དགུན་གཞུང་གི་མཚོ་སྔོན་ས་གཞི་ཆེན་མོའི་སྟེང་། ཤང་ཤང་རྒྱང་ལ་བཞུར་བའི་ཆུ་མོ་དང་ཁྱུ་དང་ཁྱུ་བྱས་ནས་རྩེད་འཇོར་རོལ་བའི་རི་རྐྱང་། ཆུ་ངོགས་སུ་གཤོག་འགྱུར་གར་དུ་རྩེན་པའི་སྤུ་སྡུག་འདབ་ཆགས་བཅས་ཀྱིས་རང་བྱུང་ཁམས་ཆེན་མོའི་གཞི་རིས་ངོས་སུ་རི་ལྗང་ཆུ་དྭངས་ཀྱི་རི་མོ་ཞིག་ངང་གིས་ཕབ་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་འཚོ་གཞེས་ཀྱི་ཡིད་འོང་གི་སྣང་བརྙན་ཞིག་གྲུབ་པར་བྱས་འདུག སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགུལ་སྐྱོད་བྱ་སྤྱོད་དེ་མིག་མཐོང་ལག་ཟིན་གྱི་སྐྱེ་ཁམས་བདེ་སྐྱིད་དུ་བསྒྱུར་བ་དང་། མཚོ་སྔོན་གྱི་མི་རྣམས་ཀྱིས་རང་བྱུང་ལ་བརྟེན་ནས་ཆེས་སྤྱིར་བཏང་གི་དམངས་ཚིས་བདེ་སྐྱིད་རོལ་མྱོང་བྱེད་བཞིན་ཡོད།
ལྗང་མདོག་ནི་མཚོ་སྔོན་གྱི་གཞི་ཐིག་དང་རིན་ཐང་ཡིན་པ་དང་། སྐྱེ་ཁམས་ནི་མཚོ་སྔོན་གྱི་འགན་འཁྲི་དང་སྦས་ཤུགས་རེད། ལོ་ལྔའི་རིང་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། ནུས་ཤུགས་ཡོད་དགུས“ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ།“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་སྐྲུན་པའི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་ལག་བསྟར་བྱེད་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་སྟེང་ཡག་པོ་སྐྱོད་པར་སྐུལ་འདེད་བྱས་ཡོད།
རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་དུ་གཟུགས་བརྙན་གསར་བ་བཏོད་པ།
2016ལོར། ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞི》དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས་པ་དང་ཆབས་ཅིག རྒྱལ་ཡོངས་ཀྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་དེ་མཚོ་སྔོན་དུ་སྤེལ་མགོ་ཚུགས། 2017ལོར། མཚོ་སྔོན་ཞིང་ཆེན་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དེ་སྒྲིག་གཞིའི་ཚོད་ལྟའི་ཞིང་ཆེན་གྱི་གྲས་ཤིག་ཏུ་གྱུར་ནས། མཚོ་སྔོན་ཞིང་ཆེན་རྒྱལ་ཡོངས་ཀྱི“རྒྱལ་ཁབ་རིམ་པའི་སྤྱི་གླིང་གཉིས”ཀྱི་སྒྲིག་གཞིའི་ཚོད་ལྟའི་ཞིང་ཆེན་དང་པོར་གྱུར།
2019ལོའི་ཟླ་དྲུག་པར། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་དངོས་སུ་བསྐྲུན་མགོ་ཚུགས་པ་དང་། མཚོ་སྔོན་གྱིས་ཡང་བསྐྱར་རྒྱལ་ཡོངས་ལ་ཉམས་མྱོང་སྐྲུན་པ་དང་ཚད་གཞི་བཟོ་བའི་ལས་འགན་ལྕི་མོ་ཕྲག་ཏུ་འཁུར་ཡོད། ལོ་དེའི་ཟླ་བརྒྱད་པར། སྐབས་དང་པོའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་ལེགས་འགྲུབ་ངང་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་པ་མ་ཟད་། གླེང་སྟེགས་ཀྱི་གྲུབ་འབྲས་གལ་ཆེན《ཟི་ལིང་གི་ཐུན་མོང་ངོས་འཛིན》ཡང་གྲུབ་པ་རེད།
2020ལོའི་ལོ་སྟོད་དུ། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གྱི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་ལག་བསྟར་བྱེད་མགོ་བརྩམས་པ་དང་། མི་འགྱང་བར་མཚོ་སྔོན་པོ་རུ་རྒྱལ་ཁབ་སྤྱི་གླིང་བསྐྲུན་མགོ་རྩོམ་རྒྱུ་ཡིན་ལ། ཞིང་ཆེན་ཡོངས་ཀྱི་གོམ་སྟབས་དང་བསྟུན་ནས“གོམ་སྟབས་གསུམ”གྱི་འཐབ་ཇུས་ལ་བརྟེན་ནས་ཀྲུང་གོའི་ཆེས་མཛེས་པའི་མཚེའུ་ཡི་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུ་རེད།
དེང་སྐབས། རེས་སྐོར་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོ་སོགས་འཐབ་ཇུས་མང་པོའི་གོ་སྐབས་གལ་ཆེན་དང་བསྟུན་ནས། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་རྒྱུ་དེ་མཚོ་སྔོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་གལ་ཆེན་དང་། ནུས་རྒྱུ་གཙང་མའི་དཔེ་སྟོན་ཞིང་ཆེན་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་སོགས་དང་མཉམ་དུ། སྐྱེ་ཁམས་དཔལ་འབྱོར་དང་འཁོར་སྐྱོད་དཔལ་འབྱོར། གྲངས་གཞིའི་དཔལ་འབྱོར། ས་ཁོངས་དཔལ་འབྱོར་མཉམ་ལས་ཀྱི་དཔེ་དབྱིབས་བཅས་ལ་སྣེ་ཁྲིད་བྱེད་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་ཡོད།
མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་ཡིན་པ་དང་འགན་འཁྲི་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན་ལ། སྦས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་རེད། རང་བྱུང་ལ་བརྩི་འཇོག་དང་རང་བྱུང་དང་བསྟུན་པ། རང་བྱུང་ལ་སྲུང་སྐྱོབ་བཅས་བྱ་དགོས། མིག་སྔའི་མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བཞིན་ཡོད་པས། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གྱིས་མཚོ་སྔོན་འཛམ་གླིང་ཕྱོགས་སུ་སྐྱོད་པའི་བཀྲག་མདངས་འཚེར་བའི་མིང་བྱང་གཞན་ཞིག་གསར་གཏོད་བྱེད་ངེས་རེད།
བརྒྱུད་ཟིན་པའི་བཞུད་ལམ་ལ་ཕྱིར་ལྟ་བྱེད་ཞོར་སྔར་ལས་མདུན་དུ་བསྐྱོད་དགོས། ད་ལྟའི་བར་དུ། རང་ཞིང་གིས་ཅུང་ཆ་ཚང་བའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་བསྐྲུན་ཟིན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱེད་གནས་གཉིས་བཙུགས་ཡོད། རང་བྱུང་སྲུང་སྐྱོབ་ས་ཁུལ་བཅུ་གཅིག་དང་ཆུའི་ཐོན་ཁུངས་སྲུང་སྐྱོབ་ས་ཁུལ་བཅུ་བཞི། དེ་མིན་ནགས་ཚལ་སྤྱི་གླིང་དང་བརླན་སའི་སྤྱི་གླིང་། བྱེ་ཐང་སྤྱི་གླིང་། ས་གཤིས་སྤྱི་གླིང་། མཛེས་ལྗོངས་གྲགས་ཅན་ས་ཁུལ་སོགས་ཚུད་པའི་རིམ་པ་སོ་སོ་དང་རིགས་སོ་སོའི་རང་བྱུང་སྲུང་སྐྱོབ་ས་ཁུལ་བརྒྱ་དང་དགུ་བཅས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་འབུམ་གཉིས་དང་ཁྲི་དྲུག་སྟོང་ལྔ་བརྒྱད་བརྒྱ་ཟིན་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ས་ཁུལ་དང་མཚོ་སྔོན་པོའི་འབབ་རྒྱུད། མདོ་ལ་རི་བོའི་ས་ཁུལ། ཚྭ་འདམ་གཞོང་། ཙོང་ཆུའི་འབབ་རྒྱུད་བཅས་སྐྱེ་ཁམས་ས་ཁུལ་ཆེ་གྲས་ལྔ་ཚུད་ཡོད་པ་རེད།
རྨང་གཞི་དེའི་སྟེང་། རང་ཞིང་གིས་ཕུན་སུམ་ཚོགས་པའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞིར་ཉམས་མྱོང་མང་པོ་བསགས་ཡོད། ཁྲིམས་ལྟར་དང་ལྗང་མདོག དམངས་ཡོངས། བློ་གྲོས། འཆམ་མཐུན། ཚན་རིག སྒོ་འབྱེད། རིག་གནས། སྤུས་ཚད་བཅས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་འདུ་ཤེས་ཆེན་པོ་དགུ་གཏན་འཁེལ་བྱས་པ་དང་། འཆར་འགོད་དང་སྲིད་ཇུས། སྣ་མང་ཟབ་ཞུགས། ཚན་རྩལ་འདེགས་སྐྱོར། ལྟ་ཞིབ་ཚད་ལེན་དང་དཔྱད་འཇོག་དཔྱད་ཞིབ། དྲིལ་བསྒྲགས་སློབ་གསོ། སྤྱི་དམངས་ཟབ་ཞུགས། མཉམ་ལས་བརྗེ་རེས། སྡོད་ཁུལ་མཉམ་དུ་དོ་དམ་བྱེད་པ་སོགས་རྒྱལ་ཁབ་སྤྱི་གླིང་བཅོ་ལྔ་འཛུགས་སྐྲུན་དོ་དམ་མ་ལག་འཚོལ་ཞིབ་བྱས་ནས་བཙུགས་པ་དང་། རང་ངོས་ཀྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་སྟངས་ཆགས་ཡོད།
འཕེལ་རྒྱས་ཀྱི་དོན་དངོས་ལ་རྐང་བཙུགས་ནས་རང་བྱུང་ཐོན་ཁུངས་ཀྱི་གྲངས་ཚད་ཁྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགྱུར་ཚད་འཚོལ་ཞིབ་བྱས་ཏེ། སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་རྩོད་སྒྲུབ་གཅིག་གྱུར་ཡོང་བ་མངོན་འགྱུར་བྱས་ནས། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་རྒྱུ་དེ་དེང་སྐབས་དང་འཚམ་ལ་མ་འོངས་པར་ཡང་འཚམ་པ་བྱེད་བཞིན་ཡོད།
རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་པ།
མཚོ་སྔོན་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཡིན་པས“ཀྲུང་ཧྭའི་ཆུ་མཛོད”ཀྱི་མཚན་སྙན་གནང་ཡོད། སྐྱེ་ཁམས་གནས་བབ་གལ་ཆེ་ལ་དམིགས་བསལ་ཞིག་ཡིན་པས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ཡོད།
“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”མཇུག་བསྡུ་བའི་ལོར། བརྒྱུད་ཟིན་པའི་ལམ་ལ་ཕྱིར་མིག་བལྟ་ཞོར། རི། ཆུ། ནགས། ས་ཞིང་། མཚེའུ། རྩྭ་ཐང་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་བྱེད་པ་ནས། སྐྱེ་ཁམས་ནུས་པ་ཇེ་མཐོར་གཏོང་བ་དང་ཐོན་ཁུངས་གྲོན་ཆུང་གི་ཕན་འབྲས་ཇེ་མཐོར་གཏོང་བ། ཁོར་ཡུག་བཅོས་སྐྱོང་གི་སྤུས་ཚད་ཇེ་མཐོར་གཏོང་བ། རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་གྱི་མྱུར་ཚད་ཇེ་མཐོར་གཏོང་བ་བཅས་ཀྱི་བྱ་སྤྱོད་གཏིང་ཟབ་ཏུ་བཏང་སྟེ། མཚོ་སྔོན་གྱིས“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གནས་ཚུལ་གྱི་གནས་འཁེལ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱ་སྤྱོད་དངོས་ཀྱི་ཁྲོད་འཕེལ་རྒྱས་ཀྱི“སྤྱི་ཆིངས”ཆེ་ཤོས་འཚོལ་ཞིབ་བྱས་ནས་སྐྱེ་ཁམས་ཐོན་རྫས་ཀྱི་མཁོ་སྤྲོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་།
མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་སྤེལ་རྗེས། མཚོ་སྔོན་གྱི་ས་གཞི་ཆེན་མོའི་སྟེང་གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་བྱ་སྤྱོད་ཀྱི་ཚ་རླབས་ཤིག་འཕྱུར་ནས། དཔྱིད་སྟོན་དུས་ཚིགས་སུ་མི་སྣ་ཡོངས་ནགས་སྐྲུན་ལས་ཀ་ཆེན་མོའི་ནང་ཞུགས་རྒྱུ་དེ་དར་སྲོལ་གསར་པ་ཞིག་ཏུ་གྱུར་ཡོད། ལོ་གསུམ་གྱི་རིང་ལ། བསྡོམས་པས་སྤྱི་ཆིང་འབུམ་བརྒྱད་དང་ཁྲི་གཉིས་སྟོང་བརྒྱད་ཀྱི་ནགས་སྐྲུན་བྱ་བ་ལེགས་འགྲུབ་བྱས་པ་དང་། ཞན་འགྱུར་རྩྭ་ཐང་སྤྱི་ཆིང་འབུམ་གསུམ་དང་ཁྲི་གཉིས་བཅོས་སྐྱོང་བྱས་པ་དེ་ནི་མཚོ་སྔོན་ཞིང་ཆེན་གྱི་ལོ་རྒྱུས་ཐོག་ནགས་སྐྲུན་གཞི་ཁྱོན་ཆེ་ཤོས་དང་ནགས་ཚལ་ཐོན་ཁུངས་མང་ཤོས་ཀྱི་ལོ་གསུམ་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་ནགས་ཀྱི་ཁེབས་ཚད2010ལོའི་བརྒྱ་ཆའི་ལྔ་དང་གྲངས་ཆུང་གཉིས་གསུམ་ནས་བརྒྱ་ཆའི་བདུན་དང་གྲངས་ཆུང་གཉིས་དྲུག་བར་མཐོ་རུ་ཕྱིན་ཡོད།
རང་ཞིང་གིས་ད་དུང་རྒྱུན་མཐུད་ངང་བྱེ་འགོག་བྱེ་བཅོས་ཀྱི་ལས་དོན་སྤེལ་ཞིང་། ཞིང་ཁ་དང་གཞུང་ལམ་གྱི་འགོག་སྲུང་ནགས་ཚལ་གྲུབ་ཆ་གཙོ་བོ་ཡིན་པའི་ས་ཁོངས་རང་བཞིན་གྱི་ལྗང་མདོག་སྐྱེ་ཁམས་སྲུང་ཡོལ་བཙུགས་པས། བྱེ་འགྱུར་གྱི་གནོད་འཚེ་ཆེ་རུ་འགྲོ་བའི་ལོ་རྒྱུས་མཇུག་བསྒྲིལ་བ་དང་། བྱེ་ཁུལ་མི་དམངས་ཀྱི་འཚོ་གནས་དང་འཕེལ་རྒྱས་ཀྱི་བར་སྟོང་བརྟན་པོ་དང་རྒྱ་སྐྱེད་དུ་བཏང་། མིག་སྔའི་བར་ཞིང་ཆེན་ཡོངས་ཀྱིས་བསྡོམས་པས་བཅོས་སྐྱོང་ལས་འགན་སྤྱི་ཆིང་འབུམ་བཞི་དང་ཁྲི་གཉིས་སྟོང་གསུམ་བདུན་བརྒྱ་ལེགས་སྒྲུབ་བྱས་པས། “ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”དམིགས་ཚད་ལས་འགན་ཚད་བརྒལ་ངང་ལེགས་སྒྲུབ་བྱས།
རྨང་གཞི་དེའི་སྟེང་། རྩྭ་ཐང་དོ་དམ་གྱི་འགན་ནུས་སྔར་ལས་ཆེ་རུ་གཏོང་བ་དང་། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་ལག་བསྟར་གཏིང་ཟབ་བྱས། “ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”ཚུན་དུ། ཞིང་ཆེན་ཡོངས་ཀྱིས་རིམ་རྩིས་བྱས་ན་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོའི་ཐད་མ་དངུལ་སྒོར་དུང་ཕྱུར་སོ་གཅིག་དང་བྱེ་བ་གཅིག་བཏང་སྟེ། རྩྭ་ཐང་གནོད་ཡོད་སྐྱེ་དངོས་འགོག་བཅོས་ཐད་སྤྱི་ཆིང་ས་ཡ་དགུ་དང་འབུམ་བཞི་ཁྲི་གཅིག་སྟོང་བདུན་ལྔ་བརྒྱ་ལྷག་ཟིན་པ་དང་། ས་ནག་ཞན་འགྱུར་རྩྭ་ཐང་སྤྱི་ཆིང་འབུམ་བཞི་དང་ཁྲི་གསུམ་སྟོང་གཉིས་ཉིས་བརྒྱ་དང་བྱེ་འགྱུར་རྩྭ་ཐང་སྤྱི་ཆིང་ཁྲི་ལྔ་དང་སྟོང་གསུམ་བདུན་བརྒྱ་ལྷག་བཅོས་སྐྱོང་བྱས་ལ། རྩྭ་ར་སྤྱི་ཆིང་ས་ཡ་གཅིག་དང་འབུམ་བརྒྱད་ཁྲི་བརྒྱད་སྟོང་གསུམ་ལྷག་སྐོར་བས་ཞིང་ཆེན་ཡོངས་ཀྱི་རྩྭ་ཐང་སྐྱེ་ཁམས་ཁོར་ཡུག་སྤྱིའི་ཆ་ནས་ཇེ་ལེགས་སུ་འགྲོ་བའི་རྣམ་པ་མངོན།
སྐྱེ་ཁམས་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་རབ་དང་རིམ་པའི་ཁྲོད། སྔོ་ལྗང་གི་བར་སྟོང་བཟུང་ཚད་མཐོ་རུ་ཕྱིན་པ་དང་ཆབས་ཅིག མི་རྣམས་ལ་སྐྱེ་ཁམས་ཀྱི་ཡོང་སྒོ་དང་བདེ་སྐྱིད་རོལ་མྱོང་བྱེད་དུ་བཅུག་པས། སྐྱེ་ཁམས་ལྗང་མདོག་དང་སྐྱེ་ཁམས་དམངས་ཕྱུག་གི་ཕན་འབྲས་ཀྱང་ཉིན་རེ་བཞིན་མངོན་གསལ་དུ་འགྲོ་བཞིན་ཡོད།
ད་ལྟ། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ཐོན་ལས་ལ་བརྟེན་ནས་ནགས་དར་དམངས་ཕྱུག་རྒྱུན་འཁྱོངས་བྱས་ཏེ། ཁྱད་ལྡན་དཔལ་འབྱོར་ནགས་རའི་ཐོན་ཁུངས་ཀྱི་ཁྱད་སྟོབས་ལ་བརྟེན་ནས་འཕང་འབྲས་དང་གླ་སྟར། བོད་ཇ་སོགས་ཁྱད་ལྡན་ཐོན་རྫས་ཀྱི་སྣ་ཁ་ཚད་ལྡན་ཅན་དང་སྐྱེ་ལྡན་ཅན། གཞི་ཁྱོན་ཅན་བཅས་ཀྱི་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བས། རྒྱལ་ཡོངས་ཀྱི་སྐྱེ་ལྡན་འཕང་འབྲས་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་ཡོད་པ་དང་། ཚྭ་འདམ་གཞོང་གི་འཕང་འབྲས་སྐོར་གཉིས་པའི་ཀྲུང་གོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ཁྱད་སྟོབས་ས་ཁུལ་དུ་གཏན་འཁེལ་བྱས་པ་རེད། ནགས་ཚལ་དང་བརླན་སའི་སྤྱི་གླིང་། རང་བྱུང་སྲུང་སྐྱོབ་ས་ཁུལ། གཞུང་ཁོངས་ནགས་ར་སོགས་ཀྱི་ཐོན་ཁུངས་རང་སྤུས་ལ་བརྟེན་པ་དང་། ནགས་ཚལ་དོ་དམ་ཁང་དང་ཞིང་སྡེའི་མེ་ཏོག་གི་རྒྱ་མཚོ་སོགས་ལས་རྣམ་པ་གསར་པའི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་བས། སྐྱེ་ཁམས་ཡུལ་སྐོར་ལས་རིགས་དེ་ལྗང་མདོག་ཐོན་ལས་ཀྱི་འདེགས་སྐྱོར་གལ་ཆེན་དུ་གྱུར།
སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་དགོས།
མཚོ་སྔོན་དུ་དམིགས་བསལ་གྱི་སྐྱེ་ཁམས་གནས་བབ་ཀྱིས་ཞིང་ཆེན་གྱི་དམིགས་བསལ་གནས་ཚུལ་ལ་གནས་ཐིག་གཏན་འཁེལ་བྱས། རྒྱལ་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་གཞི་ཁྱོན་ཆེན་པོའི་ཁྲོད་གོ་གནས་གལ་ཆེན་བཟུང་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་སྟེ། སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བའི་བྱ་སྤྱོད་ཁྲོད། སྐྱེ་ཁམས་ཁོར་ཡུག་བཟང་པོ་དེ་མི་དམངས་ལ་ཕན་ཁེ་ཐོབ་པའི་དམངས་འཚོའི་བདེ་སྐྱིད་དུ་བསྒྱུར་དགོས།
ཉེ་བའི་ལོ་འགའི་རིང་ལ། རང་ཞིང་གིས་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། “སྐྱེ་ཁམས་ས་ཁུལ་ཆེ་གྲས་ལྔར”དམིགས་ནས། སྔ་རྗེས་སུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་དང་པོ་དང་གཉིས་པ། མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་། མཚོ་སྔོན་པོའི་བཞུར་རྒྱུད་དང་ཉེ་འཁོར་གྱི་ཕྱོགས་བསྡུས་བཅོས་སྐྱོང་སོགས་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་འཛུགས་སྐྲུན་བྱས་ནས། རྩྭ་ཐང་དང་ནགས་ཚལ། བརླན་ས། འཁྱག་རོམ། གཙང་པོ་དང་མཚེའུ་སོགས་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བས། བཟོ་སྐྲུན་ས་ཁུལ་གྱི་ཁེབས་ཚད་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་བརྒྱ་ཆའི་རེ་བརྒྱད་ཟིན་ཡོད།
རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་སྐྱེ་ཁམས་བཅོས་སྐྱོང་ལ་དམིགས་ཏེ། སྔ་རྗེས་སུ་ཨ་ཆེན་གངས་རྒྱབ་དང་སྟོང་རི་ལྷ་མཚོ། ཚྭ་འདམ་གཞོང་སའོ་སའོ་ནག ཏ་ཐུང་པེ་ཁྲོན་ཆུ་འགོའི་ས་ཁུལ་སོགས་རང་བྱུང་སྲུང་སྐྱོབ་ས་ཁུལ་འཛུགས་སྐྲུན་དང་། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ། བརླན་ས་སླར་གསོ་བཅས་ཀྱི་སྐྱེ་ཁམས་བཟོ་སྐྲུན་ལག་བསྟར་བྱས། ལོ་རེར་རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་དང“བྱང་གསུམ”འགོག་སྲུང་ནགས་ཚལ་མ་ལག་འཛུགས་སྐྲུན། རྨོ་བསྐྱུར་ནགས་གསོ། ཕྱུགས་བསྐྱུར་རྩྭ་འདེབས། ས་ཆུ་སྲུང་འཛིན་སོགས་གཙོ་གནད་སྐྱེ་ཁམས་བཟོ་སྐྲུན་ལག་བསྟར་ཞིབ་ཚགས་བྱས་ནས། རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་ལ་འདེགས་སྐྱོར་ནུས་ལྡན་བྱས་པས། རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་སྲུང་སྐྱོབ་དང་བཅོས་སྐྱོང་གི་ཆུ་ཚད་ཇེ་མཐོར་བཏང་།
དེར་མ་ཟད། རང་ཞིང་གིས་ད་དུང་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་བའི་འཛུགས་སྐྲུན་རྣམ་གྲངས་ཀྱི་གཞི་གྲངས་དཔལ་འབྱོར་ཚོད་ལྟའི་བཟོ་སྐྲུན་གལ་ཆེན་རྩ་འཛུགས་བྱས་ནས་ལག་བསྟར་བྱས་ཤིང་། མདོ་ལ་རིང་མོའི་འཁྱགས་རོམ་འཁྱགས་སར་ལྟ་ཞིབ་ཚད་ལེན་བྱེད་པའི་ནུས་པ་དང་དེ་མིན་རླུང་ཁམས་ཆེན་མོའི་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་ཆེན་མོའི་ལས་སྟེགས་བསྐྲུན་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ནུས་ཁུལ་གཙོ་བོ་དང“གནམ་ས་གཞི་གཅིག་ཅན”གྱི་ལྟ་ཞིབ་ཚད་ལེན་མ་ལག་སྔར་ལས་འཐུས་ཚང་དུ་བཏང་བ་དང་། རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོབ་ཀྱི་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་གཙོ་གནད་ཚོད་ལྟ་ཁང་ལ་དཔྱད་འཇོག་བྱས་ཏེ་ཆོག་མཆན་ཐོབ་ནས་འཛུགས་སྐྲུན་བྱས།
མཚོ་སྔོན་གྱིས་རི་ཆུ་ནགས་དང་ཞིང་ས། མཚེའུ། རྩྭ་ཐང་བཅས་ཀྱི་མ་ལག་སྲུང་སྐྱོབ་དང་སླར་གསོ་བྱ་རྒྱུ་གཙོ་གནད་དུ་བཟུང་ནས། ནགས་ཚལ་དང་རྩྭ་ཐང་། བརླན་ས། ཐང་རྒོད་བཅས་ཀྱི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་སླར་གསོ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱ་རྒྱུར་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ཞིང་ཆེན་ཡོངས་ཀྱི་རྩྭ་ཐང་སྔོ་ཁེབས་ཚད་2014ལོའི་བརྒྱ་ཆའི་ལྔ་བཅུ་དང་གྲངས་ཆུང་གཅིག་བདུན་ནས2019ལོའི་བརྒྱ་ཆའི་ང་བདུན་དང་གྲངས་ཆུང་གཉིས་བར་ཇེ་མཐོར་སོང་ཡོད་པ་དང་། ནགས་ཀྱི་ཁེབས་ཚད་2010ལོའི་སྨི་རྒྱ་དཔངས་གྲུ་བཞི་མ་བྱེ་བ་བཞི་དང་ས་ཡ་ལྔ་འབུམ་བརྒྱད་ཁྲི་དགུ་ནས་སྨི་རྒྱ་དཔངས་གྲུ་བཞི་མ་བྱེ་བ་ལྔ་དང་འབུམ་དགུ་ཁྲི་གསུམ་བར་ཇེ་མཐོར་སོང་ཡོད། བརླན་སའི་རྒྱ་ཁྱོན་མངོན་གསལ་སྒོས་ཇེ་མང་དུ་སོང་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་བརླན་སའི་རྒྱ་ཁྱོན2012ལོའི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི་གསུམ་དང་སྟོང་དགུ་ནས་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི་ལྔ་ཙམ་བར་ཇེ་མང་དུ་སོང་ཡོད་པ་དང་། མཚོ་སྔོན་པོའི་རྒྱ་ཁྱོན་2004ལོ་ལས་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་སུམ་བརྒྱ་བཅུ་དགུ་དང་གྲངས་ཆུང་གསུམ་བརྒྱད་ཇེ་མང་དུ་སོང་ཡོད།
གླེང་རིན་ཡོད་པ་ཞིག་ནི། མིག་སྔར་ཞིང་ཆེན་ཡོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་མངོན་གསལ་སྒོས་ཇེ་མང་དུ་སོང་ཡོད་པ་དང་། རྩ་ཆེ་ཞིང་འཇིག་ལ་ཉེ་བའི་སྲོག་ཆགས་རིགས་ཀྱི་གྲངས་ཀ་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། གསའ་ཡི་གྲངས་ཀ་སྟོང་གཅིག་དང་ཉིས་བརྒྱ་ལྷག་ཙམ་ཟིན་ཡོད་པ་དང་། གཙོད་ཀྱི་གྲངས་ཀ་དེ་དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་བར་ཁྲི་གསུམ་ཙམ་ཡང་མེད་པ་ནས་ད་ལྟའི་ཁྲི་བདུན་ལྷག་ཙམ་བར་སླར་གསོ་བྱུང་ཡོད། དགོ་བ་སུམ་བརྒྱ་ལྷག་ཙམ་ནས་སྟོང་གཉིས་ལྷག་ཙམ་བར་སླར་གསོ་བྱུང་ཡོད།
མཛེས་སྡུག་ལྡན་པའི་མཚོ་སྔོན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་མིང་བྱང་འཛམ་གླིང་དུ་གྲགས་སུ་བཅུག་པས། རྒྱལ་ཁབ་སྤྱི་གླིང་གཙོར་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། ཆུ་ངོས་དང་བརླན་ས། ནགས་ཚལ་དང་རྩྭ་བཅས་ཚུད་པའི་སྔོ་ལྗང་གི་བར་སྟོང་གིས་བརྒྱ་ཆའི་བདུན་ཅུ་ལྷག་ཙམ་བཟུང་ཡོད་པ་དང་། དེང་སྐབས་ཀྱི་མཚོ་སྔོན་ནི་ལྗང་མདོག་གི་རྣམ་པས་ཁེངས་ཤིང་བདེ་སྐྱིད་ཀྱི་དཔལ་ལ་རོལ་བའི་དུས་རིམ་བཟང་བོ་ཞིག་ཏུ་སླེབས་ཡོད།
ལོ་ཙཱ་བ། ཤ་བོ་རིན་མཚོ།