སྡེ་བའི་གཅིག་བསྡུས་དཔལ་འབྱོར་སྟོབས་ཆེར་བཏང་ནས་དབུལ་ཐར་གྱི་ལམ་བུ་གསར་པའི་སྟེང་བསྐྱོད་པ།
2021.01.20 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 15

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་རྫ་སྟོད་གྲོང་རྡལ་གྱི་གེ་ཆེན་སྡེ་བ་ནི་དཔེ་མཚོན་གྱི་ཕྱུགས་ལས་རྐྱང་བ་གཉེར་བའི་སྡེ་བ་ཞིག་རེད། སྡེ་བ་ཡོངས་སུ་བསྡོམས་པས་མཉམ་ལས་ཁང་དགུ་ཡོད་པ་དང་། ཁྱིམ་ཚང་དྲུག་བརྒྱ་བརྒྱད་ཅུ་དང་མི་གྲངས་སྟོང་གཉིས་དང་བཞི་བརྒྱ་རེ་ལྔ་ཡོད་པ་དེས་གྲོང་རྡལ་ཡོངས་ཀྱི་མི་གྲངས་ཀྱི་བརྒྱ་ཆའི་ཉེར་དྲུག་ཟིན་ཡོད། འོན་ཀྱང་། སྡེ་བ་ཡོངས་སུ་རིག་གནས་ཆུ་ཚད་དམའ་འབྲིང་དང་དེ་མན་དུ་གནས་པའི་མི་སྟོང་གཅིག་དགུ་བརྒྱ་ང་གཉིས་ཡོད་པ་དང་། དེ་མིན་དམིགས་བསལ་གྱི་གནམ་གཤིས་ཁོར་ཡུག་དང་ཡོང་འབབ་སྣ་གཅིག་ཡིན་པས། གེ་ཆེན་སྡེ་བས་དུས་ཡུན་རིང་པོར་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་མ་ཐུབ་ལ། རྫོང་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་ཆེས་མང་པོའི་སྡེ་བ་ཞིག་ཏུ་གྱུར།

2015ལོའི་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་སྤེལ་མགོ་ཚུགས་པ་དང་བསྟུན་ནས། གེ་ཆེན་སྡེ་བ་ཡང་ཐོབ་དཀའ་བའི་འཕེལ་རྒྱས་ཀྱི་གོ་སྐབས་དང་འཕྲད།

གེ་ཆེན་སྡེ་བའི་ཧྲུའུ་ཅི་དང་པོ་འཇམས་དབྱངས་སྤེན་པས་བཤད་རྒྱུར། འབྲོག་པའི་ངོས་ནས་བརྗོད་ན་ནོར་ལུག་ནི་ཕྱུག་འགྱུར་གྱི་མཆོག་ནོར་ཡག་ཤོས་དེ་ཡིན་པ་དང་། དེ་སྔོན་རང་སྒེར་ཁོ་ན་ལ་བརྟེན་དགོས་པས། གནོད་འཚེ་ལ་ཁ་གཏད་གཅོག་པའི་ནུས་པ་ཆུང་བ་དང་ཐོན་ཁུངས་དཀོན། ད་ལྟ་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོར་བརྟེན་ནས་ཚང་མ་མཐུན་སྒྲིལ་བྱས་ཏེ་གསོ་སྤེལ་ལས་རིགས་འཕེལ་རྒྱས་གཏོང་འདོད་ཡོད།

མཉམ་ལས་ཁང་འཛུགས་པ་ནི་སྟབས་བདེའི་བྱ་བ་ཞིག་མ་ཡིན་པར། རྩ་བའི་ཐོག་ནས་གནད་དོན་ཐག་གཅོད་བྱེད་དགོས་པ་དང་། མཉམ་ལས་ཁང་གིས་ཚན་རིག་དང་མཐུན་པའི་དོ་དམ་བྱེད་ཐབས་ལ་བརྟེན་ནས། ཕྱུགས་འཚོ་བའི་ལས་ཀ་དེ་སྔོན་གྱི་ཕྱུགས་ལ་མཐོང་ཆེན་དང་རྩྭ་ཐང་ལ་མཐོང་ཆུང་བྱེད་པ་ནས་ཕྱུགས་དང་རྩྭ་ཐང་གཉིས་ལ་མཐོང་ཆེན་བྱེད་པར་སྒྱུར་དགོས།  རྩྭ་ས་བེད་སྤྱོད་བྱེད་སྟངས་ཐད་ཕྱུགས་ཟོག་ཚད་བརྒལ་གྱིས་འཚོ་བ་ནས་དུས་ཚིགས་བཞི་ལ་རེས་སྐོར་བྱས་ཏེ་འཚོ་བར་བསྒྱུར་ནས། དེ་སྔོན་གྱི་སྒྱིད་ལུག་གི་རྣམ་པ་སོགས་མི་ལེགས་པའི་གོམས་གཤིས་ལེགས་པོའི་ཕྱོགས་སུ་བསྒྱུར་དགོས།

སྡེ་བའི་ནང་མཉམ་ལས་ཁང་འཛུགས་པའི་གནས་ཚུལ་སྡེ་མིའི་དབར་མགྱོགས་མྱུར་ངང་ཁྱབ།

མཉམ་ལས་ཁང་གཏན་འཇགས་ཡིན་ནམ།

ནོར་ལུག་མཉམ་ལས་ཁང་དུ་བཞག་ན་ཡོང་འབབ་ལེན་ཐུབ་བམ།

དོགས་འདྲི་སྐོར་ཞིག་གི་ཁྲོད། 2015ལོར་གེ་ཆེན་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དངོས་སུ་བཙུགས་པ་དང་། ཡུས་ཧྲུའུ་ཁུལ་རྒྱ་གྲམ་དམར་པོ་ཚོགས་པའི་རོགས་རམ་འོག མ་དངུལ་སྒོར་འབུམ་བཞི་དང་ཁྲི་ལྔ་བཏང་ནས་མཐོ་སྒང་གི་འབྲོག་ལུག་བརྒྱ་དང་བཅོ་ལྔ་ཉོས་པ་རེད།

གེ་ཆེན་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བསོད་ཐར་གྱིས་བཤད་རྒྱུར། མ་དངུལ་གཏོང་སྤྲོད་ཀྱི་གནད་དོན་གྱིས་མཉམ་ལས་ཁང་གིས་སྐོར་གསུམ་བྱས་ཏེ་ནོར་ལུག་ཉོས་པ་དང་། 2015ལོའི་ལོ་མཇུག་ཏུ་སླེབས་སྐབས། མཉམ་ལས་ཁང་གིས་ལུ་གུ་བདུན་ཅུ་ཇེ་མང་དུ་བཏང་བ་དང་གསོ་ཁ་ཡོད་པའི་ལུག་བརྒྱ་དང་རེ་གཉིས་ཟིན་ཡོད”ཟེར།

སྐབས་དེར་སྡེ་བའི་ནང་ད་དུང་མ་རྐང་འཇོག་མཁན་མེད་ལ། ཁྱིམ་ཚང་བཅུ་ཡིས་དོ་དམ་རོགས་རམ་བྱེད་ཀྱིན་ཡོད་མོད། འོན་ཀྱང་མི་མང་པོ་ཞིག་ད་དུང་སོམ་ཉིའི་གནས་སུ་ཚུད་ཡོད།

སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་གནས་ཚུལ་དེ་མཐོང་བས་བྲེལ་བ་ཆེན་པོ་ལངས། 2015ལོར། སྡེ་བ་ཡོངས་སུ་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་ཉིས་བརྒྱ་སུམ་ཅུ་དང་མི་གྲངས་བདུན་བརྒྱ་གྱ་བདུན་ཡོད། དེའི་ཁྲོད་སྤྱིར་བཏང་གི་དབུལ་ཕོངས་ཁྱིམ་ཚང་བརྒྱ་དང་ཞེ་ལྔ་ཡི་མི་གྲངས་ལྔ་བརྒྱ་ཉེར་བཞི་དང་། མ་མཐའི་འཚོ་བའི་འགན་སྲུང་དབུལ་ནག་ཁྱིམ་ཚང་རེ་གསུམ་གྱི་མི་གྲངས་ཉིས་བརྒྱ་དྲུག མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་དཀའ་ཁག་ཡོད་པོའི་དབུལ་ཁྱིམ་ཉེར་གཉིས་ཀྱི་མི་གྲངས་ང་བདུན་བཅས་ཡོད་པ་རེད།  གྲངས་ཀ་དེ་དག་རི་བོ་ཆེན་པོ་ཞིག་དང་འདྲ་བར་འཇམ་དབྱངས་སྤེན་པའི་སེམས་སུ་གནོན་ཤུགས་ཆེན་ཐེབས་བཞིན་ཡོད།

ཁྱིམ་ཚང་དབུལ་པོ་སྔར་ལས་མང་པོ་མཉམ་ལས་ཁང་ལ་ཞུགས་སུ་འཇུག་ཆེད།  འཇམ་དབྱངས་སྤེན་པ་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཁག་གི་ཁོངས་མིས་བྱ་ཐབས་གསར་པ་འཐེན་པ་དང་། དབུལ་ཕོངས་ཁྱིམ་ཚང་གཅིག་ལ་ཁྱིམ་ཚང་གསུམ་གྱིས་འགན་ལེན་བྱེད་པ་དང་། དབུལ་ཐར་ཁྱིམ་ཚང་གིས་ལོ་ལྔ་ཡི་ནང་གང་འདོད་ལྟར་འཚོང་སྒྱུར་དང་ནང་བཤུག གཏའ་འཇོག བཤས་གཏོང་བཅས་མི་བྱེད་པ་ཁག་ཐེག་བྱེད་དགོས་ལ། དབུལ་ཕོངས་ཁྱིམ་ཚང་གིས་ལོ་ལྔ་ཡི་ནང་རང་ཉིད་ཀྱི་ཕྱུགས་ལས་ཐོན་སྐྱེད་དང་གཞི་ཁྱོན་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དང་། ཕྱུགས་རིགས་སྐྱེ་འཕེལ་གྱི་དུས་འཁོར་གཅིག་(ལོ་ལྔ)སོང་རྗེས། ཕྱུགས་རིགས་ཀྱི་གྲངས་ཀ་ཇེ་མང་དུ་ཕྱིན་ནས་ཐོན་སྐྱེད་ནུས་པ་ངེས་ཅན་ལྡན་ཚེ། མཉམ་ལས་ཁང་གིས་ཁས་ལེན་བྱས་རྗེས། འགན་ལེན་གྲོས་མཐུན་མེད་པར་བཟོས་ཏེ་ཕྱུགས་ཟོག་རང་མོས་ངང་བཀོད་སྒྲིག་བྱེད་ཆོག་པ་རེད།

2016ལོར། མཉམ་ལས་ཁང་རྒྱུན་ལྡན་གྱི་བགྲོད་ལམ་ཐོག་བསྐྱོད་མགོ་ཚུགས་ནས་རིམ་བཞིན་སྟོབས་ཆེར་ཕྱིན་ཡོད། སྡེ་བའི་ནང་གི་མི་རྣམས་ཀྱིས་ཀྱང་ཁས་ལེན་བྱེད་བཞིན་ཡོད་ལ། མཉམ་ལས་ཁང་ནང་གསར་དུ་ཞུགས་པའི་དབུལ་ཕོངས་ཁྱིམ་ཚང་བཅུ་ཡོད་པ་དང་བེའུ་བརྒྱ་དང་རེ་གསུམ་ཇེ་མང་དུ་བཏང་། དེ་དང་ཆབས་ཅིག རྫོང་ཞིང་ཕྱུགས་ཚན་རྩལ་ཅུའུ་ཡི་རོགས་རམ་ཆེན་པོའི་འོག མོ་ཕྱུགས་བརྒྱ་དང་ཞེ་གཉིས་ཉོས་པ་དང་རྒྱ་གྲམ་དམར་པོ་ཚོགས་པའི་མ་དངུལ་སྤྱད་དེ་མཐོ་སྒང་གི་འབྲོག་ལུག་ཉིས་བརྒྱ་ཉོས་པ་རེད།

ཚེ་རིང་ནི་དེའི་ནང་གི་ཁྱིམ་ཚང་གཅིག་རེད།  ཚེ་རིང་གི་ཁྱིམ་དུ་བཟའ་མི་བཞི་ཡོད་པ་དང་ཕྱུགས་རིགས་མེད་པའི་རྐྱེན་གྱིས་བཟའ་མི་ཚང་མ་ཕྱི་རུ་ཞོར་ལས་སུ་སོང་ནས་འཚོ་བ་རོལ་དགོས། 2016ལོར་མཉམ་ལས་ཁང་དུ་ཞུགས་རྗེས། ཚེ་རིང་གིས་འུར་ཆ་འཁྱེར་ནས་རང་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཀ་གཉེར་བ་དང། ཟླ་རེར་སྒོར་སྟོང་གཉིས་ལྔ་བརྒྱ་ཡི་གླ་ཕོགས་ཡོད་པས་ཚེ་རིང་གིས་འཚོ་བར་སྔར་ལས་རེ་སྒུག་ཆེན་པོ་བྱེད་བཞིན་མཆིས།  དེར་མ་ཟད2018ལོར་ཚེ་རིང་གི་ཁྱིམ་ལ་ནོར་ཉི་ཤུ་དང་ལུག་སུམ་ཅུ་བགོས་པ་དང་།  དེ་ནས་བཟུང་ཚེ་རིང་བཟའ་མི་གང་བོ་དབུལ་ཕོངས་ལས་ཐར་བ་རེད།

མཉམ་ལས་ཁང་གི་དཔལ་འབྱོར་ཕན་འབྲས་ཆེ་རུ་གཏོང་ཆེད། 2018ལོའི་ལོ་འགོར། འཇམ་དབྱངས་སྤེན་པས་ཕྱོགས་མང་པོར་འབྲེལ་གཏུག་མཐུན་སྦྱོར་བྱས་པ་བརྒྱུད། གེ་ཆེན་སྡེ་བར་གཟན་རྩྭ་དང་གཟན་ཆས་འདྲེན་གཏོང་གི་རྣམ་གྲངས་བརྩོན་ལེན་བྱས།  གེ་ཆེན་སྡེ་བའི་ས་བབ་མཐོ་བ་དང་། ཆུ་དཀོན་ལ་ས་ཞིང་ཞན་པས་རྩྭ་འདེབས་རྒྱུར་མི་འཚམ་པའི་དཀའ་གནད་དེ་ཐག་གཅོད་བྱས།

ད་ལྟ། མཉམ་ལས་ཁང་ཉིན་རེ་ལས་ཉིན་རེ་ཇེ་བཟང་དུ་འགྲོ་བཞིན་ཡོད། བསོད་ཐར་གྱིས་ང་ཚོར“2016ལོ་དང2017ལོར་མཉམ་ལས་ཁང་ལ་ཁེ་སྤོགས་སྒོར་ས་ཡ་གཉིས་དང་འབུམ་དྲུག་ཁྲི་བཞི་ལྷག་བགོས་པ་དང་། 2018ལོར་ཁེ་སྤོགས་སྒོར་ས་ཡ་གསུམ་དང་འབུམ་དྲུག་ཁྲི་བརྒྱད་སྟོང་གཉིས་བགོས། 2019ལོར་ཁེ་སྤོགས་སྒོར་འབུམ་དགུ་དང་ཁྲི་ལྔ་སྟོང་གསུམ་བགོས་པ་དང་མིག་སྔའི་བར་ཁེ་སྤོགས་བསྡོམས་འབོར་སྒོར་ས་ཡ་བདུན་དང་འབུམ་གཉིས་ཁྲི་བདུན་སྟོང་ལྔ་ལྷག་ཟིན་ཡོད”ཅེས་བཤད།

གཞན་ཡང་། མཉམ་ལས་ཁང་གིས་མ་མཐའི་འཚོ་བ་འགན་ལེན་གྱི་སྐར་གྲངས་ཐོག་ནས་འཕེལ་རྒྱས་གཏོང་སྟངས་བརྒྱུད་དེ།  མཉམ་ལས་ཁང་གི་སྤྱིའི་ཕན་འབྲས་ལ་ཁག་ཐེག་བྱས་པ་དང་།  མཉམ་ལས་ཁང་དུ་ཞུགས་ནས་དབུལ་ཕོངས་མང་ཚོགས་ཀྱི་ངལ་རྩོལ་བརྩོན་སེམས་ལ་སྐུལ་འདེད་བྱས་པས།  ལོ་ལྔའི་ནང་སྔོན་དཔག་གི་འཕེལ་རྒྱས་དམིགས་ཚད་ལ་སླེབས་པ་དང་། རང་བརྟེན་དབུལ་ཐར་དང་ལས་ཞུགས་དབུལ་ཐར་མངོན་འགྱུར་བྱུང་ལ། མང་ཚོགས་རང་ཉིད་ཀྱི་ངལ་རྩོལ་ལ་བརྟེན་ནས་རང་ཉིད་ཀྱི་ལས་དབང་ལ་འགྱུར་ལྡོག་བཏང་སྟེ། ངལ་རྩོལ་རྩལ་ནུས་ལ་བརྟེན་ནས་ཁྱིམ་ཚང་དབུལ་ཐར་བྱས་རྗེས་བསྐྱར་དུ་དབུལ་པོར་འགྱུར་ཚད་ཇེ་དམའ་རུ་བཏང་བས། རྩ་བ་ནས་དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་བྱས།  2018ལོའི་བར། མཉམ་ལས་ཁང་གིས་དབུལ་ཕོངས་མང་ཚོགས་ལ་འབྲི་གཡག་ལྔ་བརྒྱ་བརྒྱད་ཅུ་དང་ལུག་བཞི་བརྒྱ་དོན་གཉིས་བྱིན་པ་དང་། ཁྱིམ་ཚང་ཉེར་དགུ་ཡི་མི་བརྒྱ་དང་སོ་དགུ་བརྟན་འཇགས་ངང་དབུལ་ཐར་བྱེད་པར་རོགས་རམ་བྱས།

མཉམ་ལས་ཁང་གི་ཕན་ཁེ་ཐོབ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། མིག་སྔའི་བར་དུ། སྡེ་བ་ཡོངས་ཀྱི་འབྲོག་པ་ཁྱིམ་ཚང་དྲུག་བརྒྱ་ལྔ་ཡིས་མ་དངུལ་དང་ཕྱུགས་རིགས་སོགས་ཀྱི་བྱེད་ཐབས་སྤྱད་ནས་མཉམ་ལས་ཁང་ལ་ཞུགས་ཏེ། གཅིག་བསྡུས་དཔལ་འབྱོར་གྱི་ཁེ་སྤོགས་མཉམ་སྤྱོད་བྱེད་ཀྱིན་ཡོད་པ་རེད།

རྗེས་ཕྱོགས་ཀྱི་འཆར་གཞིའི་སྐོར་གླེང་སྐབས། འཇམ་དབྱངས་སྤེན་པས“ང་ཚོས་རོགས་སྐྱོར་མ་དངུལ་སྒོར་ས་ཡ་གཅིག་བཏང་ནས་གེ་ཆེན་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དུ་འཚེམ་བཟོའི་བཟོ་གྲྭ་འཛུགས་རྒྱུ་ཡིན་ལ། ད་ལྟ་བཟོ་ཁང་དང་སྒྲིག་ཆས་ཆ་ཚང་དོན་འཁྱོལ་བྱས་ཡོད་པ་དང་། 2021ལོའི་དཔྱིད་ཀར་ས་ཆ་གཞན་གྱི་དགེ་རྒན་བཟོ་གྲྭ་རུ་གདན་འདྲེན་བྱས་ཏེ་ང་ཚོར་མཛུབ་ཁྲིད་བྱེད་དུ་འཇུག་རྒྱུའི་འཆར་གཞི་ཡོད”ཅེས་བཤད།

ལོ་ཙཱ་བ། ཤ་བོ་རིན་མཚོ།