གཞི་གྲངས་ལ་བལྟས་ནས2020ལོའི་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་གླེང་བ།
2021.01.27 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 4

--ལས་གཞི500ལྷག་གིས་རིག་གནས་ཡུལ་སྐོར་གྱི་སྤུས་ཚད་འཕར་བར་རོགས་འདེགས་བྱས་པ།

ཞིང་ཆེན་བརྒལ་བའི་ཡུལ་སྐོར་བྱེད་ཡུལ་ཆེན་པོ་བཅུ་ནས་ཀྲུང་གོའི་ནུབ་ཕྱོགས་ཀྱི་སྒེར་བསྐོར་ཡུལ་སྐོར་བྱེད་ཡུལ་གཙོ་བོར་གྱུར་པ་སྟེ། ད་ལོར་རབ་མཛེས་མཚོ་སྔོན་གྱིས་སྐྱེ་ཁམས་ཀྱི་གནས་ཡུལ་མཐོན་པོ་དང་ཡུལ་སྐོར་གནས་མཆོག་གི་ཐོན་ཁུངས་ལེགས་ཆ་ལ་བརྟེན་ནས་སྙན་གྲགས་ཇེ་ཆེར་གྱུར། ད་ལོའི་ཡུལ་སྐོར་གྱི་གྲུབ་འབྲས་ལ་བལྟས་ན་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་ཆེས་ཆེར་འཕར་ཏེ། རིག་གནས་ཡུལ་སྐོར་ལས་རིགས་ཀྱི་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་ཐད་ནས་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་ཚུད།

འདས་པའི་ལོ་ངོ་གཅིག་གི་རིང་ལ། རང་ཞིང་གིས་སྲིད་ཇུས་དོན་ཚན་བཅུ་བདུན་བཏོན་ནས་རིག་གནས་ཡུལ་སྐོར་གྱི་ལས་གཞི་ལྔ་བརྒྱ་དང་བཅུ་བཞི་ལག་བསྟར་བྱས་པས་རིམ་བསགས་ཀྱིས་མ་དངུལ་སྒོར་མོ་ཐེར་འབུམ་བརྒྱད་དང་དུང་ཕྱུར་དགུ་བྱེ་བ་དགུ་ལྷག་ཡོངས་འགྲུབ་བྱས། སྔ་གཞུག་ཏུ་ཞིང་ཆེན་ནང་ཁུལ་གྱི་དངུལ་རྩ་ལས་ཁུངས་བཅུ་དང་རྒྱལ་ནང་གི་ཕུལ་བྱུང་ཁེ་ལས་དང་སློབ་གླིང་ཉེར་བཞི་ལ་མཉམ་ལས་སྒྲོམ་གཞིའི་གྲོས་འཆམ་བཞག་པ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར། ཧྲེན་ཀྲེན་སོགས་ཞིང་ཆེན་དང་གྲོང་ཁྱེར་བཅུ་གཅིག་གི་རིག་གནས་དང་ཡུལ་སྐོར་སྡེ་ཁག་དང་མཉམ་ལས་གྲོས་འཆམ་བཞག མཚོ་ཤར་གྲོང་ཁྱེར་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོགས་གྲོང་ཁྱེར་དང་ཁུལ་དག་ལ་ཐིན་དང་ས་གནས་ཀྱི་མཉམ་སྐྲུན་གྲོས་འཆམ་བཞག་སྟེ། མཚོ་སྔོན་དང་སི་ཁྲོན། མཚོ་སྔོན་དང་བོད་ལྗོངས། མཚོ་སྔོན་དང་ཞིན་ཅང་སོགས་ཀྱི་རིག་གནས་ཡུལ་སྐོར་ལམ་ཐིག་བསྐྲུན།

མཚོ་སྔོན་གྱི་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་ལ་བརྟེན་ནས། མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་ཐོན་རྫས་ཀྱིས་མཚོ་སྔོན་གྱི་རིག་གནས་བརྒྱུད་སྒྲོག་བྱས་པ་དང་མཉམ་དུ། དྲ་ངོས་དང་དྲ་ངོས་མ་ཡིན་པ་གཉིས་ནས་སྟོབས་ཤུགས་མཉམ་འདོན་བྱས་ཏེ་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་རྒྱུན་ཆད་མེད་པར་སྤུས་འདེགས་ཐོན་འཕར་བྱུང་དུ་བཅུག་ལ། རིག་གནས་འཛུགས་སྐྲུན་དང་ཡུལ་སྐོར་འཕེལ་རྒྱས་གཉིས“མཉམ་འདྲེས་བྱེད་འོས་ན་མཉམ་འདྲེས་བྱེད་པ་དང་མཉམ་འདྲེས་བྱེད་ཐུབ་ན་གང་ཐུབ་ཀྱིས་མཉམ་འདྲེས་བྱེད་པ། རིག་གནས་ཀྱིས་ཡུལ་སྐོར་སྤེལ་བ། ཡུལ་སྐོར་གྱིས་རིག་གནས་མཚོན་པ”ཡོང་དུ་བཅུག

ཉིས་སྟོང་ཉི་ཤུ་ལོའི་ཟླ་བདུན་པར། ཞིང་ཆེན་བརྒལ་བའི་ཡུལ་སྐོར་ཚོགས་པ་དངོས་སུ་སླར་གསོ་བྱས་པ་དང་བསྟུན་ནས། མཚོ་སྔོན་ཡུལ་སྐོར་དྲ་བའི་སྟེང་འཚོལ་བཤེར་བྱེད་ཚད་བརྒྱ་ཆའི་བདུན་བརྒྱར་འཕར། ཞེའེ་ཁྲེང་དྲ་བའི་སྟེང་ནས་མངག་ཉོ་བྱས་པའི་གཞི་གྲངས་ཆེན་པོ་ལས་ཤེས་གསལ་ལྟར་ན། ཚྭ་ཁ་དང་མཚོ་སྔོན་པོ། ཝུའུ་སུའུ་ཐེ་ཆུ་ཐོག་གི་ས་དམར་སོགས་ལྗོངས་ཁུལ་དག་ཡུལ་སྐོར་པས་དོ་སྣང་བྱེད་ཚད་ཆེས་མཐོ་བའི་དྲ་ངོས་ཀྱི་ལྗོངས་ཁུལ་གྲགས་ཅན་ཆེན་པོ་བཅུ་ཡི་གྲས་སུ་ཚུད་ཡོད།

ཡུལ་སྐོར་སྟེགས་བུའི་གཞི་གྲངས་ཆེན་མོའི་སྡོམ་རྩིས་ལྟར་ན། མཚོ་སྔོན་ནི་ན་གཞོན་ཡུལ་སྐོར་པས“ཀྲུང་གོའི་ཕྱེད་ཙམ་བརྒལ་བའི”ནུབ་བྱང་ཆེན་མོའི་མཛེས་ལྗོངས་ཤེས་སུ་འཇུག་པའི་ཡུལ་སྐོར་གྱི་ཐོག་མའི་གདམ་བྱར་གྱུར་ཡོད། རྒྱལ་ཡོངས་ཀྱི་ཞིང་ཆེན་བརྒལ་བའི་ཡུལ་སྐོར་བྱེད་ཡུལ་གྱི་མི་ཚོགས་ཆེས་ཆེ་བའི་གྲས་དང་ཡུལ་སྐོར་པ་མྱུར་དུ་འཕར་བའི་སྔོན་གྲས་ཀྱི་ཨང་བཅུ་པའི་ནང་དུའང་ཚུད་ཡོད། 《བཅུ་བའི་ཚེས་གཅིག་སྒེར་བསྐོར་ཡུལ་སྐོར》གྱི་མིང་ཐོའི་གྲས་སུ་ཟི་ལིང་གི་རླངས་འཁོར་གླ་བའི་འཕར་ཚད་ཀྱིས་རྒྱལ་ཡོངས་ཀྱི་ཨང་དང་པོ་ཟིན་ཡོད།

གྲོང་ཁྱེར་ནས་རྩྭ་ཐང་སོགས་མཚོ་སྔོན་ཡུལ་སྐོར་སྐོར་གྱི་འདྲ་པར་དང་བརྙན་ཐུང་སོགས་དྲ་ངོས་ཀྱི་འཚོལ་བཤེར་བྱེད་ཚད་ཆེས་མང་པོར་གྱུར་ཡོད། ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་པ་མང་པོས་མཚོ་སྔོན་གྱི་ཡུལ་སྐོར་ལྗོངས་ཁུལ་མིང་དུ་གྲགས་སུ་བཅུག་པ་དང་ཡུལ་སྐོར་གྱི་དཔལ་འབྱོར་དར་དུ་བཅུག ཟླ་དང་པོ་ནས་ཟླ་བཅུ་གཅིག་པའི་བར། མཚོ་སྔོན་གྱིས་རིམ་བསགས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་མི་ཐེངས་བྱེ་བ་གསུམ་དང་ས་ཡ་གཉིས་འབུམ་གཉིས་ཁྲི་གསུམ་ལྷག་སྣེ་ལེན་བྱས་པ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་སྒོ་སྒོར་མོ་ཐེར་ཆེན་གཅིག་དང་ཐེར་འབུམ་བརྒྱད་དུང་ཕྱུར་གཅིག་ལྷག་ལ་སླེབས།

ཉིས་སྟོང་ཉི་ཤུ་ལོར། རང་ཞིང་གི་རིག་གནས་ཡུལ་སྐོར་སྡེ་ཁག་གིས་ཡུལ་སྐོར་ལམ་ཐིག་རྩེ་གྲས་བརྒྱ་དང་བདུན་ཅུ་མཚམས་སྦྱོར་བྱས་པས། མཛེས་ལྗོངས་ལ་བལྟ་བ་དང་ཟས་མཆོག་ཟ་བ། དམངས་སྲོལ་རོལ་མྱོང་། རིག་གནས་མྱོང་རོལ་སོགས་ཀྱི་ཞིང་སྡེའི་ཡུལ་སྐོར་དང་གསར་བརྗེའི་ཡུལ་སྐོར་ཐོན་རྫས་ནི་ཚང་མས་མིག་དབང་གཏོད་ཡུལ་དུ་གྱུར་པ་དང་། རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་གྲུབ་འབྲས་བསྟུད་མར་ཇེ་བཟང་དུ་སོང་། རིམ་བསགས་ཀྱིས་དབུལ་ཕོངས་མི་གྲངས་འབུམ་གཅིག་ལྷག་ལ་སྣེ་ཁྲིད་དེ་དབུལ་ཕོངས་ལས་ཐར་དུ་བཅུག

དེ་ལས་གཞན། རྐང་ཚ་རྫོང་རྒྱལ་ཁབ་མངའ་ཁོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་དུ་བདམས་ཐོན་བྱུང་བ་དང་། གསེར་དངུལ་ཐང་ནས་རྡུལ་ཕྲན་མཁར་བར་གྱི་ལྗོངས་ཁུལ་རྒྱལ་ཁབ་ཀྱིA5རིམ་པའི་ཡུལ་སྐོར་ལྗོངས་ཁུལ་དུ་གསར་སྐྲུན་བྱེད་པའི་མིང་ཐོའི་གྲས་སུ་ཚུད་ལ། མདོ་ལ་རྫོང་གི་ཨ་མྱེས་སྟོང་སོ་སོགས་ལྗོངས་ཁུལ་སོ་ལྔ་རྒྱལ་ཁབ་ཀྱིAརིམ་པའི་ལྗོངས་ཁུལ་དུ་གྱུར། ཞིང་ཆེན་ཡོངས་ཀྱི་སྡེ་བ་ཉེར་བརྒྱད་རྒྱལ་ཡོངས་ཀྱི་ཞིང་སྡེའི་ཡུལ་སྐོར་གཙོ་གནད་སྡེ་བར་བདམས་པ་དང་། སྡེ་བ་བརྒྱ་དང་སོ་ལྔ་ཞིང་ཆེན་རིམ་པའི་ཞིང་སྡེའི་ཡུལ་སྐོར་གཙོ་གནད་སྡེ་བར་བདམས།

སྒོ་ཁ་ནས་རིག་རྩལ་འཁྲབ་སྟོན་ལ་བལྟ་བ་དང་། དྲ་ངོས་ནས་བཤམས་སྟོན་ཁུལ་དུ་ཉུལ་བའམ་ཡང་ན་དཔེ་མཛོད་ཁང་ནས་དཔེ་ཀློག་གི་སྤྲོ་བ་མྱོངས་པ་སོགས། ད་ལྟ། རང་ཞིང་གིས་འཐུས་ཚང་དུ་བཏང་བའི་སྤྱི་པའི་རིག་གནས་ཞབས་ཞུ་མ་ལག་གིས་མང་ཚོགས་ལ་ཕུན་ཚོགས་སྣ་མང་གི་རིག་གནས་འཚོ་བ་ལོངས་སུ་སྤྱོད་དུ་བཅུག

ད་ལོའི་ཚུན་དུ། རང་ཞིང་གི་གཞི་རྩའི་སྤྱི་པའི་རིག་གནས་ཞབས་ཞུ་ཚད་ལྡན་ཅན་དང་ཆ་སྙོམས་ཅན་དུ་གཏིང་ཟབ་ཏུ་སྐུལ་སྤེལ་བྱས་པ་དང་བསྟུན་ནས། རིམ་པ་སོ་སོའི་དཔེ་མཛོད་ཁང་དང་རིག་གནས་ཁང་། བཤམས་སྟོན་ཁང་བཅས་ཀྱིས་ཁྱད་ཆོས་དང་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། དྲ་ངོས་དང་དྲ་ངོས་མ་ཡིན་པ་གཉིས་ནས་ཁྱད་ལྡན་བཤམས་སྟོན་བྱས། དཔེ་མཛོད་ཁང་ང་གཉིས་དང་རིག་གནས་ཁང་ང་ལྔ་ཡིས་དྲ་ངོས་དང་དྲ་ངོས་མ་ཡིན་པ་གཉིས་ནས་མི་ཐེངས་ས་ཡ་བརྒྱད་ལྷག་ལ་ཞབས་འདེགས་ཞུས་ནས་ཕན་བཏགས་པ་དང་། དངོས་མང་བཤམས་སྟོན་ཁང་ཉེར་བརྒྱད་ལ་དྲ་ངོས་དང་དྲ་ངོས་མ་ཡིན་པ་གཉིས་ནས་ལྟད་མོ་བལྟ་མཁན་མི་ཐེངས་བྱེ་བ་གཉིས་དང་ས་ཡ་དྲུག་ལ་སླེབས།

རབ་མཛེས་མཚོ་སྔོན་གྱི་རིག་རྩལ་ཕུལ་བྱུང་ལེ་ཚན་དྲ་བའི་སྟེང་དུ་འཁྲབ་སྟོན་བྱེད་པ་སོགས་ཀྱི་བྱ་འགུལ་བརྒྱུད་དེ། མི་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་མང་ཚོགས་ཀྱི་དགའ་བསུ་ཐོབ་བའི་ཕུལ་བྱུང་བརྩམས་ཆོས་སྐོར་ཞིག་འོས་སྦྱོར་བྱས། ད་ལོར། ཞིང་ཆེན་ཡོངས་ནས་གཙོ་གནད་མང་ཚོགས་ཀྱི་རིག་གནས་བྱ་འགུལ་སྟོང་བརྒྱད་ལྷག་སྤེལ་བར་དྲ་ངོས་དང་དྲ་ངོས་མ་ཡིན་པ་གཉིས་ནས་དེར་ཞུགས་པའི་མི་ཐེངས་བྱེ་བ་གཅིག་ལྷག་ལ་སླེབས།

2021ལོར། རང་ཞིང་གིས་རིག་གནས་སྟོབས་ལྡན་གྱི་ཞིང་ཆེན་འཛུགས་སྐྲུན་བྱེད་པ་དམིགས་འབེན་དུ་བརྩིས་ཏེ། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་འཆར་གཞི་འགོད་པ་དང་རྨ་ཆུའི་རིག་གནས་སོགས་ཀྱི་ཆེད་དམིགས་འཆར་འགོད་ལ་སྐུལ་འདེད་བྱས་ཏེ། གཙོ་གནད་ལས་གཞི་སྐོར་ཞིག་འཆར་གཞི་བཀོད་པ་དང་། རྨ་ཆུ་སོགས་རྒྱལ་ཁབ་རིག་གནས་སྤྱི་གླིང་གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དང་། སྤུས་ལེགས་རིག་གནས་དང་ཡུལ་སྐོར་ཐོན་རྫས་འདོན་སྤྲོད་བྱེད་ཚད་ཇེ་མང་དུ་གཏང་རྒྱུ། ཏང་བཙུགས་ནས་ལོ་འཁོརབརྒྱ་ལོན་པའི་རྩེ་གྲས་བརྩམས་ཆོས་སྐོར་ཞིག་མཚམས་སྦྱོར་བྱེད་རྒྱུ་རེད།

ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པའི་ཁྲོད་དུ། རང་ཞིང་གིས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པར་ཤུགས་བསྣན་ནས། ཤུགས་རྐྱེན་ཆེ་བའི་རྩེ་གྲས་བཤམས་སྟོན་འཆར་འགོད་དང་མཚམས་སྦྱོར་བྱེད་རྒྱུ་དང་། ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་ཕྱོགས་ནས་ས་ཆ་སོ་སོའི་རིག་གནས་ཡུལ་སྐོར་སྡེ་ཁག་གིས་ཡུལ་སྐོར་ལྗོངས་ཁུལ་དང་སྤྲོ་གསེང་ཁུལ། ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་བྱེད་ཡུལ་བཅས་ཀྱི་མ་ལག་ཧུར་བརྩོན་གྱིས་བསྐྲུན་ནས། རྒྱལ་ཁབ་ཀྱི་རིག་གནས་ཐོན་ལས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་རྒྱུ་དང་། སྐྱེ་ཁམས་ལ་དམིགས་ནས་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ཚོང་རྟགས་གྲགས་ཅན་བསྐྲུན་ནས། “རབ་མཛེས་མཚོ་སྔོན། སྐྱེ་ཁམས་མཐོ་ས། ཡུལ་སྐོར་དག་ཞིང”གི་ཚོང་རྟགས་གྲགས་ཅན་གྱི་ཤུགས་རྐྱེན་ཐེབས་ཚད་རྒྱ་བསྐྱེད་རྒྱུ་རེད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།