ཉི་འོད་ཁང་བའི་ནང་དུ་བྱིས་པ་ཚོའི་གདོང་ལ་འཛུམ་མདངས་འཁྱིལ་འདུག
དགུན་ཁ་ཐོན་རྗེས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་འབྲོག་ཤོག་ཡུལ་ཚོ་རུ་གྲང་རླུང་རུས་རྐང་ལ་ཟུག་ཅིང་། རི་རྩེ་རུ་ཉིན་འགའི་སྔོན་བབས་པའི་ཁ་བས་མནན་འདུག ཡིན་ནའང་། གསར་དུ་ལས་པའི་འབྲོག་ཤོག་ཡུལ་ཚོ་བཅའ་སྡོད་སློབ་གྲྭའི་ཉི་འོད་ཁང་བའི་ནང་དུ། རྣམ་པ་གཞན་ཞིག་མིག་ལམ་དུ་འཆར་འོངས། བྱིས་པ་ཚོས་གནས་འདི་རུ་སློབ་སྦྱོང་བྱེད་བཞིན་ཡོད་པ་དང་། རྩེད་མོ་རྩེད་བཞིན་ཡོད་ལ། ངོ་གདོང་རེ་རེ་ན་དྲོད་ཁོལ་འཁྱིལ་འདུག
ད་ལོའི་ཟླ་དྲུག་པ་ནས་བཟུང་། ཉི་འོད་ཁང་བ་དངོས་སུ་སྒོ་འབྱེད་མགོ་བརྩམས་པ་དང་། འོད་ཟེར་ཉིན་རེའི་ཚགས་པར་བརྒྱུད་དེ། སྤྱི་ཕན་ཐེབས་རྩ་ཚོགས་པའི་བློ་ཁོག་ཡངས་པའི་གསལ་བཤད་དང་། སྤྱི་ཚོགས་ལས་རིགས་སོ་སོའི་སེམས་ཁུར་དང་མཐོང་ཆེན་བྱས་པར་བརྟེན་ནས། ལས་ཀ་ལས་མཁན་རྣམས་ཀྱིས་དཀའ་ཁག་གང་མང་ཁྱད་བསལ་བྱས་ནས་དགུན་ཁ་མ་སླེབས་སྔོན་ལ་སློབ་གྲྭ་ལས་ནས་གྲུབ་དུ་བཅུག་པ་དང་། དགེ་སློབ་དང་བྱིས་པ་རྣམས་ལ་དྲོད་ཁོལ་བསྐྱལ།
ལས་གཞི་དེས་སའི་རྒྱ་ཁྱོན་མུས་གྲུ་བཞི་མ་དྲུག་བརྒྱ་ཟིན་ཡོད་པ་དང་། ཁང་བ་ཧྲིལ་བོ་ཤེལ་སྒོའི་སྒྲོམ་གཞིས་གྲུབ་པ་དང་། མ་དངུལ་སྒོར་མོ་ས་ཡ་གཅིག་དང་འབུམ་བདུན་བཏང་བ་རེད། ཕྱི་ནས་ལྟོས་ན། དེང་རབས་ཅན་གྱི་དྲོད་ཁང་ཞིག་དང་འདྲ་མོད། མཐོ་སྒང་གི་སློབ་ཆུང་འདི་ལ་ཚན་རྩལ་གྱི་ཚོར་བ་ཞིག་དབང་མེད་དུ་སྦྱིན་པར་བྱེད།
སྔོན་ཆད་འབྲོག་ཤོག་ཡུལ་ཚོ་ཏང་ཨུའི་ཧྲུའུ་ཅིའི་འགན་ཁུར་མྱོང་བའི་ནང་ཆེན་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་བསོད་ནམས་བཀྲ་ཤིས་ཀྱིས་བཤད་རྒྱུར། འབྲོག་ཤོག་ཡུལ་ཚོ་ནི་ས་མགོའི་མཐོ་ཚད་ལ་མུས་སྟོང་བཞི་དང་ཉིས་བརྒྱ་ཡན་དུ་ཡོད་པ་དང་། འཚོ་གནས་ཀྱི་ཁོར་ཡུག་ཤིན་ཏུ་ཞན་ལ། ལོ་ཧྲིལ་བོའི་དུས་ཚིགས་བཞི་བོ་མངོན་གསལ་ཡིན་པ་རེད། ལོ་རེའི་ཟླ་དགུ་བ་ནས་ཕྱི་ལོའི་ཟླ་དྲུག་པའི་བར་དུ་དུས་རྒྱུན་དུ་ཁངས་ཆེན་འབབ་བཞིན་ཡོད་པ་རེད། གདུག་རྩུབ་ཆེ་བའི་རང་བྱུང་ཁོར་ཡུག་གིས་དགེ་སློབ་རྣམས་ཀྱིས་ཕྱི་རོལ་དུ་འགུལ་བསྐྱོད་བྱེད་པའི་དུས་ཡུན་ཇེ་ཐུང་དུ་བཏང་ཡོད་ལ། ལྷག་པར་དུ་དགུན་དུས་སུ་བྱིས་པ་རྣམས་ནང་དུ་བཅུག་ནས་སློབ་ཁྲིད་བྱེད་པའི་རྣམ་པ་སྤྱོད་བཞིན་ཡོད་པ་རེད། ཉི་འོད་ཁང་བ་ལས་པ་དེས་དགེ་སློབ་ཚང་མའི་སློབ་གསེང་གི་ཁྱབ་ཁོངས་ཇེ་ཆེར་བཏང་ཞིང་། དེ་དང་ཆབས་ཅིག་ཏུ། གཞི་ཁྱོན་ཆེན་པོའི་སྒོ་ནས་དགེ་སློབ་ཚང་མའི་ཉིན་རྒྱུན་གྱི་སློབ་སྦྱོང་དང་འཚོ་བའི་ཁོར་ཡུག་ལེགས་བཅོས་བྱེད་ཐུབ་པ་བྱུང་ཟེར།
ད་ལྟ། ཉི་འོད་ཁང་བའི་ནང་དུ་ཕྱིན་པ་ན། ཉི་མའི་འོད་ཟེར་ཤེལ་སྒོར་འཕྲོས་ཏེ་ཁང་བ་ཧྲིལ་བོའི་ནང་དྲོད་ཁོལ་ཞིག་འཁྱིལ་འདུག དྲོས་ཇ་འཐུང་རྗེས། བྱིས་པ་གཉིས་གསུམ་རེ་ཉི་འོད་ཁང་བར་ཐོན་བྱུང་། ཁོ་ཚོས་དཔེ་ཆ་ལག་ཏུ་ཐོགས་ནས་སྐད་གསེང་མཐོན་པོས་དཔེ་ཆ་ཀློག་བཞིན་འདུག ལོ་རིམ་བཞི་བ་ཡིན་པའི་སྒྲོལ་མ་ལྷ་མོས་བོད་ལྭ་ཡག་པ་ཞིག་གྱོན་ནས་དགའ་སྤྲོའི་བྲོ་གར་གཅིག་འཕྲོ་གཅིག་ལ་མཐུད་ནས་འཁྲབ་བྱུང་། སྒྲོལ་མ་ལྷ་མོས་བཤད་རྒྱུར། སྔོན་ཆད་ང་ཚོས་བྲོ་སྦྱངས་བའི་སྐབས་སུ། ནམ་ཟླ་འཁྱག་པའི་རྐྱེན་གྱིས་གྱོན་པ་བརྗེ་མི་ཐུབ་པ་དང་། ད་ལྟ་ཉི་འོད་དྲོད་ཁང་ཡོད་པས་གོན་པ་ཡག་པ་མང་པོ་གྱོན་ཐུབ་པ་དང་། ཅུང་ཙམ་ཡང་མི་འཁྱག་ཞེས་བཤད།
སྐབས་དེར། ཉི་འོད་ཁང་བའི་དྲོད་ཚད་ཏུའུ་བཅུ་གཅིག་ཡིན་པ་དང་། ཕྱི་རོལ་གྱི་དྲོད་ཚད་ཏུའུ་གོར་ཐིག་ཡིན་པ་རེད།
ཉི་འོད་ཁང་བ་ལས་པ་དེས་སློབ་མ་རྣམས་ལ་ཕན་ཐོགས་པར་མ་ཟད། ད་དུང་དགེ་རྒན་རྣམས་ལའང་སྟབས་བདེ་བཟོས་ཡོད་པར་རེད།
ཡུལ་ཚོ་ཡོངས་ཀྱི་སློབ་གྲྭ་གཅིག་པུ་ཡིན་པའི་ཆ་ནས། ལོ་ཧྲིལ་བོར་ཁངས་རྒྱུན་མི་ཆད་པར་འབབ་པ་དང་། གྲང་ངར་ཆེ་བ་དང་། རླུང་ཆེ་བས་དགེ་སློབ་ཚོས་དཀའ་ངལ་མང་པོ་མྱངས་དགོས། སློབ་གྲྭ་ཡོངས་སུ་སློབ་མ་ཉིས་བརྒྱ་དང་ང་གསུམ་ཡོད་པ་དང་། དགེ་རྒན་དང་ལས་བཟོ་བ་སུམ་ཅུ་སོ་བཞི་ཡོད་ལ། དེའི་ནང་དགེ་རྒན་དངོས་མ་བརྒྱད་དང་། ཚབ་ཁྲིད་དགེ་རྒན་བཅུ་བཞི་ཡོད་ལ། མཁོ་སྒྲུབ་མི་རྣ་བཅུ་གཉིས་བཅས་ཡོད་པ་རེད།
དགེ་རྒན་གྱི་མལ་ཁང་གྲལ་ཤར་གསུམ་ཡོད་པའི་མདུན་དུ་སོ་སོར་མུས་གྲུ་བཞི་མ་བརྒྱ་ཅན་གྱི་ཉི་འོད་ཁང་བ་གསུམ་ལས་ཡོད་པ་དང་། དེས་མལ་ཁང་ཇེ་དྲོར་འགྲོ་བར་རམ་འདེགས་བྱེད་བཞིན་ཡོད། སློབ་གཙོ་གཞོན་པ་ཀྲང་ཀོང་བེ་ཡིས་བཤད་རྒྱུར། སྔོན་ཆད་མལ་ཐུལ་གསུམ་རེ་འགེབ་དགོས་པ་དང་། ད་ལྟ་མལ་ཐུལ་གཉིས་རེ་བཀབ་ན་ཆོག་ཞེས་བཤད།
དགེ་རྒན་ཀྲང་ཀོང་བེ་ཡི་ཕ་ཡུལ་ནི་སྤྱི་ལེ་སྟོང་གཉིས་ལྷག་ཡོད་པའི་ཧི་ནན་ཞིང་ཆེན་ཀའེ་ཧྥུན་གྲོང་ཁྱེར་དུ་ཡོད་པ་དང་། 2009ལོར་འབྲོག་ཤོག་ཡུལ་ཚོ་བཅའ་སྡོད་སློབ་ཆུང་དུ་ཡོང་ནས་བྱ་བར་ཞུགས་རྗེས། གམ་གྱི་ལས་གྲོགས་མང་པོ་བརྗེ་སྤོར་བྱས་ཀྱང་། ཁོ་རང་གནས་འདི་དང་ཁ་མ་བྲལ། ཀྲང་ཀོང་བེ་ཡིས་བཤད་རྒྱུར། གནས་འདི་ནི་ནང་ཆེན་རྫོང་གི་ས་མགོའི་མཐོ་ཚད་ཆེས་མཐོ་ས་ཡིན་པ་དང་། ཆ་རྐྱེན་ཆེས་སྡུག་པའི་སློབ་ཆུང་ཞིག་ཡིན། ལོ་འདི་འགའི་རིང་ལ། རྫོང་གིས་སློབ་ཁྲིད་ཐོག་ཁང་དང་། མལ་ཁང་། རྒྱ་སྐྱེད་དང་ལེགས་བཅོས་བྱས་པ་དང་། ཟ་ཁང་དང་ལུས་རྩལ་ར་བ་སོགས་ཀྱང་གསར་དུ་འཛུགས་སྐྲུན་བྱས་ལ། ཐེངས་འདིར་ལས་པའི་ཉི་འོད་ཁང་བའི་སྲ་ཆས་ཤིན་ཏུ་བཟང་ཞིང་། ད་དུང་གློག་སྒུལ་འོད་འགོག་དྲ་ཡོལ་ཡང་སྒྲིག་སྦྱོར་བྱས་པ་དང་། ཁང་བའི་ནང་སྒྲིག་ཆས་ཚང་མ་ཁ་ཚང་ཡིན་པས་ཤིན་ཏུ་བཟང་ཞེས་བཤད། ཆི་མེན་སྤྱི་ཕན་ཐེབས་རྩ་ཚོགས་པའི་དྲུང་ཡིག་ཆེན་མོ་ཡང་ཆན་མེན་གྱིས་གསར་འགོད་པར་བཤད་རྒྱུར། དགེ་སློབ་ཚང་མར་དྲོད་ཁོལ་བསྐྱལ་ཐུབ་པ་བྱུང་ན། ང་ཚོར་བདེ་སྐྱིད་ལྡན་པའི་ཚོར་བ་ཞིག་སྐྱེས་ཡོང་། ནང་ཆེན་རྫོང་གི་སློབ་གསོའི་ལས་དོན་འཕེལ་རྒྱས་ཐད་ལ་རང་ཉིད་ཀྱིས་ཀྱང་མུ་མཐུད་དུ་ནུས་པ་ཅུང་ཙམ་འབུལ་ཐུབ་རྒྱུའི་རེ་བ་བྱེད་བཞིན་ཡོད་ཅེས་བཤད།
ལོ་ཙཱ། ཚེ་རིང་སྒྲོལ་མ།