འཚོ་བ་ནི་མིག་མདུན་གྱི་རྩྭ་ས་གཅིག་པུ་ག་ལ་ཡིན།
2021.01.18 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 36

—མགོ་ལོག་ཁུལ་གྱིས་ལྗང་མདོག་འཕེལ་རྒྱས་ཀྱི་ཕུགས་འདུན་བསྐྲུན་པ།

“མགོ་ནག་མིའི་རིགས་བརྟེན་ས་སྤུ་རིགས་དང་། དཀར་ནག་ཕྱུགས་རིགས་བརྟེན་ས་རྩྭ་རིགས་ཡིན།”འདི་ནི་མཐོ་སྒང་གི་འབྲོག་པས་སྲུང་བྱའི་རྩ་དོན་ཡིན།

ད་ལོ་ལོ་སོ་གསུམ་ལ་སོན་པའི་བསོད་བསོད་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གི་མཚོ་སྐྱ་རེངས་ཀྱི་འགྲམ་དུ་འཚར་ལོངས་བྱུང་ཞིང་། བསམ་ཤེས་པ་ནས་བཟུང་བསོད་བསོད་ཀྱི་འཚོ་བ་རྩྭ་ཐང་དང་ནོར་ལུག་ལ་ཁ་འབྲལ་མ་མྱོང་།

“ད་ལྟ་རྩྭ་སྐྱེས་ནས་ལུག་གི་རྐང་ལག་ལས་ཀྱང་རིང་པོ་འདུག་ལ། རྩྭ་ཐང་སྟེང་མེད་པར་འགྲོ་བཞིན་པའི་སྲོག་ཆགས་དག་ཕྱིར་སླེབས་བྱུང”ཞེས་བསོད་བསོད་ཀྱིས་དགའ་སྤྲོའི་ངང་གསར་འགོད་པར་བཤད།

བྱེ་འགྱུར་རྒྱ་ཁྱོན་ས་མུའུ་འབུམ་དགུ་དང་ཁྲི་ལྔ་སྟོང་བདུན་ལྷག་འགོག་བཅོས་བྱས་པ་དང་། ས་ནག་ཐང་མུའུ་ས་ཡ་གསུམ་དང་འབུམ་གཅིག་ཁྲི་ལྔ་ལྷག་བཅོས་སྐྱོང་བྱས། ཁོངས་གཏོགས་ཀྱི་རྨ་ཆུ་དང་འབྲི་ཆུའི་འབབ་ཡུལ་གྱི་ཆུ་སྤུས་རྒྱལ་ཁབ་ཀྱི་ཚད་གཞིར་སླེབས་ཡོད། འདི་ནི་མགོ་ལོག་གིས་སྐྱེ་ཁམས་དམིགས་བསལ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་དང་། སྔོ་ལྗང་རི་ཆུ་གསེར་རི་དངུལ་རིར་བསྒྱུར་པའི་སྐྱེ་ཁམས་ཀྱི་གྲུབ་འབྲས་རེའུ་མིག་རེད།

འཚོ་བ་ནི་མིག་མདུན་གྱི་རྩྭ་ས་གཅིག་པུ་ག་ལ་ཡིན་ཏེ། གྲུབ་འབྲས་རེའུ་མིག་གི་རྒྱབ་ལོགས་ནི་གངས་ལྗོངས་མགོ་ལོག་རྩྭ་ཐང་གི་འབྲོག་པ་མང་ཚོགས་དང་ལས་བྱེད་པའི་གདམ་ག་དང་བརྟན་སྲུང་ཡིན་ལ། དེ་ལས་ཀྱང་ལྗང་མདོག་གི་ཕུགས་བསམ་དེ་གཙང་པོའི་འབྱུང་ཁུངས་ཀྱི་ས་གཞི་ཆེན་པོའི་སྟེང་དུ་མངོན་འགྱུར་བྱེད་དགོས་པ་དེ་ཡིན།

གཙང་གསུམ་མགོ་ཁུངས་ཀྱི་དཀྱིལ་སྙིང་དུ་ཆགས་པ་དང་། ས་མགོའི་མཐོ་ཚད་ཆ་སྙོམས་མུས་བཞི་སྟོང་ཉིས་བརྒྱ་ཡན་ཆད་ཡིན་པ། གངས་རིར་རྔམས་བརྗིད་ལྡན་ཞིང་རྩྭ་ཐང་ལ་མུ་མཐའ་བྲལ་བ། གནམ་བཤིས་རྩུབ་ཅིང་གྲང་ངར་ཆེ་ལ་དབྱང་རླུང་དཀོན་པ་སོགས་ནི་མགོ་ལོག་ཁུལ་གྱི་རང་བྱུང་ཆ་རྐྱེན་ཡིན། མགོ་ལོག་ཁུལ་རྨ་སྟོད་རྫོང་ནི་རྨ་ཆུའི་མགོ་ཁུངས་སུ་ཡོད་ཅིང་། “མཚེའུ་སྟོང་གི་རྫོང”ཞེས་པའི་མཚན་སྙན་ཡོད་ལ། ཆ་སྙོམས་ས་མགོའི་མཐོ་ཚད་ལ་མུས་བཞི་སྟོང་ཉིས་བརྒྱ་ཡོད་པ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་མགོ་ཁུངས་ཀྱི་སྲུང་སྐྱོབ་དང་སླར་གསོའི་དཀྱིལ་སྙིང་ས་ཁུལ་གྱི་ནང་གསེས་རེད།

དུས་རབས20པའི་ལོ་རབས་བདུན་ཅུ་པ་དང་བརྒྱད་ཅུ་པའི་སྐབས་སུ་རྨ་སྟོད་རྫོང་དུ་ཕྱུགས་ཟོག་དུས་ཡུན་རིང་པོའི་ཚད་བརྒལ་འཚོ་སྐྱོང་གི་རྐྱེན་གྱིས་རྩྭ་ས་ཞན་འགྱུར་བྱུང་བ་དང་། གནམ་གཤིས་ཀྱང་ཇེ་སྡུག་ཏུ་གྱུར་ནས་ལོ་བསྟུད་མར་ཐན་སྐམ་དང་རླུང་འཚུབ་ཀྱི་གནོད་པ་འབྱུང་བཞིན་ཡོད། ས་གནས་འབྲོག་པ་མང་ཚོགས་ཀྱིས་ཚད་བརྒལ་འཚོ་སྐྱོང་གིས་བཟོས་པའི་སྐྱེ་ཁམས་ཉམས་ཞན་གྱི་རྣམ་པ་མི་འཁུར་ཐབས་མེད་བྱུང་ལ། བསོད་བསོད་ཚང་གི་ནོར་གྱི་གྲངས་ཀ་ཡང་ཕྱེད་ཀ་ཙམ་ཇེ་ཉུང་དུ་ཕྱིན་ཅིང་དཔལ་འབྱོར་ཡོང་སྒོ་མར་ཆག

2016ལོར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་གནས་མགོ་བཙུགས་རྗེས། སྲུང་སྐྱོབ་དང་སླར་གསོའི་དཀྱིལ་སྙིང་ས་ཁུལ་དུ་ཕྱུགས་འཚོ་བ་བཀག་སྡོམ་བྱས། བསོད་བསོད་ཀྱིས་འུར་ཆ་བསྐྱུར་ཏེ་སྐྱེ་ཁམས་བདག་སྐྱོང་པ་ཞིག་ཏུ་གྱུར་པ་དང་། གད་སྙིགས་འཐུ་བ་དང་རྩྭ་ས་སྲུང་སྐྱོབ་ཀྱི་འགན་ཁུར། མཚེར་འོད་མདོག་ཅན་གྱི་སྟོད་ཀོར་ཞིག་དང་དཔུང་རྟགས་དམར་པོ་ཞིག་གིས་བསོད་བསོད“རྩྭ་ཐང་གི་མི”ནས“རྒྱལ་ཁབ་ཀྱི་མི”རུ་གྱུར།

ཐོབ་ཐང་གསར་པ་དེ་ལ་བརྟེན་ནས་ཁོས་ཟླ་རེར་སྒོར་སྟོང་གཅིག་བརྒྱད་བརྒྱ་ཡི་ཟླ་ཕོགས་ལེན་ཐུབ་པར་མ་ཟད། ཟླ་རེར་མ་མཐར་ཉིན་ཉི་ཤུ་ཡི་རིང་སྐོར་སྲུང་བྱེད་དགོས།

རྩྭ་སའི་རྩྭ་སྐྱེ་ཚད་མཐོ་རུ་གྱུར། མེད་པར་གྱུར་པའི་སྲོག་ཆགས་དག་ཀྱང་ཕྱིར་སླེབས། བསོད་བསོད་ཀྱིས་བཤད་རྒྱུར། འབྲོག་པའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་མངོན་གསལ་གྱིས་ཇེ་དྲག་ཏུ་ཕྱིན་པ་དང་། རང་འགུལ་སྒོས་ཕྱུགས་ཟོག་གི་ཁ་གྲངས་ཇེ་ཉུང་དུ་བཏང་ཞིང་། རྩ་ར་བསྐོར་ནས་རྩྭ་ས་སླར་གསོ་བྱས་ལ། རི་བོ་སྔོ་ཞིང་ཆུ་བོ་དྭངས་པའི་ཆེད་དུ་ནུས་ཤུགས་འབུལ་མཁན་ཇེ་མང་ནས་ཇེ་མང་རེད།

བསོད་བསོད་དང་གདམ་ག་གཅིག་པའི་འབྲོག་པ་ཉུང་ཉུང་མ་ཡིན་ཏེ། རྨ་སྟོད་རྫོང་དུ། བསྡོམས་པས་སྐྱེ་ཁམས་བདག་སྐྱོང་པ་སུམ་སྟོང་ཞེ་གཉིས་ཡོད་ལ་ས་གནས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གཙོ་ཤུགས་སུ་གྱུར་ཡོད།

ད་ལྟ། རྨ་སྟོད་རྫོང་གི་རྩྭ་ས་ཞན་འགྱུར་ལ་ཚོད་འཛིན་ཐེབས་པ་དང་། ཞན་འགྱུར་རྩྭ་ས་སླར་གསོ་བྱུང་བའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་ལྔ་ལྷག་ལ་སླེབས་ཤིང་། རྨ་ཆུའི་མགོ་ཁུངས་སུ་ཡར་བསྐྱར“མཚེའུ་སྟོང་གི་མཛེས་ལྗོངས”མངོན།

ས་མགོའི་ཆ་སྙོམས་མཐོ་ཚད་མུས་བཞི་སྟོང་ཉིས་བརྒྱ་ཡོད་པའི་མགོ་ལོག་ཁུལ་དར་ལག་རྫོང་ནི་རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་དང“གཙང་གསུམ་འབྱུང་ཡུལ”རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ཁོངས་སུ་གཏོགས་ལ། ས་མུའུ་བྱེ་བ་གཉིས་དང་ས་ཡ་གཉིས་འབུམ་གཉིས་ཁྲི་བདུན་ཅན་གྱི་རྩྭ་སའི་རྒྱ་ཁྱོན་གྱིས་རྫོང་ཡོངས་ཀྱི་ས་ཆ་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་གོ་ལྔ་ཟིན་པ་དང་། རྩྭ་ཐང་ཆེན་པོ་དེ་ནི་རྨ་ཆུའི་མགོ་ཁུངས་ཀྱི་ཆུ་ཁུངས་གསོ་གསོག་གནས་གལ་ཆེན་ཞིག་རེད།

དར་ལག་རྫོང་ནི་མགོ་ལོག་ཁུལ་གྱི་ས་ནག་ཐང་གི་རྒྱ་ཁྱོན་ཟིན་ཚད་ཆེས་མཐོ་བའི་རྫོང་ཡིན་ལ། ས་ནག་ཐང་ལ“རྩྭ་ཐང་གི་སྐྲན་ནད”ཅེས་འབོད་ཅིང་། རྒྱུ་རྐྱེན་སྣ་མང་གི་ཐུན་མོང་བྱེད་ནུས་འོག་གྲུབ་པའི་རྩྭ་སའི་གནོད་པ་ཞིག་རེད།

རྩྭ་ཐང་ས་ཚིགས་ཀྱི་མགོ་བར་གྱུར་པ་ནས་བཟུང་། ཏང་ཡོན་རྒན་པ་བློ་དགེ་ཡིས“ཤ་ཟད་ནས་རུས་པར་ཐུག་དགོས་ཀྱང་ས་ནག་ཐང་དེ་སྔོ་ལྗང་རྩྭ་ཐང་དུ་བསྒྱུར་ཐབས་བྱེད་དགོས་པ”ཡི་སེམས་ཐག་བཅད།

ས་ནག་ཐང་ལྗང་བསྒྱུར་གྱི་འགག་རྩ་ནི་རྩྭ་འབྲུ་འདེམས་པ་དང་ལུགས་མཐུན་གསོ་སྐྱོང་བྱེད་པ་ཡིན་ཏེ། སྔོན་ཆད་བཏབ་པའི་རྩྭ་འབྲུ་ནི་བུལ་རྩྭ་ཡིན་ལ། བཏབ་ནས་ཟླ་བ་འགའ་འགོར་ཡང་སྐྱེ་རྒྱུ་མེད།“རྐང་པ་ཆད་དགོས་ཀྱང་རྩྭ་འབྲུ་ལེགས་པོ་ཞིག་རྙེད་དགོས” བློ་དགེ་ཡིས་རིགས་སྣ་རེ་རེ་དང་དུས་ཚིགས་རེ་རེ། ཐེངས་གྲངས་རེ་རེ་བཞིན་ཚོད་ལྟ་བྱས།

ལོ་ངོ་བཞི་བཅུ་ཡི་རིང་ལ། བློ་དགེ་དར་ལག་རྫོང་གི་ཞང་དགུ་དང་གྲོང་རྡལ་གཅིག་གི་སྲིད་འཛིན་སྡེ་བ་སོ་གསུམ་གྱི་ལ་ལུང་ཀུན་ཏུ་མ་སོང་ས་ཞིག་མེད་ལ། རི་བོ་གང་གི་སྟེང་དུ་ཁྱིམ་ཚང་ག་ཚོད་ཡོད་པ་དང་ལུང་པ་གང་གི་ནང་དུ་ས་ནག་ཐང་ག་ཚོད་ཡོད་པ། སུ་ཚང་གི་རྩྭ་སར་རྩྭ་འདེབས་དགོས་པ་སོགས་ཚང་མ་ཁོའི་སེམས་སུ་གསལ་པོ་ཡིན།

བསོད་ནམས་དབང་མོ་དང་བློ་དགེ་གཉིས་ཀྱིས་ལོ་ངོ་བདུན་ལ་བྱ་བ་མཉམ་ལས་བྱས་ལ། ཞིང་སྡེ་རུ་འགྲོ་དུས་ས་ཁྲ་འཁྱེར་མི་དགོས་ཤིང་ཕྱོགས་སྟོན་བཀོལ་མི་དགོས།“རྒྱུ་མཚན་ནི་ས་ཚིགས་ཀྱི་མགོ་བ་བློ་དགེ་ཡིས་འབྲོག་ཁྱིམ་སོ་སོ་ལུང་པ་གང་དུ་ཡོད་པ་ཡང་དག་པར་ཤེས་ལ། ཁོ་ནི་རྩྭ་ཐང་སྟེང་གི‘ས་ཁྲ་གསོན་པོ’ཞིག་ཡིན།”

ལོ་ངོ་བཞི་བཅུ་ཡི་རིང་ལ། བློ་དགེ་ཡིས་དར་ལག་རྫོང་གི་རྩྭ་ས་མུའུ་ས་ཡ་གཉིས་དང་འབུམ་ལྔ་ལྷག་ལ་མིས་བཟོས་རྩྭ་བཏབ་སྟེ། ས་ནག་ཐང་བཅོས་སྐྱོང་གི་རྩྭ་འདེབས་ཐབས་འཚོལ་རྙེད་བྱུང་། སྔོན་ཆད་ཕྱུགས་ཟོག་གི་རྗེས་ཤུལ་ཙམ་ཡང་མེད་པའི་ས་ནག་ཐང་གི་ས་མུའུ་ས་ཡ་གཅིག་དང་འབུམ་གཉིས་ཁྲི་དགུ་ལྷག་ད་ལྟ་ནོར་ལུག་གང་སར་ཁྱབ་པའི་སྔོ་ལྗང་རྩྭ་ཐང་དུ་གྱུར་ཡོད།

ཁྱིམ་གྱི་སྒོ་འགྲམ་དུ་སྐྱེས་ཡོད་པའི་བརྟན་ཚུགས་ལྡན་པའི་རྩྭའི་ཉག་མ་རེ་རེ་མཐོང་དུས། ལོ་ཞེ་བཞི་ཡིན་པའི་རྩྭ་ཐང་བདག་སྐྱོང་པ་རྡོ་གྲགས་ཀྱི་སེམས་པ་བདེ་ལ་བབས་ཤིང་ཡིད་ཚིམ་པར་གྱུར་ཡོད།

“རྩྭ་ས་ནམ་ཡིན་ཡང་འདི་འདྲའི་མཛེས་སྡུག་ལྡན་པ་ཞིག་མ་རེད། ལོ་ངོ་བཅུ་ལྷག་གི་སྔོན་དུ། ངེད་ཚང་གི་རྩྭ་ས་གློ་བུར་དུ‘ནད’ཀྱིས་མནར་བ་དང་། སྐྱ་ཐེར་ཐེར་དུ་གྱུར་ཅིང་རྩྭ་ཁམ་གང་ཡང་སྐྱེ་མ་ཐུབ་ལ། ནོར་ལུག་ལ་ཟ་རྒྱུ་མེད་པར་གྱུར”ཅེས་རྡོ་གྲགས་ཀྱིས་ཕྱིར་དྲན་བྱས་བྱུང་།

རྡོ་གྲགས་ནི་དར་ལག་རྫོང་འོད་ཟེར་ཞང་བྲག་མཆོག་སྡེ་བའི་འབྲོག་པ་ཡིན་ལ། ས་ནག་ཐང་རྒྱ་བསྐྱེད་ནས་རྩྭ་ས་ཞན་འགྱུར་བྱུང་བའི་རྐྱེན་གྱིས། ཁོས་ཁྱིམ་གྱི་ནོར་ལུག་བཙོང་བ་དང་ཡུལ་གཞན་དུ་སོང་སྟེ་ཞོར་ལས་ལ་བརྟེན་ནས་འཚོ་བ་མི་རོལ་ཐབས་མེད་བྱུང་།“མི་རབས་ནས་མི་རབས་ལ་འཚོ་བ་རོལ་སའི་རྩྭ་ས་དང་ཁ་འབྲལ་འདོད་མཁན་སུ་ཞིག་ཡོད་དམ། དེ་ནི་ཐབས་རྡུགས་སོང་བ་རེད།”

རྩྭ་ས་སླར་གསོ་བྱེད་པའི་ཆེད་དུ། 2019ལོ་ནས་བཟུང་། མགོ་ལོག་ཁུལ་གྱིས་མཚོ་སྔོན་དུ་སྔོན་ལ“རྩྭ་དཔོན་ལམ་ལུགས”ལག་བསྟར་བྱས་པ་དང་། རྩྭ་ས་བདག་སྐྱོང་དྲ་བ་ཅན་དང་བདག་སྐྱོང་རུ་ཁག་རྩ་འཛུགས་ཅན་གྱི་ལམ་ལུགས་བཙུགས་ནས། རྩྭ་ས་འགན་གཙང་ལེན་དང་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བདག་སྐྱོང་ལམ་ལུགས་ནང་བཅུག་ལ། རྩྭ་སའི་སྐྱེ་ཁམས་མ་ལག་གི་ཆ་ཚང་རང་བཞིན་དང་བྱེད་ནུས་རང་བཞིན་ལ་སྲུང་སྐྱོང་དང་སྐུལ་འདེད་བཏང་བར་མ་ཟད། ནུས་ཤུགས་ཆེན་པོ་བཏོན་ནས་ས་ནག་ཐང་བཅོས་སྐྱོང་བྱས།

རྡོ་གྲགས་སླར་ཡང་བཅོས་སྐྱོང་སླར་གསོ་བྱས་རྗེས་ཀྱི་རྩྭ་ཆུ་འཛོམས་པའི་ཕ་ཡུལ་ལ་སླེབས་པ་དང་།“རྩྭ་དཔོན་ལམ་ལུགས”ཀྱིས་ཁོ་ལ་ཐོབ་ཐང་གཞན་ཞིག་སྟེ་རྩྭ་ཐང་བདག་སྐྱོང་པའི་ཐོབ་ཐང་སྤྲད། འདི་ལས་རྡོ་གྲགས་ལ་ཡོང་སྒོ་བརྟན་འཇགས་ཤིག་ཐོབ་པར་མ་ཟད། ད་དུང་ཁོ་ལ་འཚོ་གནས་བྱེད་སའི་ཁྱིམ་གཞིས་འདིར་སྲུང་སྐྱོབ་བྱེད་པའི་སྟོབས་ཤུགས་བསྩལ།

“སྔོན་ཆད་ཚང་མས་ནོར་ལུག་ཇེ་མང་དུ་གཏོང་རྒྱུ་གཅིག་པུ་བསམ་བཞིན་ཡོད། ད་ལྟ་ཚང་མས་བསམ་བཞིན་པ་ནི་ཕ་ཡུལ་གྱི་རྩྭ་སར་སྲུང་སྐྱོབ་བྱས་ཏེ་སང་ཉིན་གྱི་ཆེད་དུ་རེ་བ་འཇོག་པ་དེ་རེད”ཅེས་རྡོ་གྲགས་ཀྱིས་བཤད་བྱུང་ལ། རྩྭ་སའི“ནད”དྲག་སྐྱེད་བྱུང་རྗེས། ཁོས་འོས་འཚམ་གྱིས་ནོར་ནག་ཇེ་མང་དུ་བཏང་སྟེ་ཕྱུགས་འཚོ་ཞོར་ཁྱིམ་གཞིས་སྲུང་སྐྱོབ་བྱེད་འཆར་འདུག

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།