དབུལ་ཐར་མཁྲེགས་གཏོར་གྱིས་མཚོ་སྔོན་ལ་རྣམ་པ་གསར་པ་མངོན།
2021.02.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 55


སྐྱེ་ཁམས་བཟང་བོ་ནི་དབུལ་ཐར་གྱི་མ་རྩ་ཆེས་ཆེ་བ་དེ་ཡིན།

ཟོ་སྐྱ་ཡུལ་ཚོའི་འབྲོག་མིས་ལྭ་བ་ལས་སྣོན་བྱེད་བཞིན་པ།

འདི་ནི་ཁྱད་དུ་འཕགས་པའི་གྲུབ་འབྲས་ཤིག་ཡིན་ཏེ། མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་རྫོང་དང་དབུལ་ཕོངས་སྡེ་བ། དབུལ་ཕོངས་མི་གྲངས་ཚང་མ་དབུལ་ཕོངས་ལས་ཐར་ཡོད་ལ། ལྟོས་བཅས་ཀྱི་དབུལ་ཕོངས་དང་ས་ཁོངས་རང་བཞིན་གྱི་སྤྱིའི་དབུལ་ཕོངས་གནད་དོན་ལོ་རྒྱུས་རང་བཞིན་གྱིས་ཐག་བཅད་ཡོད། དབུལ་ཕོངས་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་བཀོལ་ཆོག་པའི་ཡོང་སྒོ་ཉིས་སྟོང་བཅོ་ལྔ་ལོའི་ལོ་མཇུག་གི་སྒོར་སྟོང་གཉིས་བརྒྱ་དང་གོ་དྲུག་ནས་ཉིས་སྟོང་བཅུ་དགུ་ལོའི་སྒོར་སྟོང་བརྒྱད་དང་དགུ་བརྒྱ་གོ་དྲུག་ཏུ་འཕར་ནས། མི་རེར་ཆ་སྙོམས་ཀྱི་བརྒྱ་ཆའི་ཞེ་གཉིས་འཕར་བ་དེ། རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་ཐིག་དགུ་ཡིས་མཐོ།

འདི་ནི་དངོས་འཛིན་བདེན་སྒྲུབ་ཀྱི་མཁྲེགས་གཏོར་འཐབ་འཛིང་ཞིག་ཀྱང་ཡིན་ཏེ། སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ་གྱི་དམིགས་འབེན་ཚད་གཞིར་དམ་དུ་དམིགས་ནས། ལོ་བཞིར་གཅིག་བསྡུས་མཁྲེགས་གཏོར་བྱེད་པ་དང་། ལོ་གཅིག་ལ་སྲ་བརྟན་མཐོར་འདེགས་གཏོང་བའི་སྤྱིའི་བསམ་ཕྱོགས་ལྟར། གཅིག་གི་ཁར་བརྒྱད་དང་དེའི་ཁར་བཅུ་སྣོན་པའི་སྲིད་ཇུས་མ་ལག་ཁྲིད་སྟོན་དུ་བཟུང་སྟེ། ཆེད་དོན་དབུལ་སྐྱོར་དང་ལས་རིགས་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་རེས་བཅས་ལ་གཅིག་གྱུར་བཀོད་སྒྲིག་བྱས་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་བྱས་པས། དབུལ་ཐར་མཁྲེགས་གཏོར་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

འདི་ནི་དབུལ་སེལ་གྱི་ངོ་མཚར་བའི་ལག་ལེན་ངོ་མ་ཞིག་དེ་ལས་ཀྱང་ཡིན་ཏེ། རྒྱལ་ཡོངས་སུ་དབུལ་ཕོངས་འབྱུང་ཚད་ཆེས་མཐོ་བ་དང་། དབུལ་ཕོངས་ཀྱི་ཚད་ཆེས་ཟབ་པ། དབུལ་སྐྱོར་གྱི་མ་རྩ་ཆེས་མཐོ་བ། དབུལ་སྐྱོར་གྱི་དཀའ་ཚེགས་ཆེས་ཆེ་བ་བཅས་ཀྱི་ཧ་ཅང་དབུལ་བའི་ས་ཁུལ་ཡིན་པའི་ཆ་ནས། ལིའུ་ཕན་རི་ཁུལ་དང་བོད་འབྲེལ་ཁུལ་དྲུག་གྲས་སུ་གཏོགས་པའི་རྫོང་ཞེ་གཉིས་པོ་ཚང་མ་དུས་རབས་གསར་པའི་དབུལ་ཐར་མཁྲེགས་གཏོར་གྱི་གཡུལ་ས་གཙོ་བོར་བཞག་སྟེ། དབུལ་ཕོངས་སྡེ་བ་སྟོང་གཅིག་དང་དྲུག་བརྒྱ་ཉེར་གཉིས་དང་། དབུལ་ཕོངས་མི་གྲངས་འབུམ་ལྔ་དང་ཁྲི་བཞི་ཚང་མ་དབུལ་ཕོངས་ལས་ཐར་བར་བྱས།

མཚོ་སྔོན་གྱིས་ཕུལ་དུ་བྱུང་བའི་བློ་སྤོབས་དང་བློ་གྲོས་ལ་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་འཐབ་འཛིང་གི་རླབས་ཆེ་བའི་མཚོ་སྔོན་ལག་ལེན་བཏོད་ཡོད།

ཏང་འཛུགས་ཀྱིས་གཅིག་འདོམས་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་གྱི་སྒུལ་ཤུགས་ཆེན་པོ་གཅིག་སྡུད་བྱས་པ།

ལོ་རྒྱུས་ཀྱིས་མདུན་སྐྱོད་པ་དང་འབད་འཐབ་པར་གཟིགས་སྐྱོང་གནང་བ་མ་གཏོགས། སྡར་མ་དང་ལེ་ལོ་ཅན་ལ་སྒུག་མི་སྲིད། དབུལ་ཕོངས་ཀྱི་གཏིང་ཟབ་སར་ཏང་འཛུགས་ཀྱིས་གཅིག་འདོམས་དང་རྐྱེན་སྲོལ་ལེགས་སྒྱུར་བྱས་པའི་གདོང་མཆོང་གི་དུང་བརྡ་ནི་མཚོ་སྔོན་གྱི་ས་གཞི་ཆེན་མོ་རུ་ཡང་ནས་ཡང་དུ་གྲགས་མྱོང་།

ཞིང་ཆེན་གྱིས་སྤྱིའི་འགན་ཁུར་བ་དང་། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་བྱེད་པའི་བླང་བྱ་ལྟར། རིམ་པ་ལྔའི་ཧྲུའུ་ཅིས་དབུལ་སྐྱོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། སྡེ་སྡོད་ཧྲུའུ་ཅི་དང་པོའི་གཙོ་ཤུགས་དངོས་སུ་བཏོན་ནས། ཞིང་ཆེན་ཡོངས་སུ་ལས་སྒོར་བྱང་བ་དང་བྱང་ཚད་མཐོ་བ། ནུས་པ་ཆེ་བའི་ཧྲུའུ་ཅི་དང་པོ་བདམས་མངགས་བྱས་ཏེ། སྡེ་སྡོད་བྱ་བའི་སྟོབས་ཤུགས་ཆེ་རུ་བསྐྱེད།

དམངས་ཕན་ཞིབ་ཏུ་བསམ་པ་ན། ཇུས་གཞི་ཀུན་ནི་ཚགས་སུ་ཆུད། རང་ཞིང་གིས་དུས་ནམ་ཡང་དབུལ་ཐར་མཁྲེགས་གཏོར་བྱ་བར་ཧ་ཅང་མཐོང་ཆེན་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་དམངས་ཚིས་བཟོ་སྐྲུན་དང་པོར་བརྩིས། དབུལ་ཐར་མཁྲེགས་གཏོར་བྱས་པའི་ཚུན་ལ། དབུལ་ཐར་མཁྲེགས་གཏོར་གང་དུ་བྱས་ན། ཏང་གི་གཡུལ་ས་དེ་རུ་འཛུགས་པའི་བྱ་བའི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། འཐབ་ཇུས་བཀོད་སྒྲིག་ཐད་སྒྲོག་གུ་རྒྱག་རྒྱག་དང་། འགན་འཁྲི་ལག་བསྟར་ཐད་ཁུར་པོ་ཁུར་ཁུར། ལས་འགན་དོན་འཁྱོལ་ཐད་གཟེར་མ་རྡེབ་རྡེབ་བཅས་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་དང་བློ་གྲོས། ནུས་པ་བཅས་གཅིག་སྡུད་བྱས་ལ། ཏང་འཛུགས་ཀྱིས་གཅིག་འདོམས་བྱས་ཏེ། སྤྱི་ཚོགས་སྟོབས་ཤུགས་ཀྱིས་དབུལ་ཕོངས་སེལ་བར་འབད་བརྩོན་བྱེད་པར་སྐུལ་སློང་རྒྱ་ཆེར་བྱས་ནས། ཐོན་ཁུངས་ཡོད་ཚད་དབུལ་ཐར་མཁྲེགས་གཏོར་གྱི་ཕྱོགས་སུ་བསྡུ་བ་དང་། སྟོབས་ཤུགས་ཡོད་ཚད་དབུལ་ཐར་མཁྲེགས་གཏོར་གྱི་ཐད་དུ་འདུ་བ། བྱ་བ་ཡོད་ཚད་དབུལ་ཐར་མཁྲེགས་གཏོར་གྱི་ཕྱོགས་སུ་དམིགས་ཏེ། དབུལ་ཕོངས་ལ་ཁ་གཏད་འཇལ་བ་དང་དབུལ་ཕོངས་ལས་རྣམ་པར་རྒྱལ་བའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱས།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་ཆུ་སྔོན་གྲོང་རྡལ་འབྲས་ཐང་སྡེ་བའི་ཕྱེ་འཐག་བཟོ་གྲྭ་ནི་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་གྲུབ་འབྲས་ཡིན། ཕྱེ་འཐག་བཟོ་གྲྭ་འཛུགས་པའི་དམིགས་ཡུལ་དེ་སྡེ་བའི་སྔོན་ཆད་ཀྱི་ཀྲི་པུའུ་ཧྲུའུ་ཅི་ལིའུ་ཡུག་ཅི་ཡི་སེམས་སུ་ཁྲིག་ཁྲིག་རེད། ཁོས་བཤད་རྒྱུར། ཉིས་སྟོང་བཅུ་དགུ་ལོར་སྡེ་མིའི་ཚོགས་འདུ་ཐེངས་མང་བསྡུས་རྗེས། ཚོད་ལྟ་ཞིག་བྱེད་བསམ་ནས་ཕྱེ་འཐག་བཟོ་གྲྭ་ཞིག་བཙུགས་པ་ཡིན། ད་ལྟ་ཞིང་ལས་ཐོན་རྫས་འདེབས་འཛུགས་དང་ལས་སྣོན། ཕྱིར་འཚོང་བཅས་མུ་འབྲེལ་གྱི་འཕེལ་རྒྱས་བྱུང་སྟེ། ཀྲི་པུའུ་དང་ཀུང་སི། མཉམ་ལས་ཁང་། ཞིང་ཁྱིམ་བཅས་མཉམ་འབྲེལ་གྱི་དམངས་ཕྱུག་གི་རྣམ་པ་ཞིག་གྲུབ་ནས། དབུལ་ཕོངས་ཀྱི་ཞྭ་མོ་རིང་དུ་དོར་ཡོད་ཟེར།

ཀྲི་པུའུ་གཅིག་ནི་བཙན་རྫོང་ཞིག་ཡིན་ལ། ཏང་ཡོན་གཅིག་ནི་དར་ཆ་ཞིག་ཡིན། དབུལ་ཐར་མཁྲེགས་གཏོར་གྱི་ལས་ཡུལ་དང་པོ་ནི་ལས་བྱེད་པ་སྦྱོང་བརྡར་བྱེད་ཡུལ་ཡིན་ཏེ། ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་སྡེ་བ་སྟོང་བཞི་བརྒྱ་དང་ཞེ་དྲུག་གི་ཏང་ཀྲི་པུའུ་དབུལ་ཐར་མཁྲེགས་གཏོར་ཁྲོད་ཞུགས་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་གཞི་རིམ་གྱི་ལས་ཡུལ་དང་པོར་སོང་སྟེ། མང་ཚོགས་ཀྱི་སེམས་གཏམ་ལ་ཉན་པ་དང་། དཀའ་ངལ་སེལ་རོགས་བྱས་པས། ཏང་དང་མང་ཚོགས་བར་གྱི་འབྲེལ་བ་དང་། ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་སོང་བ་དང་། སྤྱི་ཚོགས་སྔར་ལས་འཆམ་མཐུན་གཏན་འཇགས་སུ་སོང་ནས། དབུལ་ཐར་མཁྲེགས་གཏོར་གྱི་ཡིད་ཚིམ་ཚད་དང་ཁས་ལེན་ཚད་ཆེས་ཆེར་ཇེ་མཐོར་སོང་བ་དང་། དབུལ་ཐར་མཁྲེགས་གཏོར་དེ་རིམ་པ་སོ་སོའི་ལས་བྱེད་པའི་ཁག་ཁུར་འགན་ལེན་ལ་ཞིབ་བཤེར་དང་དཔྱད་ཞིབ་བྱེད་སྤྱད་དུ་གྱུར་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་སྒུལ་ཤུགས་ཆེན་པོ་གཅིག་སྡུད་བྱས།

དེ་དང་མཉམ་དུ་དཔྱད་ཞིབ་ཀྱི་བཀོད་འདོམས་ནུས་པ་བཟང་པོར་བཏོན་ནས། གྲོང་ཁྱེར་དང་རྫོང་གི་ཏང་ཨུ་དང་སྲིད་གཞུང་དང་། ཞིང་ཆེན་ཐད་གཏོགས་ལས་རིགས་སྡེ་ཁག་གི་དབུལ་ཐར་མཁྲེགས་གཏོར་བྱ་བའི་གྲུབ་འབྲས་དཔྱད་ཞིབ་བྱེད་ཐབས་བཏོན་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་འགན་འཁྲི་མ་ལག་ཁྲོད་དུ་བཞག་སྟེ་དཔྱད་ཞིབ་བྱས། དེའི་ནང་དུ་གྲོང་ཁྱེར་དང་ཁུལ་གྱི་དཔྱད་ཞིབ་དབང་ཆ་བརྒྱ་ཆའི་བཅུ་གཉིས་སུ་ཇེ་ཆེར་བཏང་བ་དང་། རྫོམ་རིམ་པའི་དཔྱད་ཞིབ་དབང་ཆ་བརྒྱ་ཆའི་བདུན་ཅུ་རུ་ཇེ་ཆེར་བཏང་སྟེ། སྔོན་གྲལ་དུ་ཚུད་པའི་ས་ཁུལ་ལ་བྱ་དགས་ཁ་གསབ་བྱས་པ་དང་། རྗེས་སུ་ལུས་པའི་ས་ཁུལ་ལ་གསལ་འདེབས་བྱས་ཏེ། བདེན་འཛིན་དངོས་སྒྲུབ་ལ་དངོས་སུ་ཡར་སྐུལ་བྱས།

ཐོན་ལས་ཀྱིས་སྣེ་ཁྲིད་དེ་དབུལ་ཕོངས་ཁྱིམ་ཚང་དབུལ་ཐར་བྱེད་པར་ལམ་བུ་བཏོད་པ།

ས་ཁུལ་མི་འདྲ་བའི་དབུལ་སྐྱོར་བྱ་ཡུལ་མི་འདྲ་སྟེ། བྱ་བ་སྒྲུབ་སྟངས་ཀྱང་མི་འདྲ་བ་རེད། དབུལ་ཐར་མཁྲེགས་གཏོར་གྱི་སྲོག་ཤིང་དང་གནད་འགག་ནི་ཐོན་ལས་དབུལ་སྐྱོར་ཡིན།

རང་ཞིང་གིས་གསར་སྤེལ་གྱི་རྣམ་པ་ལྡན་པའི་དབུལ་སྐྱོར་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ཀྱིས་ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་པར་ཁྲིད་སྟོན་བྱས། “རང་བརྟེན”གྱི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་གྲངས་བརྒྱ་ཆའི་གོ་གཅིག་ལ་ཐོན་ལས་དབུལ་སྐྱོར་དང་ལས་ཞུགས་དབུལ་སྐྱོར་གྱི་རྒྱབ་སྐྱོར་ཐོབ་པ་དང་། དབུལ་ཕོངས་མི་གྲངས་གསུམ་ཆའི་གཉིས་ཡན་གྱི་མི་སྣ་གཙོ་བོར་ཕྱི་རུ་ཞོར་ལས་སུ་འགྲོ་བ་དང་ཐོན་ལས་དབུལ་སྐྱོར་ལ་བརྟེན་དགོས། གླ་ཕོགས་རང་བཞིན་གྱི་ཡོང་འབབ་དང་ཐོན་སྐྱེད་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་ཀྱིས་བསྡུར་གྲངས་བཟུང་ཚད་མཐོ་རུ་བྱིན་ཡོད། གཞན་སྒྱུར་རང་བཞིན་གྱི་ཡོང་འབབ་ལོ་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་དང་། རང་བརྟེན་དབུལ་ཐར་ནུས་པ་བརྟན་པོའི་ངང་ཇེ་མཐོར་འགྲོ་བཞིན་ཡོད།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་གྱིས་ཡུལ་བབ་དང་བསྟུན་ཏེ་ཐོན་ལས་དར་རྒྱས་གཏོང་བའི་བསམ་ཕྱོགས་ལ་གཞིགས་ནས། ཚོད་ལྟའི་ས་ཁུལ་གྱིས་སྐྱེད་སྲིང་བྱས་པའི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་ལྔ་ཉིན་རེ་བཞིན་འཐུས་ཚང་དུ་ཕྱིན་པ་དང་། ཁྱབ་འགྱེད་སྣེ་ཁྲིད་ཀྱི་ཕན་འབྲས་ཉིན་རེ་བཞིན་མངོན་གསལ་དུ་ཕྱིན་ཡོད། ཞིང་ལས་མཚམས་སར་ཞིང་འདེབས་པ་དང་ཕྱུགས་ལས་མཚམས་སར་ཕྱུགས་ཟོག་གསོ་སྐྱོང་། ཞིང་ཕྱུགས་ཟུང་འབྲེལ་བྱེད་པ། ནས་ནག་འདེབས་པ། ཞོག་ཁོག ལོག་དཀར། གཟན་རྩྭ་སོགས་འདེབས་བཞིན་ཡོད་པ་དང་། ས་བབ་མཐོ་བ་དང་ཕྱུགས་ལས་རྐྱང་པའི་ཐོག་ནས་རྩྭ་ཐང་གི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་གཏོང་བ། རྩྭ་ཐང་ལ་བརྟེན་པ་དང་གྲོང་ཁུལ་ལ་བརྟེན་ནས་སྒོ་རྩིས་ཚོང་ཁང་གཉེར་བ། ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་པ། སྡེ་བའི་སྤྲོ་གསེང་ཁང་གཉེར་བ་སོགས་སྣ་མང་ཐོན་ལས་ལས་གཞི་གཉེར་གྱིན་ཡོད། ཚོང་ལས་དཔལ་འབྱོར་དར་རྒྱས་འགྲོ་རྒྱུར་གཞོལ་ནས་མགྲོན་ཁང་དང་ཉོ་ཚོང་ཁྲོམ་ར། སྐྱེལ་འདྲེན་ལས་རིགས་སོགས་ཧུར་ཐག་གིས་གཉེར་ཏེ་འབྲོག་པ་ནས་ཚོང་པའི་ཕྱོགས་སུ་བསྒྱུར་ཡོད།

2015ལོར། ཆུ་དམར་ལེབ་རྫོང་གིས་མ་དངུལ་དང་མི་ཤུགས་འབོར་ཆེན་བཏང་སྟེ། གཞི་ཁྱོན་ཆེ་བ་དང་སྒྲིག་བཀོད་ཆ་ཚང་བ། ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་གིས་དང་ལེན་བྱེད་བདེ་བ་བཅས་ཀྱི་འབྲོག་པ་མཁར་གྲོང་ཅན་གྱི་འཕེལ་རྒྱས་ཞབས་ཞུའི་གསོ་སྦྱོང་རྟེན་གཞི་བསྐྲུན་པ་རེད། ལོ་བཅོ་བརྒྱད་ནས་སོ་བརྒྱད་བར་གྱི་མི་གྲངས་སྟོང་ལྔ་དང་སོ་དགུ་གདམ་གསེས་བྱས་ནས། ལས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལས་ཞུགས་རོགས་སྐྱོར་སྲིད་ཇུས་དང་ལས་སྐྲུན་མ་དངུལ་གྱི་རྒྱབ་སྐྱོར་ཁྱབ་ཁོངས་ནང་བཅུག་སྟེ། དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་ཟ་མ་གཡོས་སྦྱོར་དང་། རླངས་འཁོར་དང་འཕྲུལ་རྟ་ཞིག་གསོ།

འཚེམ་བཟོ། མི་རིགས་ཀྱི་གྱོན་ཆས་ལས་སྣོན་སོགས་ཉེར་སྤྱོད་རང་བཞིན་གྱི་ལག་རྩལ་གསོ་སྦྱོང་འཛིན་གྲྭ་བཙུགས་ནས། ཆེད་ལས་ལག་རྩལ་མི་སྣ་གདན་དྲངས་ཏེ“མི་གཅིག་གིས་གཅིག་ལ་རྩལ་ནུས་ཁྲིད་པ”བཅས་ཀྱི་རྩལ་ནུས་སློབ་ཁྲིད་བྱས། མིག་སྔའི་བར་དུ། རྟེན་གཞི་ནས་མི་སྟོང་གཉིས་བརྒྱ་དང་དོན་གཅིག་ལ་གསོ་སྦྱོང་བྱས་པ་དང་། མི་སྟོང་གཅིག་དྲུག་བརྒྱ་བཞི་བཅུ་ལ་གསོ་སྦྱོང་བྱས་ནས་རྫོང་མཁར་དུ་སྤོས་པའི་གནད་འཁེལ་དབུལ་སྐྱོར་གྱི་གནས་སྤོར་ཁྱིམ་ཚང་ལ་ལག་རྩལ་སྣ་གཅིག་སྤྱད་དེ། མི་རབས་ནས་མི་རབས་བར་དབུལ་པོ་མི་འབྱུང་བ་བྱས་ནས་མང་ཚོགས་དབུལ་པོའི་ནང་གནས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ་དང་། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་འབྲོག་པ་མང་ཚོགས་ཀྱི་རྩལ་ནུས་གསོ་སྦྱོང་བྱེད་སྟངས་གསར་པ་ཞིག་བཏོད་ཡོད།

གོང་གསལ་གྱི་དེ་དག་ནི་དབུལ་ཐར་མཁྲེགས་གཏོར་གྱི་བྱ་སྤྱོད་ཁྲོད་ངོ་མཚར་ཆེ་བའི“ལེའུ”ཡི་གཟིག་མཐོང་ཙམ་རེད། ཞིང་ཆེན་ཡོངས་ཀྱིས་ཐོན་ལས་དབུལ་སྐྱོར་དེ་དབུལ་ཐར་མཁྲེགས་གཏོར་གྱི་ཁ་ཕྱོགས་གཙོ་བོར་བརྩིས་ནས། ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་གྱི་བརྒྱ་ཆའི་དྲུག་ཅུ་ཐོན་ལས་དབུལ་སྐྱོར་ཐད་སྤྱད་དེ་རྫོང་དང་སྡེ་བ། ཁྱིམ་ཚང་བཅས་སུ་དབུལ་སྐྱོར་ཐོན་ལས་མ་ལག་བསྐྲུན་ནས། འབྲི་གཡག་དང་ནས། འོད་ཤུགས། ཞིང་སྡེའི་ཡུལ་སྐོར། མི་རིགས་ལག་ཤེས་བཟོ་ལས་སོགས་ཁྱད་ལྡན་ཁྱད་སྟོབས་ཏེ་དབུལ་སྐྱོར་ཐོན་ལས་ཐད་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། ནུས་པ་ལྡན་པའི་དབུལ་ཕོངས་མི་གྲངས་འབུམ་བཞི་དང་ཁྲི་དགུ་སྟོང་གཉིས་ཚང་མར་ཐོན་ལས་ཡོང་སྒོའི་ལས་གཞི་ཡོད་པ་དང་། ཐོན་ལས་ཡོང་འབབ་ཀྱིས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་བརྒྱ་ཆའི་བཞི་བཅུ་ཟིན་ཡོད།

ལས་ཞུགས་ལ་བརྟེན་ནས་དབུལ་ཕོངས་ཁྱིམ་ཚང་བརྟན་འཇགས་ངང་དབུལ་ཐར་བྱེད་པར་འགན་སྲུང་བྱས།

དབུལ་ཕོངས་ཀྱི་མི་གྲངས་མང་བ་དང་ཁྱབ་རྒྱ་ཆེ་ལ། ཐོན་ལས་འཕེལ་རྒྱས་ཁོ་ནར་བརྟེན་ན་དབུལ་ཕོངས་ཁྱིམ་ཚང་ཚང་མ་དབུལ་ཐར་ཕྱུག་འགྱུར་ཡོང་དཀའ་བས། ལས་ཞུགས་ནི་དམངས་ཚིས་རྩ་བ་དང་དབུལ་ཕོངས་མང་ཚོགས་བརྟན་འཇགས་ངང་དབུལ་ཐར་ཐུབ་པའི་རྩ་བའི་ཐབས་ཇུས་ཤིག་རེད།

རང་ཞིང་གིས་ཐོན་ལས་ཀྱི་སྣེ་ཁྲིད་པ་དང་། ལས་ཞུགས་ཀྱིས་སྐུལ་འདེད་བྱེད་པ། དབུལ་སྐྱོར་ཐོན་ལས་གདམ་གསེས་དང་སྐྱེད་སྲིང་བྱེད་པ་དང་ཆབས་ཅིག དབུལ་ཕོངས་ཁྱིམ་ཚང་གི་ནང་གནས་སྒུལ་ཤུགས་དང་ངལ་རྩོལ་རྩལ་ནུས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་ཆེན་པོ་བྱས་ཡོད། དབུལ་ཕོངས་ཀྱི་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་རྩལ་ནུས་ཆེ་རུ་གཏོང་བ་དང་།“ལང་ཚོའི་ལས་སྐྲུན”གྱི་བྱ་སྤྱོད་སྤེལ་བ།“འཐེན་ཐུག་དཔལ་འབྱོར”གྱི་སྲོལ་རྒྱུན་ངལ་རྩོལ་ནུས་ཤུགགས་ཀྱི་སྤུས་རྟགས་བསྐྲུན་པ། སྤྱི་ཕན་རང་བཞིན་གྱི་དབུལ་སྐྱོར་ལས་གནས་གསར་སྤེལ་བྱེད་པ། དབུལ་སྐྱོར་འཁོར་ཁང་སྐྲུན་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། དབུལ་ཕོངས་ཀྱི་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་།

མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་ངལ་རྩོལ་ནུས་ཤུགས་འབུམ་གཉིས་དང་ཁྲི་བརྒྱད་སྟོང་ལྔ་ཡི་ཁྲོད་ནས་མི་འབུམ་གཅིག་དང་ཁྲི་བདུན་སྟོང་གཅིག་ལས་ཞུགས་བྱས་པ་དང་། བརྒྱ་ཆའི་ང་དགུ་དང་གྲངས་ཆུང་དྲུག་ཟིན་པ་དེ་ལོ་སྔོན་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་ཐིག་སོ་དྲུག་འཕར་ཡོད།

དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བཏོན་ནས་དབུལ་ཕོངས་ཁྱིམ་ཚང་གི་འདུ་ཤེས་བསྒྱུར་བ།

རྩལ་ནུས་གསོ་སྦྱོང་བྱས་པའི་དབུལ་ཕོངས་མི་གྲངས་འབུམ་གཅིག་དང་ཁྲི་གཉིས་སུ་སླེབས་ཡོད་པ་དང་། གསོ་སྦྱོང་ནང་ཞུགས་མཁན་བརྒྱ་ཆའི་བདུན་ཅུ་ཡིས་ལས་ཞུགས་ཐབས་ལམ་རྙེད་ཡོད།

“ལང་ཚོའི་ལས་སྐྲུན”ཐད་བསྡོམས་པས་ཁག་ཐེག་མ་དངུལ་སྒོར་བྱེ་བ་དྲུག་བཏང་བ་དེས་དངུལ་ཁང་གི་དངུལ་བུན་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་གཡར་བ་མ་ཟད། ན་གཞོན་སྟོང་ལྔ་དང་དྲུག་བརྒྱ་བརྒྱད་ཅུ་ལྷག་ལ་ལས་སྐྲུན་རོགས་སྐྱོར་བྱས་ནས། དབུལ་ཕོངས་མི་གྲངས་ཁྲི་གཅིག་དང་སྟོང་གཅིག་གི་ཡོང་སྒོ་འཕར་བར་སྐུལ་ཁྲིད་བྱས།

འཐེན་ཐུག་གི་དཔལ་འབྱོར་ལག་བསྟར་བྱས་ཏེ། ཕོགས་ལྡན་ལས་ཐོག་སྦྱོང་བརྡར་དང་ལས་སྐྲུན་ཟུང་དུ་འབྲེལ་བའི་འཆར་གཞི་ལག་ལེན་དུ་བསྟར་བ་དང་། ཞིང་ཆེན་ཡོངས་ཀྱི་མང་ཚོགས་འབུམ་གཅིག་དང་ཁྲི་དགུ་སྟོང་གཅིག་གིས་འཐེན་ཐུག་ཐོན་ལས་གཉེར་ལ། རྒྱལ་ཡོངས་སུ་འཐེན་ཐུག་ཟ་ཁང་ཁྲི་གསུམ་དང་སྟོང་གཉིས་ཕྱེས་པ་དང་། ལོ་གཅིག་གི་ཐོན་རྫས་རིན་ཐང་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་ལྔ་ལྷག་ཙམ་ཟིན་པ་དེས་དབུལ་ཕོངས་མི་གྲངས་ཁྲི་གཉིས་ལྷག་ལ་ཁྱབ་འགྱེད་སྣེ་ཁྲིད་བྱས།

དབུལ་སྐྱོར་འཁོར་ཁང་སུམ་བརྒྱ་བཅུ་འཛུགས་སྐྲུན་བྱས་ནས་ལས་ཞུགས་ལས་གནས་ཁྲི་དྲུག་དང་སྟོང་དྲུག་བརྒྱད་བརྒྱ་ཐག་གཅོད་བྱས།

སྤྱི་ཕན་རང་བཞིན་གྱི་དབུལ་སྐྱོར་ལས་གནས་རིམ་རྩིས་བྱས་ན་སྐྱེ་ཁམས་དོ་དམ་ལས་གནས་འབུམ་གཅིག་དང་ཁྲི་དྲུག་གསར་སྤེལ་བྱས་པའི་ནང་དབུལ་ཕོངས་མི་གྲངས་ཁྲི་བཞི་དང་སྟོང་དགུ་དགུ་བརྒྱ་བཀོད་སྒྲིག་བྱས་པ་དང་། ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཉིས་ཡོད་པ་དང་། དབུལ་ཕོངས་ཁྱིམ་ཚང་གི་མི་སྣའི་བརྒྱ་ཆའི་སོ་གཅིག་དང་གྲངས་ཆུང་གཉིས་ལ་ཕན་ཁེ་ཐོབ། རིམ་རྩིས་བྱས་ན་སྡེ་བ་རིམ་པའི་སྤྱི་ཕན་རང་བཞིན་གྱི་ལས་གནས་ཁྲི་གསུམ་དང་སྟོང་ལྔ་གསར་སྤེལ་བྱས་པ་དང་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཅིག་འཕར་ཡོད། ཁྱད་པར་དུ། སྐྱེ་ཁམས་དབུལ་སྐྱོར་ཐད་སྐྱེ་ཁམས་སྲུང་སྐྱོབ་དང་དབུལ་སྐྱོར་གསར་སྤེལ་མཉམ་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་དབུལ་སྐྱོར་གྱིས་དབུལ་པོ་སྐྱོར་ཐུབ་པ་མ་ཟད་སྐྱེ་ཁམས་ཀྱང་ཇེ་ལེགས་སུ་ཕྱིན་ཡོད། སྐྱེ་ཁམས་སྲུང་སྐྱོབ་ལ་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་གཏོང་བ་དང་དབུལ་ཐར་མཁྲེགས་གཏོར་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བའི“སྐྱེ་ཁམས་དབུལ་ཐར”གྱི་ལམ་བུ་ཞིག་བསྐྲུན་ཡོད།

དབུལ་ཐར་མཁྲགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་ཆབས་ཅིག ལོ་མང་གི་ཕུགས་འདུན་དེ་ཉིན་མཚན་ཆིག་སྟོང་ལྷག་ཙམ་ནང་གཅིག་སྡུད་བྱས་ནས་དཀའ་ཚེགས་ཆེན་པོས་འགན་འཁྲི་ཏེ་གུང་ཁྲན་ཏང་མིའི་ཕྲག་ཏུ་ཁུར་ནས། མཚོ་སྔོན་གྱིས་ངར་ཤུགས་གཅིག་སྒྲིམ་དང་དཔའ་ངར་ཆེན་པོས་སྔོན་ལ་བརྩོན་ལེན་བྱེད་བཞིན་ཡོད་པ་དང་། རྒྱལ་ཁ་ཡོངས་སུ་ལེན་པའི་ཆོད་སེམས་ཀྱིས་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པར་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཞིང་སྡེ་དར་སྤེལ་གཏོང་བའི་དུས་རབས་གསར་པའི་ལེའུ་ཧུར་ཐག་གིས་རྩོམ་རྒྱུར་སྐུལ་འདེད་བཏང་ཡོད།

ལོ་ཙཱ་བ། ཤ་བོ་རིན་མཚོ།