སྨན་པའི་བླ་མེད་ཀྱི་བརྩེ་བ་དེ་ཡུལ་མི་སྤུན་ཟླར་བཅངས་ཡོད།
2021.01.24 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 62

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གངས་རི་ཡུལ་ཚོ་འཕྲོད་བསྟེན་ཁང་གི་འགོ་གཙོ་ཆོས་ཁོ་ཡིས་ཁོ་རང་རྒྱལ་ཡོངས་ཀྱི“ཡུལ་ཚོ་དང་གྲོང་རྡལ་འཕྲོད་བསྟེན་ཁང་གི་ཕུལ་བྱུང་འགོ་གཙོ”ལ་བདམས་པ་དང་“མཚོ་སྔོན་ཞིང་ཆེན་གྱི་ཆེས་མཛེས་པའི་མིའི”གཟི་བརྗིད་མཚན་སྙན་ཐོབ་པའི་གནས་ཚུལ་ཐོས་རྗེས། སེམས་ལ་གནོན་ཐབས་བྲལ་བའི་དགའ་སྤྲོ་ཞིག་སྐྱེས་ཏེ། ང་ནི་འབྲོག་པའི་བུ་ཕྲུག་ཡིན་པ་དང་། ཡུལ་མི་སྤུན་ཟླ་ཚོས་ང་རང་བདམས་གསེས་བྱས་པས། གནས་འདིའི་འབྲོག་པ་མང་ཚོགས་རྣམས་ནད་ཀྱི་སྡུག་བསྔལ་ལས་ཐར་དུ་འཇུག་རྒྱུ་ནི་ངའི་འོས་འགན་ཡིན་ཞེས་བཤད།

མགོ་ལོག་ནི་ས་ཐག་རིང་བའི་ས་ཆ་ཞིག་ཡིན་པ་དང་། ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་མུས་སྟོང་བཞི་དང་ཉིས་བརྒྱ་ཡོད་ལ། ལོ་ཧྲིལ་བོའི་ཆ་སྙོམས་དྲོད་གྲང་གོར་ཐིག་མན་གྱི་ཏུའུ་གཉིས་ཡིན། སྔོན་ཆད་གངས་རི་ཡུལ་ཚོ་ནི་རི་མགོ་ལུང་ཕུགས་སུ་གནས་ཡོད་པ་དང་། སྨན་པ་དཀོན་ཞིང་སྨན་རྫས་ཉུང་ལ། སྤྱིར་བཏང་རྒྱུ་ལྷག་གི་ནད་ཀྱིས་ཀྱང་མིའི་ཚེ་སྲོག་འཕྲོག་བཞིན་ཡོད་པ་རེད། ཆོས་ཁོ་ནི་གནས་འདི་ནས་ནར་སོན་པ་ཡིན་པས། འབྲོག་ཁུལ་དབུལ་ཐར་བྱེད་ཐུབ་ཀྱིན་མེད་པ་གསལ་བོར་རྟོགས་ཡོད། “ནད་ཆུང་ཆུང་སྨན་ཁང་དུ་སོང་ནས་མི་སྟོན་པ་དང་། ནད་ཆེན་པོ་སྨན་ཁང་དུ་སྟོན་སྤྱད་ཀྱི་སྒོར་མོ་མེད་པ”ནི་རྒྱུན་ལྡན་གྱི་དོན་དག་ཅིག་ཏུ་གྱུར་ཡོད་པ་དང་། མང་ཚོགས་ཀྱི་དཀའ་ངལ་དེ་ཁོའི་མིག་གིས་མཐོང་ཞིང་། མང་ཚོགས་ཀྱི་ན་ཟུག་དེ་ཁོའི་སེམས་ལ་ཟུག་ཡོད།

གངས་རིའི་མངའ་འོག་ཏུ། ཆོས་ཁོ་རྟར་ཞོན་ནས་འགྲོ་བའི་གཟུགས་བརྙན་དེ་དུས་རྒྱུན་མཐོང་ཐུབ་ལ། གནས་དེ་ན་ཁོས་མི་ཤེས་སའི་ལམ་ཞིག་མེད་པ་དང་། ཁོས་མི་ཤེས་པའི་འབྲོག་པ་ཞིག་ཀྱང་མི་འདུག ཁོ་ལ་ལག་དེབ་ཆུང་ཆུང་ཞིག་ཡོད་དེ། ཁོ་རང་ས་གང་དུ་ཐོན་ན་དེ་རུ་ཟིན་ཐོ་འགོད་ཀྱིན་འདུག ས་འདིའི་རི་ངོས་ན་སྐྱེས་པ་ཞིག་ཡོད་པ་དེར་མཁྲིས་པའི་གཉན་ཚད་ཀྱི་ནད་ཡོད་པ་དང་། རིའི་ཕར་ངོས་ན་བུད་མེད་ཅིག་ཡོད་པ་དེར་ཁྲག་མཐོ་བའི་ནད་ཡོད་ཅིང་། རི་རྐེད་ཀྱི་ཁྱིམ་ཚང་དེའི་བྱིས་པར་ཆམ་པ་ཕོག་ཡོད་ཅེས་ཆོས་ཁོ་ཡིས་ལག་དེབ་དེའི་སྟེང་ལ་མང་པོ་མང་པོ་ཞིག་བྲིས་ཡོད།

གསར་འགོད་པས་ཁྱེད་རང་འབྲོག་ཁྱིམ་གཅིག་གི་ནད་ལ་ལྟ་རུ་འགྲོ་བར་ཉིན་གཅིག་གི་ལམ་ལ་འགྲོ་དགོས། ཁྱེད་ཀྱིས་དེ་ལ་རིན་ཐང་ཅི་ཞིག་ཡོད་པར་འདོད་དམ་ཞེས་དྲིས་པར། ཆོས་ཁོ་ཡིས་འཛུམ་དང་བཅས་རིན་ཐང་ལྡན་མིན་དེ་གཙོ་བོ་མ་རེད། ང་རང་ས་ཆ་རེ་རེར་འགྲོ་དགོས། གནས་འདིའི་མི་རྣམས་ལ་སྨན་པ་མཁོ་ཅེས་ལྷོད་བག་ལྡན་པའི་སྐད་ཆའི་ཁྲོད་བརྟན་བརླིང་གི་ཉམས་ཤིག་ཤར་འདུག

རི་གཟར་ངོས་ཞིག་བརྒལ་རྗེས་ཆོས་ཁོར་ངལ་གསོ་བྱེད་ཁོམ་ཀྱང་མེད་པར་འབྲོག་ཁྱིམ་འགའ་ལ་རིན་མི་ལེན་པར་སྨན་རྫས་སྟེར་བཞིན་འདུག ཉིན་གཅིག་ལ་ཐེངས་གཉིས། ཐེངས་རེར་གསུམ་རེ་ཞེས་ཡང་དང་བསྐྱར་དུ་བཤད་ནའང་ཁོའི་སེམས་བདེ་བཞིན་མེད། ཁོས་ཁུག་མའི་ནང་སྨྱུ་གུ་ཞིག་བླངས་རྗེས་བོད་ཡིག་གིས་སྨན་གྱི་བསྟེན་ཚད་དང་མཉམ་འཇོག་དགོས་པ་སོགས་སྨན་སྒམ་གྱི་རྒྱབ་ཏུ་གསལ་བོར་འབྲི་བཞིན་ཡོད། འགྲོ་འདུག་སྟབས་མི་བདེ་བའི་དབང་གིས་སྡེ་མི་ལ་ལ་འཕྲོད་བསྟེན་ཁང་དུ་ནད་ལ་ལྟ་རུ་མི་ཡོང་བར་ཁ་པར་གྱི་ལམ་ནས་ཆོས་ཁོར་ནད་རྟགས་འདྲི་བཞིན་ཡོད་པ་རེད། ལག་འཁྱེར་ཁ་པར་ཡོད་རྗེས། ཁོའི་ཁ་པར་ཨང་གྲངས་གཏན་ནས་བརྗེ་མྱོང་མེད་ལ། གློག་སྒོ་ཡང་གཏན་ནས་བརྒྱབ་མ་མྱོང་།

ཆོས་ཁོ་ཡིས་འབྲོག་པའི་སྨན་པ་བཟང་པོ་ཞིག་བྱེད་ན་སྨན་གྱི་ལག་རྩལ་བཟང་པོ་ཞིག་ཡོད་པ་ཁོ་ན་ལས་མི་ཆོག་པར་སྨན་པའི་ཀུན་སྤྱོད་ལེགས་པོ་ལྡན་དགོས་པ་གསལ་བོར་རྟོགས་ཡོད། ཁོས་དུས་རྒྱུན་སྨན་པ་ཞིག་ཡིན་ན། ཐོག་མར་མི་བཟང་པོ་ཞིག་བྱེད་དགོས་པ་དང་། དེའི་རྗེས་ནས་སྨན་བཅོས་བྱེད་དགོས་ཞེས་བཤད་བཞིན་ཡོད། ཆོས་ཁོ་ཡིས་གསར་འགོད་པར་བཤད་རྒྱུར། ཁོས་སྡེ་མིའི་ནད་ལ་ལྟོས་ན་རིན་པ་ལེན་བཞིན་མེད། སྡེ་མིའི་ཁྱིམ་ཚང་ལ་དཀའ་ངལ་ཆེ་བས། སྨན་རིན་ཚང་མ་ཡང་ཆད་ལ་བཞག་འདུག བབ་ཆགས་ཀྱི་སྡེ་མི་ཚོས་སྨན་རིན་ཆད་ཀྱང་། ཡོང་སྒོ་ཞིག་ཡོད་ཚེ་རང་འགུལ་སྒོས་ཁོ་ཚང་ལ་ཡོང་ནས་སྨན་རིན་སྤྲོད་བཞིན་ཡོད་ཞེས་བཤད། ཁོ་ལ་མཚོན་ནས་བཤད་ན། ནད་པ་མྱུར་སྐྱོབ་བྱེད་པར་ཁ་བ་བུ་ཡུག་གིས་བཀག་འགོག་ཐེབས་མི་ཐུབ་པར་དུས་ལྟར་ནད་བརྟག་བྱེད་རྒྱུ་དེ་ནི་ཁོའི་ཟློག་ཐབས་མེད་པའི་འོས་འགན་ཤིག་ཏུ་གྱུར་ཡོད། ཆོས་ཁོ་ཡིས་སྔོན་ཆད་བྱ་བ་རྫོང་མཁར་དུ་སྤར་རྒྱུའི་བསམ་བློ་བཅངས་ཡང་། གངས་རི་ཡུལ་ཚོའི་རྒན་དར་གཞོན་གསུམ་གྱིས་གནས་ཚུལ་དེ་ཐོས་རྗེས་ཁོ་བཙལ་དུ་ཡོང་ནས་ཁོ་རང་གངས་རི་ཡུལ་ཚོ་རུ་འདུག་རྒྱུའི་རེ་ཞུ་བྱས།

ཆོས་ཁོ་ཡིས་བཤད་རྒྱུར། ང་རང་གནས་འདི་ནས་ཁ་འབྲལ་བསམ་མོད། མཐའ་མཇུག་ཁ་འབྲལ་མ་ཐུབ་ཟེར། གནས་འདིའི་རི་ཆུས་ང་རང་གསོ་སྐྱོང་གནང་བ་ཡིན་ཞིང་། གནས་འདིའི་མི་རྣམས་ཀྱིས་ང་རང་སྐྱེད་བསྲིང་བྱས་པ་ཡིན། དེ་བས། སྨན་པ་བཟང་པོ་ཞིག་བྱས་ནས་ཡུལ་མི་སྤུན་ཟླ་ཚོ་ནད་ཀྱི་སྡུག་བསྔལ་ལས་ཐར་བའི་སེམས་འདུན་འགྲུབ་དུ་འཇུག་རྒྱུ་ནི་ཁོའི་བྱ་བའི་སྒུལ་ཤུགས་ཡིན། དེ་བས་ལས་ཀ་འདི་ལོ་ངོ་སུམ་ཅུ་སོ་གསུམ་གྱི་རིང་ལ་རྒྱུན་བསྐྱངས། བྱ་བ་ལས་ནས་ད་ལྟའི་བར་དུ། ཆོས་ཁོ་ཡིས་ནད་པ་ཇི་འདྲའི་མང་པོ་ཞིག་ལ་ནད་བཅོས་བྱས་པ་དང་། བྱིས་པ་ཅི་ཙམ་སྐྱེ་བསུ་བྱས་པ། ཉེན་ཁ་ཆེ་བའི་ཨ་མ་ཇི་འདྲིའི་མང་པོ་ཞིག་འཆི་བདག་གི་ཁ་ནས་བསྐྱབས་ཡོང་བ་གསལ་བོར་མི་དྲན་ཡང་། ཁོས་མིག་བཙུམ་དུས་འབྲོག་ཁྱིམ་རེ་རེའི་ཁྱིམ་གང་དུ་ཡོད་པ་དང་། མི་སུ་ཞིག་ལ་ནད་ཅི་བྱུང་ཡོད་པ་ཚང་མ་སེམས་ན་གསལ་བོ་ཡིན།

ཉིས་སྟོང་དྲུག་ལོའི་དགོང་མོ་ཞིག་ལ། ཧ་ལུང་འབྲོག་དམངས་ཨུ་ཡོན་ལྷན་ཁང་གི་སྦྲུམ་མ་ཚེ་ཁོ་ཡི་བྱིས་པ་སྐྱེ་ལ་ཡོད་པ་དང་། ཆོས་ཁོ་བྱིས་པ་བཙའ་རོགས་ལ་འགྲོ་བའི་ལམ་བར་དུ་འཕྲུལ་རྟའི་གློག་ཆེན་ལ་སྐྱོན་བྱུང་ནས་གཞུང་ལམ་སྟེང་ནས་མར་རི་ངོས་སུ་འགྲེ་ལྡོག་བརྒྱབ་པ་དང་ཁོའི་རྩིབ་རུས་བཞི་བ་བཅག་ཡང་། ཁོས་ན་ཟུག་བཟོད་བསྲན་བྱས་ནས་སྦྲུམ་མ་དེའི་བྱིས་པ་བཙའ་བར་རོགས་རམ་བྱས་པས། བྱིས་པ་བདེ་བླག་ངང་སྐྱེས་ཏེ། མ་བུ་གཉིས་ཀྱི་བདེ་ཐང་ལ་ཁག་ཐེག་བྱས། འདི་ནི་ཆོས་ཁོ་ཡི་ཐེངས་མང་པོར་ནད་བརྟག་བྱས་པའི་ཁྲོད་ཀྱི་ཆེས་སྤྱིར་བཏང་གི་དོན་དག་ཅིག་རེད། མི་མང་པོ་ཞིག་གིས་ཆོས་ཁོ་ལ་ཁྱོད་ཀྱིས་འདི་འདྲའི་དཀའ་སྡུག་ཆེ་བའི་ས་ཁུལ་ཞིག་ནས་བྱ་བ་སྒྲུབ་པ་ལ་དམིགས་ཡུལ་ཅི་ཞིག་ཡོད་དམ་ཞེས་དྲིས་པར། ཁོ་དགོད་བཞིན་ངས་གནས་འདིའི་འབྲོག་པ་མང་ཚོགས་རྣམས་བདེ་ཐང་ཡོང་བའི་རེ་བ་བྱེད་བཞིན་པ་དེ་ཡིན་ཞེས་ལན་བཏབ།

ཆོས་ཁོ་ཡི་ཁོའི་ལག་འཁྱེར་ཁ་པར་ནང་གི་འདྲ་པར་དག་སྟོན་བཞིན། འདི་ནི་བསྐོར་བསྐྱོད་སྨན་བཅོས་བྱ་འགུལ་སྤེལ་བཞིན་པ་ཞིག་ཡིན་པ་དང་། འདི་ནི་མིག་ནད་སྐྱ་འགྲིབ་ཀྱི་ནད་བདམས་གསེས་བྱེད་པའི་བྱ་འགུལ་སྤེལ་བའི་སྐབས་ཡིན། འདི་ནི་གཞི་རིམ་དུ་སྨན་རྫས་སྐྱེལ་བའི་བྱ་འགུལ་སྤེལ་བའི་སྐབས་རེད་ཅེས་ཆོས་ཁོ་ཡིས་པར་རེ་རེ་འགྲེལ་བཤད་རྒྱག་བཞིན། ལོ་འདི་དག་གི་རིང་ལ་ཁོ་དང་ལས་གྲོགས་ཚོས་སྨན་རྫས་གཞི་རིམ་དུ་བསྐྱལ་བའི་གཅེས་སེམས་གཏམ་རྒྱུད་མང་པོ་བརྗོད་བྱུང་།

སྔོན་ཆད། གངས་རི་ཡུལ་ཚོ་འཕྲོད་བསྟེན་ཁང་ནི་རྫོང་ཡོངས་ཀྱི་གློག་འཐེན་མེད་པའི་ཞང་དང་གྲོང་རྡལ་འཕྲོད་བསྟེན་ཁང་གཅིག་པུ་ཡིན་པ་དང་། མཉེན་ཆས་དང་སྲ་ཆས་སྒྲིག་ཆས་གང་ཡིན་ཡང་རྗེས་ལུས་ཡིན་ལ། མང་ཚོགས་ཀྱིས་ནད་སྟོན་པའི་ཁོར་ཡུག་ཤིན་ཏུ་ཞན་ཞིང་། ཚན་ཁག་གི་བཀོད་སྒྲིག་འོས་འཚམ་མིན་པ་རེད། འཕྲོད་བསྟེན་ཁང་གི་འགོ་གཙོ་ཆོས་ཁོ་ཡིས་རྒྱུ་ཆ་བཟུང་ནས་ཐེངས་མང་པོར་ཡར་རྒྱུགས་མར་རྒྱུགས་བྱས་མྱོང་བ་དང་། ཁོས་འབད་བརྩོན་བྱས་པར་བརྟེན། ཉིས་སྟོང་བཅུ་ལོའི་ཟླ་བདུན་པར། འཛུགས་སྐྲུན་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་བཞི་བརྒྱ་ཡོད་པའི་སྒོ་བསྟེན་ཁང་གསར་བ་ཞིག་ལས་ནས་འགྲུབ་བྱུང་ལ། དེ་ཡིས་གངས་རི་ཞང་གི་སྨན་བཅོས་ཆ་རྐྱེན་མངོན་གསལ་གྱིས་ལེགས་བཅོས་བྱས་ཏེ། སྨན་ཁང་གི་སྤྱི་ཚོགས་ཕན་འབྲས་དང་། སྒོ་བསྟེན་ཁང་གི་མི་གྲངས། སྨན་བཅོས་མི་སྣའི་ཡོང་སྒོ་སོགས་སྨན་བཅོས་སྤུས་ཚད་ཀྱི་ཚད་གཞི་ཚང་མ་ཆ་སྙོམས་ཀྱིས་ལོ་སྔོན་མ་དང་བསྡུར་ན་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད།

ཆོས་ཁོ་ཡིས་ད་ལྟ་མང་ཚོགས་ཀྱི་བདེ་ཐང་འདུ་ཤེས་སྔར་ལས་ཇེ་མཐོར་སོང་བ་དང་། ང་རང་ཡང་དགའ་སྤྲོས་ཁེངས་ཡོད། ང་རང་འབྲོག་ཁུལ་ནས་སྐྱེས་པ་དང་། འབྲོག་ཁུལ་ནས་ནར་སོན་པ་ཡིན། ད་ལྟ་མཚན་སྙན་ཅུང་ཟད་རྒྱས་ཡང་། འབྲོག་ཁུལ་གྱི་མང་ཚོགས་རྣམས་ལ་ང་རང་སྔར་ལས་མཁོ་ཞེས་བཤད།

ཆོས་ཁོ་ཡི་ཁྱིམ་གྱི་རྩིག་ལྡེབས་ངོས་སུ་ནད་པ་དང་ནད་པའི་ཁྱིམ་མིས་ཕུལ་བའི་གཟེངས་བསྟོད་དར་ཆ་བཅུ་བཀལ་འདུག དར་ཆ་དེ་དག་མཐོང་ཐེངས་རེ་རེར་ཆོས་ཁོ་ཡི་སེམས་ལ་དགའ་སྤྲོ་གནོན་མི་ཐུབ་པ་ཞིག་སྐྱེས་བཞིན་ཡོད། ཁོས་སྨན་པ་ཞིག་ཡིན་པའི་ཆ་ནས། ནད་པས་གཟེངས་བསྟོད་དང་ཁས་ལེན་ཐོབ་པ་དེ་ནི་ཆེས་ཆེ་བའི་དགའ་བ་ཞིག་དང་བདེ་སྐྱིད་ཅིག་རེད་ཞེས་བཤད།

ལོ་ཙཱ། ཚེ་རིང་སྒྲོལ་མ།