སུ་རིག་སྡེ་བའི་དམངས་སེམས་བདེ་སྐྱིད་འཚོ་བའི་དྲོད་ཀྱིས་ཁེངས།
2021.01.20 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 47

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་སུམ་མདོ་གྲོང་རྡལ་སུ་རིག་སྡེ་བ་ནི་རྫོང་མཁར་དང་བར་ཐག་སྤྱི་ལེ་སོ་གཉིས་ཙམ་ཡོད་ལ་ཆ་སྙོམས་ཀྱི་ས་བབ་མཐོ་ཚད་རྨིད་སུམ་སྟོང་བཞི་བརྒྱ་ལྷག་ཙམ་རེད།  ས་གནས་དེའི་ཁྱིམ་ཚང་རྣམས་ཅུང་ཁ་ཐོར་དུ་ཆགས་ཡོད་པ་དང་གྲང་ངར་ཆེ་བའི་དགུན་དུས་སུ་ས་དེའི་ཆ་སྙོམས་ཀྱི་དྲོད་ཚད་གོར་ཐིག་མན་གྱི་ཏུའུ་ཉི་ཤུ་ཙམ་དུ་མར་ཆག་ཡོད།

གསར་འགོད་པ་སྡེ་བ་དེའི་སྡེ་མི་སྐར་མ་ཚང་ལ་ཐོན་པ་ན་ཡངས་ཤིང་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཁང་པའི་ནང་ཆུ་དང་གློག་གི་སྒྲིག་ཆས་ཆ་ཚང་བཀོད་སྒྲིག་བྱས་འདུག འདི་ནི་སྲིད་གཞུང་གིས་ཁང་རྙིང་སྒྱུར་བཀོད་ལས་གཞི་ལ་བརྟེན་ནས་ང་ཚོར་བསྐྲུན་པའི་སྡོད་ཁང་ཡིན། ད་ལྟ་སྡེ་བ་ཡོངས་ཀྱི་ཁྱིམ་ཚང་བརྒྱ་དང་ཞེ་བདུན་ལ་གཏན་འཇགས་སྡོད་ཁང་ཡོད་ལ་ཁང་པ་འདི་དག་ཧ་ཅང་དྲོན་པོ་རེད།   ཁང་པ་འདི་འདྲར་འདུག་ཐུབ་རྒྱུ་དེ་ཏང་དང་སྲིད་གཞུང་གི་བཀའ་དྲིན་ཡིན་པས་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་དང་མཉམ་དུ་ཧྲུའུ་ཅི་དབང་གྲགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།  ང་ཚོས་ཀྱང་ཤེས་བྱ་དང་ལག་རྩལ་སྣ་ཚོགས་སྦྱང་ནས་སྒོར་མོ་མང་ཙང་བཙལ་བར་འབད་བརྩོན་བྱེད་རྒྱུ་ཡིན། ད་ལོ་ངས་ད་དུང་སྒོར་མོ་ཅུང་ཙམ་བསོག་ནས་སྐམས་ལུག་གི་ཤ་བཙོང་སའི་ཚོང་ཁང་ཞིག་ཀྱང་འབྱེད་རྩིས་ཡོད་ཅེས་སྐར་མ་དགོད་བཞིན་དུ་གསར་འགོད་པར་དེ་ལྟར་བཤད།

གོང་དུ་སྐར་མས་གླེང་བའི་ཧྲུའུ་ཅི་དབང་གྲགས་ནི་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་ཀོས་ནན་རྫོང་ཁྲལ་དོན་ཅུའུ་ཡིས་ཉིས་སྟོང་བཅུ་དྲུག་ལོར་སུ་རིག་སྡེ་བར་མངགས་པའི་ཧྲུའུ་ཅི་དང་པོ་དབང་གྲགས་ཚེ་རིང་རེད། དབང་གྲགས་ཚེ་རིང་ཐོག་དང་པོར་སུ་རིག་སྡེ་བར་ཐོན་དུས། སྡེ་མི་རྣམས་ཀྱིས་ཨོང་བ་དང་རིལ་མ་བུས་ནས་དགུན་སྐྱེལ་བཞིན་ཡོད་པས་དགུན་དུས་སུ་ཁང་པའི་ནང་ཅུང་ཙམ་འཁྱགས།  གནས་དེའི་བྱིས་པ་རྣམས་ནི་ནོར་ལུག་འཚོ་བའི་ལས་ལ་བྱང་ཆ་ཤིན་ཏུ་ལྡན། སྤྱིར་ཡིན་ན་ལོ་ན་འདི་ལྟ་བུའི་སྐབས་སུ་ཁོ་ཚོ་ཡང་སློབ་ཁང་དུ་བསྡད་ནས་ཤེས་བྱར་སྦྱང་བཞིན་ཡོད་ན་འགྲིག་པ་རེད། དབང་གྲགས་ཚེ་རིང་གིས་བལྟས་ན། ཆེས་དཀའ་ཁག་ཆེ་བ་ཞིག་ནི་འབྲོག་པ་རྣམས་ཀྱི་བསམ་བློའི་འདུ་ཤེས་བསྒྱུར་རྒྱུ་དེ་རེད། ཡིན་ཡང་ད་ལྟ་མྱུར་དུ་བཅོས་བསྒྱུར་བྱེད་དགོས་པ་ཞིག་ནི་འབྲོག་པ་རྣམས་ཀྱི་སྒུག་བརྟེན་སློང་གསུམ་གྱི་བསམ་བློ་དེ་ཡིན་ཞིང་། དེ་ནི་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་གོམ་པ་དང་པོ་ཡིན་པ་ཤེས།

རོགས་སྐྱོར་བྱེད་པར་འབྲོག་པ་མང་ཚོགས་ལ་དོན་དངོས་ཀྱི་ཐོབ་ཚོར་དེ་ཤེས་པར་བྱེད་དགོས། དེ་བས་ཁྲལ་དོན་སྡེ་ཁག་དང་སྡེ་སྡོད་ལས་བྱེད་པ། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཐུན་མོང་གི་འབད་བརྩོན་འོག སུ་རིག་སྡེ་བར་ཕྱུགས་ཟོག་གསོ་སྤེལ་དབུལ་སྐྱོར་གྱི་ལས་གཞི་ཧུར་བརྩོན་གྱིས་དངོས་འབེབས་བྱས་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱ་བསྐྱེད་པའི་ལས་གཞི་ལག་བསྟར་བྱས་པ། འཐུང་ཆུ་དང་ཁང་རྙིང་བསྒྱུར་བཀོད་བྱེད་པའི་དབུལ་སྐྱོར་ཐོན་ལས་ལས་གཞི་ཧུར་བརྩོན་ཆེན་པོས་མཐུན་སྦྱོར་བཅས་བྱས། དེ་དང་མཉམ་དུ་ངལ་རྩོལ་པ་ལྷག་མར་རོགས་སྐྱོར་བྱེད་པའི་ཤུགས་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། ཕྱུགས་སྨན་དང་གཡོས་སྦྱོར།  གཙག་དྲུབ་སོགས་ཆེད་ལས་ལག་རྩལ་སྐོར་གྱི་གསོ་སྦྱོང་བྱས།

ལོ་ངོ་འགའ་ལ་འབད་བརྩོན་བྱས་པ་བརྒྱུད། ཉིས་སྟོང་བཅོ་བརྒྱད་ལོར་སུ་རིག་སྡེ་བའི་ཡིག་ཚགས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་སྒོ་དེ་སྒོར་མོ་བདུན་སྟོང་ལྔ་བརྒྱ་དོན་དགུར་སླེབས་པ་དང་།  སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་བརྒྱ་ཆའི་བརྒྱ་ལ་སླེབས། ཉིས་སྟོང་བཅུ་དགུ་ལོར་སུ་རིག་སྡེ་བའི་ཐུན་མོང་དཔལ་འབྱོར་དེ་འདྲ་མི་ལེགས་པར་གཞིགས་ནས།  སྲིད་གཞུང་གིས་སྒོར་མོ་འབུམ་བདུན་དང་ཁྲི་གཅིག་བཏང་སྟེ་བཏུལ་ཐང་གི་འོད་ཤུགས་གློག་གཏོང་ས་ཚིགས་སུ་མ་རྐང་བཞག་པར་སུ་རིག་སྡེ་བར་སྒོར་མོ་ཁྲི་གསུམ་གྱི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་ཡོད་པར་གྱུར།

ཉིས་སྟོང་ཉི་ཤུ་ལོར་སུ་རིག་སྡེ་བའི་གཞུང་ལམ་འཛུགས་སྐྲུན་ལས་གཞི་ལ་མ་དངུལ་སྒོར་མོ་ས་ཡ་གཉིས་དང་འབུམ་གཉིས་ཁྲི་གསུམ་འབྱོར་ནས།  སྡེ་བའི་ལམ་གཙོ་བོ་དེ་ཨར་འདམ་གྱི་ལམ་དུ་བསྒྱུར་བ་དེས་སྔོན་ཆད་ཀྱི་ཀྱག་ཀྱོག་གི་ལམ་བུ་དེ་ད་ལྟ་སྡེ་མི་རྣམས་བདེ་སྐྱིད་ལྡན་པའི་འབྱོར་འབྲིང་འཚོ་བའི་ཕྱོགས་སུ་བསྐྱོད་པའི་ཡངས་ཤིང་རྒྱ་ཆེ་བའི་ལམ་དུ་གྱུར་ཡོད།

བགྲོད་ལམ་སྟབས་བདེར་བཏང་བ་དེས་མི་དམངས་མང་ཚོགས་ཀྱི་འཚོ་བ་དང་ཐོན་སྐྱེད་ཐད་སྟབས་བདེ་བཟོས་ཤིང་། དེ་ལས་ཀྱང་མི་དམངས་མང་ཚོགས་ལ་དབུལ་ཐར་ཕྱུག་འགྱུར་གྱི་རེ་བ་མཐོང་དུ་བཅུག

བདེ་སྐྱིད་ཀྱི་འཚོ་བ་ནི་ངལ་རྩོལ་ལ་བརྟེན་ནས་བྱུང་བ་ཡིན། དབུལ་ཐར་བྱེད་པ་དེ་བློ་སྟོབས་དང་རིག་སྟོབས་ལ་རོགས་སྐྱོར་བྱེད་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་མཉམ་དུ། བསམ་བློ་གཏོང་སྟངས་བསྒྱུར་བ་དང་རང་སྟོབས་རང་སྤེལ་བྱས་ཚེ།  མི་དམངས་མང་ཚོགས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་འགྱུར་ཐུབ་ཅེས་དབང་གྲགས་ཚེ་རིང་གིས་དེ་ལྟར་བཤད།

དགུན་དུས་ཀྱི་སུ་རིག་སྡེ་བ་རུ་སྔར་བཞིན་གྲང་ངར་ཆེ་ན་ཡང་སྡེ་མི་རྣམས་ཀྱིས་མ་འོངས་འཚོ་བའི་རེ་བ་གསར་བ་མཐོང་ཡོད། ཁོ་ཚོའི་སེམས་ཁོང་དུ་བདེ་སྐྱིད་འཚོ་བའི་དྲོད་ཀྱིས་ཁེངས་ཤིང་འབྱོར་ཕྱུག་ལྡན་པའི་འཚོ་བ་གསར་བར་དེ་བས་ཀྱང་ཡིད་ཆེས་ཀྱིས་ཁེངས་འདུག

                                                                 ལོ་ཙཱ་བ། གཡང་འབུམ་རྒྱལ།