རྨ་སྟོད་རྫོང་དུ་རྨ་ཆུའི་མགོ་ཁུངས་ཀྱི་བརྗིད་ཆགས་མཛེས་ཉམས་མངོན།
2021.01.11 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 11

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དཀྱིལ་སྙིང་ས་ཁུལ་དུ་གནས་ཤིང་། ལེ་བར་ཁྲི་ཡི་རྨ་ཀླུང་སྔོན་མོ་བཞུར་སའི་རྫོང་དང་པོ་ཡིན། རྨ་ཆུའི་བཞུར་ཁོངས་ཀྱི་ལོ་ཧྲིལ་པོའི་སྤྱིའི་བཞུར་རྒྱུག་ཚད་ཀྱི་བརྒྱ་ཆའི་ཞེ་གསུམ་གནས་དེ་རུ་འདུས་པ་ཡིན་ལ། ད་ལྟའི་རྨ་སྟོད་རྫོང་གིས་དམིགས་ཚད་ལ་དམ་པོར་དམིགས་ཏེ། རྒྱལ་ཁབ་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས། སྙིང་རུས་ཆེན་པོས་བཅོས་བསྒྱུར་དང་གསར་གཏོད་བྱེད་པ། དཀའ་སྤྱད་ཀྱིས་འཚོལ་ཞིབ་ལག་བསྟར་བྱེད་པ། འབད་བརྩོན་ལྷོད་མེད་བརྒྱུད་དེ་ཁྱོན་ཡོངས་ནས་སྒྲིག་སྲོལ་ཚོད་ལྟ་བྱེད་ཡུལ་གྱི་ལས་འགན་ལེགས་འགྲུབ་བྱེད་པ་བཅས་བྱས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་རྨ་སྟོད་ཀྱི་ཇུས་གཞི་འདོན་སྤྲོད་བྱས།

རྨ་སྟོད་རྫོང་དང་བར་ཐག་སྤྱི་ལེ་བརྒྱ་ཡོད་པའི་མཚོ་སྐྱ་རེངས་ཀྱི་འགྲམ་དུ། མང་ཚོགས་སྐོར་ཞིག་འགྲོ་བཞིན་པ་གསར་འགོད་པའི་མཐོང་ལམ་དུ་གྱུར། མི་བཅུ་ལྷག་གིས་གྲུབ་པའི་མི་ཚོགས་དེའི་ཁྲོད་དུ་ལོ་ན་དྲུག་ཅུ་ལྷག་ལ་བུད་པའི་རྒན་པ་ཡོད་ལ། ལོ་ན་བཅུ་བདུན་བཅོ་བརྒྱད་ལ་སོན་པའི་ན་གཞོན་ཡང་ཡོད། ཁོ་ཚོ་ནི་ནོར་ལུག་འཚོ་ཆེད་དེ་རུ་འཛོམས་པ་མིན་པར་གད་སྙིགས་འཐུ་རུ་ཡོང་བ་རེད།

“སྔོན་ཆད་ང་ཚོ་རྩྭ་ཐང་འདིའི་ཆེད་དུ་གནས་འདིར་ཁ་བྲལ་མྱོང་།”བསོད་འོད་ནི་མི་ཚོགས་དེའི་ཁྲོད་ཀྱི་གཅིག་རེད། ཁོས་ཕྱིར་དྲན་བྱས་པ་ལྟར་ན། 2003ལོའི་ཡར་སྔོན་དུ། དཔལ་འབྱོར་ཡོང་སྒོ་མང་པོ་ཞིག་འཚོལ་ཆེད། འབྲོག་དམངས་རྣམས་ཀྱིས་རང་གི་ནོར་ཁྱུ་ཇེ་མང་དུ་གཏོང་བའི་ཐབས་བཀོད་འཐེན་པ་ན། སྒོ་ཕྱུགས་མགྱོགས་པོར་འཕེལ་ཏེ། རྩྭ་ཕྱུགས་དོ་མཉམ་ལས་བརྒལ་ནས་ལོ་འགའི་རིང་ལ། རྩྭ་ས་རིམ་གྱིས་ཞན་འགྱུར་བྱུང་བ་དང་མཚོ་མོ་རིམ་བཞིན་སྐམ་པར་གྱུར།

2005ལོར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་རིམ་དང་པོའི་ལས་གཞི་མགོ་བརྩམས། རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་མྱུར་དུ་སླར་གསོ་ཡོང་ཆེད། ས་དེའི་མང་ཚོགས་གྲོང་རྡལ་དུ་གནས་སྤར་བ་དང་། བསོད་འོད་ནི་སྔོན་ལ་གྲོང་རྡལ་དུ་གནས་སྤར་བའི་འབྲོག་དམངས་གྲས་ཀྱི་གཅིག་རེད། འབྲོག་དམངས་གནས་སྤར་བ་དང་མཉམ་དུ། ཕྱུགས་བསྐྱུར་རྩྭ་སྐྱོང་དང་རྩྭ་ཕྱུགས་དོ་མཉམ། བྱེ་འགྱུར་བཅོས་སྐྱོང་། བྱི་གསོད་བཟོ་འགོད་སོགས་ཁོར་ཡུག་བཅོས་སྐྱོང་བཟོ་འགོད་ཀྱང་དུས་མཉམ་དུ་སྤེལ།

“ད་ཡང་རྩྭ་ཐང་འདིའི་ཆེད་དུ་ང་རང་ཡང་བསྐྱར་གནས་འདིར་ཡོང་བ་ཡིན།”རང་གི་ལྭ་བ་འཐེན་ཞོར་གསར་འགོད་པར་བཤད་རྒྱུར། ཁོ་རང་གནས་འདིར་ཁ་འབྲལ་སྐབས་ལུས་ལ་སྲོལ་རྒྱུན་གྱི་ལྭ་བ་གྱོན་ཡོད་ཅིང་། ཕྱིར་ཡོང་སྐབས་ལུས་སུ་གྱོན་པ་ནི་རྩྭ་ཐང་བདག་སྐྱོང་ས་ཚིགས་ཀྱི་ལྗང་མདོག་གྱོན་ཆས་ཡིན་ལ་དཔུང་པར་བཏགས་པ་ནི“སྐྱེ་ཁམས་བདག་སྐྱོང་པ”ཞེས་པའི་ཡི་གེ་དཔར་བའི་དཔུང་རྟགས་རེད།

དེང་སྐབས་རྨ་སྟོད་རྫོང་གི་རྨ་ཆུ་ཡུལ་ཚོ་དང་རྨ་ཁྲ་ལི་གྲོང་རྡལ། མཚོ་སྐྱ་རེངས་ཡུལ་ཚོ་བཅས་ཡུལ་ཚོ་དང་གྲོང་རྡལ་གསུམ་གྱིས་རྩྭ་ཐང་སྲུང་སྐྱོབ་ས་ཚིགས་གསུམ་དང་། སྡེ་བ་རིམ་པའི་གསོ་སྐྱོང་རུ་ཁག་བཅུ་དགུ ཡན་ལག་རུ་ཁག་ཆུང་བ་བརྒྱ་དང་ཉེར་གསུམ་བཅས་ཀྱི་སྐྱེ་ཁམས་བདག་སྐྱོང་པ་སུམ་སྟོང་ཞེ་གཉིས་ཀྱིས་རི་ཆུ་ནགས་རྩྭ་ཐང་མཚེའུ་བཅས་ཀྱི་སྐྱེ་ཁམས་བདག་སྐྱོང་གི་ལས་ཀ་ཕྲག་ཏུ་བླངས་ཡོད་ལ། ཁྱིམ་ཚང་རེ་རེར་སྐྱེ་ཁམས་བདག་སྐྱོང་པ་གཅིག་རེ་ཡོད།

མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་འབུམ་བདུན་བཏང་ནས་སོལ་འབར་ཁྲོ་ཐབ་དེ་གློག་ཐབ་ཏུ་བསྒྱུར་བ་དང་། ཀྲའོ་ཝ་བཞི་དང་གྲངས་ཆུང་བཞི་ཡི་འོད་བརྟེན་དབུལ་སྐྱོར་ལས་གཞི་ལག་བསྟར་བྱས་ཤིང་། ཀུན་གྱིས་སྣེ་ཁྲིད་དེ་ཞིང་ཆེན་ཡོངས་སུ་རྫོང་ཁོངས་ནུས་ཁུངས་གཙང་མའི་དྲོད་འདོན་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས་པས། ལོ་རེར་རྡོ་སོལ་ཏུན་ཁྲི་གཉིས་དང་སྟོང་གཉིས་གྲོན་ཆུང་བྱས་ཤིང་། ཐན་ཕྱེ་ཕྱིར་བཏང་ཚད་ཏུན་ཁྲི་གཅིག་དང་སྟོང་ལྔ་དྲུག་བརྒྱ་དང་། དབྱང་གཉིས་ཐཱན་རྫས་གཏོང་ཚད་ཏུན་ཁྲི་ལྔ་དང་སྟོང་དྲུག དབྱང་གཉིས་མུ་ཟི་རྫས་ཕྱིར་གཏོང་ཚད་ཏུན་ཉིས་སྟོང་ང་གསུམ། ཆིང་དབྱང་འགྱུར་རྫས་ཕྱིར་གཏོང་ཚད་ཏུན་བརྒྱད་བརྒྱ་བདུན་ཅུ་བཅས་ཇེ་ཉུང་དུ་སོང་སྟེ། ལྗང་མདོག་གི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་རོལ་སྟངས་ཆགས་ཡོད།

“སྐྱེ་ཁམས་ཇེ་བཟང་དུ་གྱུར་པ་དང་། ཡོང་སྒོ་ཡང་ཇེ་མང་དུ་ཕྱིན།”བལྟས་ཚོད་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་ཡོང་སྒོ་གཉིས་ཀ་མཉམ་དུ་འཛིན་མི་ཐུབ་པ་ལྟར་སྣང་ཡང་། རྨ་སྟོད་རྫོང་ལ་མཚོན་ན་དེ་ནི་གནས་ཚུལ་གསར་པ་ཞིག་མ་རེད།

དགུན་ཁར་སླེབས་རྗེས། གནས་དེའི་འབྲོག་དམངས་རྣམས་མཚེར་ས་བརྗེ་བར་བྲེལ་བཞིན་མཆིས་ལ་སྟོན་ས་ནས་དགུན་སར་སྤོར་བཞིན་ཡོད། འོན་ཀྱང་རྒྱ་མཚོ་ལ་མཚོན་ནས་བཤད་ན་འདི་ལྟ་བུའི་འབྲོག་པའི་འཚོ་བ་ནི་ངེས་པར་དེ་ལྟར་རོལ་དགོས་པའི་འཚོ་བ་ཞིག་ཀྱང་མ་རེད། རྒྱ་མཚོས་སྔ་མོ་ནས་ལུས་ལ་སྐོར་སྲུང་ལྭ་བ་གྱོན་ཞིང་དཔུང་རྟགས་བཏགས་ནས། འཕྲུལ་རྟ་ལ་ཞིབ་བཤེར་བྱས་རྗེས་སྐད་འཕྲིན་ཚོམ་ནང་གི་སྐོར་སྲུང་རོགས་པ་གཞན་དག་ལ་བརྡ་བཏང་སྟེ། ཉིན་རེར་སྤྱི་ལེ་བཅུ་ལྷག་ལ་བགྲོད་དགོས་པའི་ཁོའི་སྐོར་སྲུང་ལམ་བུའི་སྟེང་བསྐྱོད་མགོ་ཚུགས།

2017ལོ་ནས་བཟུང་། རྨ་སྟོད་རྫོང་གིས་སྐྱེ་ཁམས་བདག་སྐྱོང་པ་གཞི་བྱས་ནས། ཁྱོན་ཡོངས་ནས“སྐྱེ་ཁམས་སྲུང་སྐྱོབ་དང་གཞི་རིམ་ཏང་འཛུགས། གནད་འཁེལ་དབུལ་སྐྱོར། བརྟན་འཇགས་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ། བསམ་པའི་དཔལ་ཡོན”བཅས་ཕྱོགས་དྲུག་གཞི་གཅིག་གི་སྐྱེ་ཁམས་བདག་སྐྱོང་བྱེད་སྟངས་ལ་སྐུལ་འདེད་བཏང་།

རྒྱ་མཚོ་ནི་ཕྱོགས་དྲུག་གཞི་གཅིག་གི་སྐྱེ་ཁམས་བདག་སྐྱོང་བྱེད་སྟངས་ཁྲོད་ཁེ་ཕན་རེག་མཁན་ཞིག་ཡིན་ཞིང་།“2017ལོར་ང་རང་སྐོར་སྲུང་པ་རུ་བདམས་ཤིང་། ཉིན་རེར་སྐོར་སྲུང་ལམ་བུའི་སྟེང་གི་རི་སྐྱེས་སྲོག་ཆགས་ཀྱི་འགུལ་སྐྱོད་ཟིན་ཐོར་འགོད་དགོས་ལ། ཆུ་དང་མཚེའུ་སྦགས་བཙོག་བཟོས་ཡོད་མེད་ལ་ལྟ་ཞིབ་དང་། རྩྭ་ཐང་གི་གད་སྙིགས་གཙང་སེལ་སོགས་ཀྱི་བྱ་བ་སྒྲུབ་པ་ཡིན་ཞིང་། ཟླ་རེར་སྒོར་སྟོང་གཅིག་དང་བརྒྱད་བརྒྱ་ཡི་ཡོང་སྒོ་ཡོད”རྒྱ་མཚོས་གསར་འགོད་པར་དེ་ལྟར་བཤད། སྤྱི་ཕན་ལས་གནས་ཀྱིས་ཁོ་གཅིག་པུ་ལ་ལོ་གཅིག་ལ་སྒོར་ཁྲི་གཉིས་ཀྱི་ཡོང་སྒོ་ཡོད་པར་གྱུར་པ་དང་། སྔོན་ཆད་ཁོ་ཚང་གི་ལོ་གཅིག་གི་ཡོང་སྒོ་དང་ཧ་ལམ་གཅིག་མཚུངས་རེད།

འོད་ཧྥུ་ཐོན་ལས་ཕུད་པ་ལས་གཞན། རྨ་སྟོད་རྫོང་དུ་ད་དུང་རྩྭ་ས་འགན་གཙང་ལེན་གྱི་བདག་གཉེར་དབང་ཆར་འགྱུར་བ་མི་གཏོང་བའི་རྨང་གཞིའི་སྟེང་། “ཏང་ཀྲི་པུའུ་དང་མཉམ་ལས་ཁང་། འབྲོག་ཁྱིམ”བཅས་ཀྱི་སྐྱེ་ཁམས་ཕྱུགས་ལས་བྱེད་སྟངས་འཚོལ་ཞིབ་དང་འཕེལ་རྒྱས་བཏང་ནས། ཆེད་ལས་མཉམ་ལས་ཁང་ཉེར་གཉིས་བཙུགས་པ་དང་། རྩྭ་ས་འགན་གཙང་ལེན་གྱི་བདག་གཉེར་དེ་རིམ་བཞིན་ཆེད་འཐུས་བདག་གཉེར་དུ་བསྒྱུར་ཅིང་། འཁོར་རྒྱུག་རྩྭ་ས་སྤྱི་ཆིང་འབུམ་གཅིག་དང་ཁྲི་བདུན་སྟོང་གཅིག་ལྔ་བརྒྱ་ང་གསུམ་དང་། ནོར་ལུག་མ་རྐང་དུ་བཞག་ཚད་ཁྲི་གསུམ་དང་སྟོང་ལྔ། ཆ་སྙོམས་ཀྱིས་སྡེ་བ་རེར་ཡོང་སྒོ་སྒོར་འབུམ་གཅིག་དང་ཁྲི་གསུམ་སྟོང་བདུན་བསྐྲུན་པ་དང་། ཆེས་མཐོ་བའི་སྐབས་སུ་སྒོར་འབུམ་གསུམ་དང་ཁྲི་གཉིས་སྟོང་དགུ་ལ་སླེབས།

ཨོ་རྒྱན་ཚེ་འཕེལ་ཡང་སྐྱེ་ཁམས་ཕྱུགས་ལས་ཀྱི་ཁེ་བཟང་རེག་མཁན་གྲས་ཀྱི་གཅིག་ཡིན་ཞིང་། ཁོས་གསར་འགོད་པར་བཤད་རྒྱུར། 2019ལོ་ནི་ཁོ་ལ་འབྲོག་ལུག་གི་ཐོན་ལས་ཁེ་སྤོགས་བགོ་བའི་ཁྲོད་སྒོར་ཁྲི་གཅིག་ལྷག་གི་ཁེ་ཕན་ཐོབ།

རྨ་སྟོད་ཀྱི་འབྲོག་དམངས་ཀྱིས་དེང་སྐབས་སྤྱི་ཕན་རང་བཞིན་གྱི་ལས་གནས་དང་འོད་ཧྥུ་ཐོན་ལས། སྐྱེ་ཁམས་ཕྱུགས་ལས་བཅས་ཀྱི་ལྗང་མདོག་འཕེལ་རྒྱས་གཏོང་སྟངས་འོག འཕེལ་རྒྱས་དང་གཏོར་བརླག་བར་གྱི་འགལ་བ་ཡི་སེམས་ཁྲལ་ལས་ཐར་ཏེ། ཐོན་སྐྱེད་དང་འཚོ་བ། སྐྱེ་ཁམས་བཅས་མཉམ་འབྲེལ་མཉམ་འདྲེས་ཀྱི་འཕེལ་རྒྱས་ལམ་བུ་ཞིག་བཏོད།

“ད་ལྟ་སྐོར་སྲུང་ནི་རང་གིས་རླངས་འཁོར་བསྐོར་བའི་ལོངས་སྤྱོད་ཅིག་ཡིན།”ད་ལོ་ལོ་ཉེར་དགུ་ཡིན་པའི་བསོད་ནམས་རྒྱ་མཚོས་ཡུལ་གཞན་ལ་གནས་སྤོར་བྱས་རྗེས་མཚོ་སྐྱ་རེངས་ཡུལ་ཚོ་དང་ཁ་བྲལ་ཞིང་། མགོ་ལོག་ཁུལ་རྟ་བོ་གྲོང་རྡལ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་སོགས་སུ་སོང་ནས་ཞོར་ལས་བྱས་མྱོང་ཞིང་། བོད་ཀྱི་དངུལ་ཆས་དང་དབྱར་རྩྭ་བཙོངས་མྱོང་ལ། 2018ལོར་ཁོ་རང་ཕྱིར་ཕ་ཡུལ་དུ་ལོག་སྟེ་སྐྱེ་ཁམས་བདག་སྐྱོང་པ་ཞིག་བྱས།

ལོ་རབས་དགུ་བཅུ་རྗེས་ཀྱི་ན་གཞོན་ཞིག་ཡིན་པའི་ངོས་ནས། ཁོ་དང་ཁོའི་ན་ཟླ་ཚོ་དང་མི་འདྲ་ས་ཞིག་ཡོད་པ་ནི། བསོད་ནམས་རྒྱ་མཚོས་རང་སེམས་ལ་བདག་ཐུབ་ཅིང་། སྐོར་སྲུང་བྱ་བ་དེ་ལོངས་སྤྱོད་ཅིག་ཏུ་བསམས་ནས་བསྒྲུབས་དང་སྒྲུབ་བཞིན་ཡོད། “ཁྱོད་ཀྱིས་བསམ་བློ་ཞིག་ཐོངས་དང་། འཕྲུལ་རྟ་བཞོན་ནས་རྩྭ་ཐང་དུ་འཕུར་རྒྱུག་བྱས་ན། མཛེས་ལྗོངས་ལ་རོལ་མྱོང་བྱེད་ཐུབ་པར་མ་ཟད། ད་དུང་དུས་ངེས་མེད་དུ་རྐྱང་དང་ཝ་སོགས་སྲོག་ཆགས་མཐོང་ཐུབ། གད་སྙིགས་བཏུས་ནས་མཚོ་འགྲམ་ནས་ངལ་གསོ་བྱེད་སྐབས། མཚོ་ཁར་གཡེང་བའི་བྱ་གག་དང་ཁྲུང་ཁྲུང་སོགས་ལ་བལྟ་ཆོག འདི་ནི་གྲོང་ཁྱེར་ནང་གི་མི་རྣམས་ཀྱིས་རང་གིས་རླངས་འཁོར་བསྐོར་བའི་སྤྲོ་གསེང་གི་འཚོལ་སྙེག་མིན་ནམ”ཞེས་བསོད་ནམས་རྒྱ་མཚོས་གསར་འགོད་པར་དེ་ལྟར་བཤད་པ་དང་། ས་ཆ་གང་དུ་སོང་ཡང་རང་གི་ཕ་ཡུལ་ལས་སྐྱིད་པ་ཞིག་མི་འདུག་ལ། ཡུལ་ལྗོངས་སྔར་ལས་མཛེས་པར་གྱུར་པའི་ད་ལྟའི་རྨ་སྟོད་ནི་སྔར་ལས་སྐྱིད་པ་ཞིག་རེད།

ངོ་མ། ད་ལྟའི་རྨ་སྟོད་ཀྱིས་སྐྱེ་ཁམས་བདག་སྐྱོང་དམིགས་བསལ་གྱིས་སྔོན་ལ་འཇོག་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། བཟོ་འགོད་ཆེན་མོ་དང་ཉམས་གསོ་ཆེན་མོར་བརྟེན་ནས་སྲུང་སྐྱོབ་ཆེན་མོར་སྐུལ་འདེད་བཏང་ཞིང་། སྐྱེ་ཁམས་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་ཇེ་བཟང་ལ་འགྲོ་བཞིན་ཡོད་པས། རྨ་ཆུའི་མགོ་ཁུངས་ཀྱི་མཚོ་མོ་སྟོང་གི་མཛེས་སྡུག་ཡང་བསྐྱར་ཀུན་གྱི་མིག་ལམ་དུ་མངོན་ཐུབ་པ་བྱུང་།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།