིན་པའི་རྣམ་པ་ཞིག་མི་རྣམས་ཀྱི་མིག་ལམ་དུ་མངོན་བཞིན་ཡོད་ལ། ཐོན་སྐྱེད་དང་ལས་སྣོན། ཕྱིར་འཚོང་བཅས་ཞབས་ཞུ་གཅིག་འདུས་ཅན་གྱི་ཐོན་ལས་གླིང་ཁུལ་གྱིས་འབྲོག་དམངས་རྣམས་ལ་དབུལ་ཐར་ཕྱུག་འགྱུར་དང་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་པའི་ལམ་བུ་ཞིག་བཟོས་ཡོད།

                                                                             རྩོམ་སྒྲིག་པ། གཡང་འབུམ་རྒྱལ།