2021ལོར་མཚོ་ལྷོ་ཁུལ་གྱིས་དམངས་ཕན་དོན་ཆེན20བསྒྲུབ་རྒྱུ་རེད།
2021.03.15 ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས། 17

 མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་།མཚོ་ལྷོ་ ཁུལ་ཏང་ཨུའི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཅུ་གཉིས་པའི་བྱ་བའི་སྒྲིག་བཀོད་ལག་བསྟར་བྱེད་པ། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་རིང་མུ་མཐུད་དུ་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་ཆེས་ཐད་ཀར། ཆེས་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་བྱས་ཏེ།  ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པར་བྱ་ཆེད། 2021ལོར། མཚོ་ལྷོ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་མུ་མཐུད་དུ་དམངས་ཚིས་ཁྱབ་ཁོངས་སུ་ནུས་ཤུགས་བཏོན་ཏེ། “བརྟན་འཇགས་དྲུག”གི་བྱ་བ་ལེགས་པོར་བསྒྲུབ་པ་དང“འགན་སྲུང་དྲུག”གི་འགན་འཁྲི་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ།  ཕྱོགས་སོ་སོའི་མ་དངུལ་སྒོར་དུང་ཕྱུར28བསྡུ་སྒྲིག་བྱས་ནས། མང་ཚོགས་ཀྱི་ལས་ཞུགས་དང་སློབ་ཞུགས། རྒན་གསོ། སྡོད་ཁང་། ཞིང་སྡེ་དར་སྤེལ་བཅས་ལ་རམ་འདེགས་དང་། མང་ཚོགས་ཀྱི་ཡོང་སྒོ་ཇེ་མཐོར་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་པ་སོགས་ཀྱི་ཐད་གཅིག་བསྡུས་ཀྱིས་དམངས་ལ་ཕན་པའི་དོན་དངོས20བསྒྲུབ་རྒྱུ་སྟེ། མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོར་འདེགས་དང་ཁྱོན་ཡོངས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་གཏོང་བར་མུ་མཐུད་དུ་སྐུལ་འདེད་བྱ་རྒྱུ་རེད།

རིག་གནས་སློབ་གསོ་དང་འཕྲོད་བསྟེན་ལས་དོན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།

གཅིག ཡུལ་སྐོར་འཕེལ་རྒྱས་ཐད་མ་དངུལ་སྒོར་བྱེ་བ་གཅིག་ས་ཡ་ལྔ་བརྩོན་ལེན་བྱས་ནས། ཡུལ་སྐོར་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལས་གཞི་ལག་བསྟར་དང་། རིག་གནས་ཡུལ་སྐོར་ལས་རིགས་གཉེར་མཁན་གྱི་མི་སྣ་མི་ཐེངས2500གསོ་སྦྱོང་བྱ་རྒྱུ།“གླུ་གར་ཞིང་སྡེར་བསྐྱལ་བའི”རིག་གནས་དམངས་ཕན་འཁྲབ་སྟོན་གྱི་བྱ་འགུལ་ཐེངས150སྤེལ་རྒྱུ།

གཉིས། མ་དངུལ་སྒོར་དུང་ཕྱུར་གཅིག་བྱེ་བ་བདུན་ས་ཡ་བརྒྱད་བཏང་སྟེ། སློབ་གྲྭ་ཆུང་འབྲིང་དང་། བྱིས་གཉོར་ཁང41གསར་འཛུགས་དང་རྒྱ་སྐྱེད་པའི་ལས་གཞི་ལག་བསྟར་དང་། གུང་ཧོ་རྫོང་མཐོ་རིམ་སློབ་འབྲིང་དང་ཞིན་ཧེ་རྫོང་མཁར་ནུབ་བྱིས་གཉོར་ཁང་སོགས་ལས་གཞི་གལ་ཆེན་སྐོར་ཞིག་འཛུགས་སྐྲུན་བྱས་ནས། ཧུར་ཐག་གིས་སློབ་སྒྲུབ་ཆ་རྐྱེན་ལེགས་སྒྱུར་བྱེད་པ་དང་། ས་གཞན་ནས་སློབ་སྒྲུབ་བྱེད་པར་ཤུགས་སྣོན་བྱེད་པ། སློབ་མ80ཅང་སུའུ་ཡི“མཚོ་ལྷོ་མི་རིགས་མཐོ་འབྲིང་འཛིན་གྲྭར”བསྐྱལ་ནས་སྤུས་ཚད་མཐོ་བའི་སློབ་གསོ་མྱོང་ཐུབ་པར་བྱེད་པ། ས་གཞན་ནས་འབྲིང་རིམ་འཛིན་གྲྭར་སློབ་མ200བསྡུ་རྒྱུ་ལེགས་འགྲུབ་བྱ་རྒྱུ།

གསུམ། མ་དངུལ་སྒོར་བྱེ་བ་ལྔ་བཏང་སྟེ། རྫོང་ཁག་ལྔའི་ཕྱོགས་བསྡུས་སྨན་ཁང་གི་རིམས་ནད་ཁང་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། དོན་དངོས་ཐོག་རིམས་ནད་རང་བཞིན་གྱི་ནད་ལྕི་མོའི་སྲོག་སྐྱོབ་ནུས་པ་མཐོར་འདེགས་སུ་གཏོང་བ་དང་། མ་དངུལ་སྒོར་བྱེ་བ་གསུམ་ས་ཡ་ལྔ་བཏང་ནས། ཁུལ་བོད་སྨན་ཁང་རྒྱ་སྐྱེད་ལས་གཞི་ལག་བསྟར་བྱས་ཏེ། ནུས་ཤུགས་ཡོད་རྒུས་བོད་ཁུལ་གྱི་དེང་རབས་ཅན་གྱི་བོད་སྨན་སྨན་བཅོས་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་བྱ་རྒྱུ། མ་དངུལ་སྒོར་བྱེ་བ་གཉིས་བཏང་སྟེ། རྨང་གཞིའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ལས་གཞི39ལག་བསྟར་བྱས་ཏེ། ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་བདེ་ཐང་གི་རྨང་གཞི་བརྟན་པོ་འཛུགས་རྒྱུ།

སྤྱི་ཚོགས་འགན་སྲུང་ལ་སྐུལ་འདེད་གཏོང་བ།

བཞི། ཡང་བསྐྱར་ལས་ཞུགས་བྱེད་པའི་ཆེད་དོན་མ་དངུལ་སྒོར་བྱེ་བ་དྲུག་ལག་བསྟར་བྱས་ནས། ཁུལ་ཡོངས་ཀྱི་མཁར་གྲོང་ཡོངས་ནས་མི2000གསར་དུ་ལས་ཞུགས་བྱ་རྒྱུ་དང་རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་སྤོ་བསྒྱུར་ལས་ཞུགས་མི་ཐེངས་ཁྲི་བཞི་སྟོང་ལྔ་ལས་ཞུགས་བྱ་རྒྱུ། ངལ་དོན་ཡོང་སྒོ་སྒོར་དུང་ཕྱུར3མངོན་འགྱུར་དང་ཁུལ་ཡོངས་ནས་མི་ཐེངས9100ལ་ལས་རིགས་ལག་རྩལ་གསོ་སྦྱོང་བྱས་ནས་ནུས་པ་མཐོར་འདེགས་སུ་གཏོང་རྒྱུ།

ལྔ། སྨན་བཅོས་རོགས་སྐྱོར་མ་དངུལ་སྒོར་བྱེ་བ་དགུ་ས་ཡ་བརྒྱད་ལག་བསྟར་བྱས་ནས། ཁུལ་ཡོངས་ཀྱི་མཁར་གྲོང་གི་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་དང་དབུལ་ཐར་མི་གྲངས་ཁྲི7ལ་སྨན་བཅོས་ཉེན་ཚབ་མ་དངུལ་སྤྲོད་རྒྱུ་དང་། སྨན་བཅོས་རོགས་སྐྱོར་བྱས་ནས་མུ་མཐུད་དུ་སྤྱི་ཚོགས་འགན་སྲུང་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ།

དྲུག མ་དངུལ་སྒོར་དུང་ཕྱུར་གཅིག་བྱེ་བ་བཞི་ས་ཡ་ལྔ་ལག་བསྟར་བྱས་ནས། མཁར་གྲོང་གི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་དང་སྐབས་ཐོག་རོགས་སྐྱོར་ལག་བསྟར་བྱེད་པ་དང་། ལོ70ཡན་གྱི་ལོ་ལོན་དང་དབང་བོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་དབང་བོ་སྐྱོན་ཅན་ཚབས་ཆེན་གྱི་ཁ་གསབ་གཉིས་ལག་བསྟར་བྱས་ནས། གཅིག་བསྡུས་ཀྱིས་གཉོར་སྐྱོང་དང་།  དྲྭ་ཕྲུག་དང་དཀའ་ངལ་ཡོད་པའི་བྱིས་པའི་ཁེ་དབང་ལ་འགན་སྲུང་བྱ་རྒྱུ།

རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།

བདུན། མ་དངུལ་སྒོར་དུང་ཕྱུར་གཅིག་བྱེ་བ་བརྒྱད་བཏང་ནས། མཐོ་སྒང་གི་མཛེས་སྡུག་ཞིང་སྡེ་དང་མཛེས་སྡུག་མཁར་གྲོང30འཛུགས་སྐྲུན་ལས་གཞི་ལག་བསྟར་བྱ་རྒྱུ་དང་། མུ་མཐུད་དུ་སྡོད་ཁང་རྙིང་བའི་སྡོད་ཁུལ་གྱི་བཅོས་སྒྱུར་བྱ་བར་ཤུགས་སྣོན་བྱེད་པ། རོང་འབྲོག་ཁུལ་གྱི་སྡོད་ཁང་གི་སྤྱི་པའི་ཞབས་ཕྱིའི་སྒྲིག་ཆས་དང་སྡེ་བའི་ཁོར་ཡུག་ལེགས་སྒྱུར། རོང་འབྲོག་ཁྱིམ་ཚང5000ཡི་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་སྒྱུར་བྱ་རྒྱུ།

བརྒྱད། མ་དངུལ་སྒོར་དུང་ཕྱུར་ལྔ་བྱེ་བ་གསུམ་བཏང་སྟེ་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་། རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ནས་སྐྱེལ་འདྲེན་ཞབས་ཞུའི་ནུས་པ་མུ་མཐུད་དུ་མཐོར་འདེགས་སུ་གཏོང་རྒྱུ།

དགུ། མ་དངུལ་སྒོར་བྱེ་བ་གཉིས་ས་ཡ་བཞི་བཏང་སྟེ4Gརྟེན་གཞི41གསར་འཛུགས་བྱ་རྒྱུ་དང་།  སྲིད་འཛིན་སྡེ་བར4G དྲ་རྒྱའི་ཁེབས་ཚད་མུ་མཐུད་དུ་རྒྱ་སྐྱེད་པ་དང་།  དེ་མིན5Gརྟེན་གཞི་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་དགུས་སྐུལ་འདེད་གཏོང་རྒྱུ།

བཅུ། མ་དངུལ་སྒོར་དུང་ཕྱུར་གཉིས་བྱེ་བ་གསུམ་ས་ཡ་དྲུག་བཏང་སྟེ་ཞིང་སྡེའི་གློག་དྲ་གསར་བ་བསྒྱུར་བཅོས་བྱས་ནས་ཁྱིམ་ཚང4257གྱི་གློག་སྤྱོད་གནད་དོན་ཐག་གཅོད་བྱེད་པ་དང་། སྟོང་ཧྥུ10མན་གྱི་གློག་ལམ་སྤྱི་ལེ1132.89བསྒྱུར་བཅོས་བྱ་རྒྱུ་ཡིན་པར་མ་ཟད། གློག་བསྒྱུར་སྒྲིག་ཆས209གསར་སྣོན་བྱ་རྒྱུ།

བཅུ་གཅིག རོགས་སྐྱོར་མ་དངུལ་སྒོར་བྱེ་བ་ལྔ་ས་ཡ་ལྔ་ལྷག་བཏང་སྟེ་ཁ་གཏད་རོགས་སྐྱོར་གྱི་འབྲེལ་འདྲིས་ཇེ་ཟབ་ཏུ་བཏང་ནས་རིག་གནས་སློབ་གསོ་དང་རིག་སྟོབས་རོགས་ རམ་སོགས་ཀྱི་ཁྱབ་ཁོངས་ཀྱི་ལས་གཞི་ལག་བསྟར་ནན་མོ་བྱ་རྒྱུ།

སྐྱེ་ཁམས་དཔལ་ཡོན་ལ་སྐུལ་འདེད་གཏོང་བ།

བཅུ་གཉིས། མ་དངུལ་སྒོར་དུང་ཕྱུར་གཅིག་བྱེ་བ་གཅིག་བཏང་སྟེ་རྒྱལ་ཁོངས་ལྗང་བསྒྱུར་གྱི་ལོ་གསུམ་འགུལ་སྐྱོད་འཆར་གཞི་མུ་མཐུད་དུ་ལག་བསྟར་བྱས་ནས་ས་མུའུ་ཁྲི་དྲུག་སྟོང་གཉིས་ལ་སྡོང་འཛུགས་ནགས་སྐྲུན་དང་ས་མུའུ་ཁྲི་གཅིག་སྟོང་བཞི་ཡི་ནགས་ཚལ་དང་དེ་མིན་ནགས་ཤུལ་དང་སྐྱེས་སྟོབས་ཞན་པའི་ནགས་ཚལ་ས་མུའུ་ཁྲི་གཉིས་སླར་གསོ་བྱ་རྒྱུ།    ནགས་ཚལ་གྱི་སྐྱེས་ཚད་ས་མུའུ་ཁྲི་གཅིག་སྟོང་གཉིས་དང་ནགས་ཀྱི་གསོན་ཚད་ས་མུའུ་ཁྲི་གཉིས་སྟོང་དྲུག   སྐྱེ་དངོས་བྱེ་འགྱུར་སྔོན་འགོག་ས་མུའུ་འབུམ་གཅིག་ཁྲི་གཉིས་ལ་སླེབས་པར་བྱ་རྒྱུ།

བཅུ་གསུམ། མ་དངུལ་སྒོར་བྱེ་བ་ལྔ་བཏང་སྟེ་འབག་བཙོག་སྔོན་འགོག་དང་ཆུའི་སྐྱེ་ཁམས་སླར་གསོ་བྱེད་པའི་ལས་གཞི་ལག་བསྟར་བྱས་ནས་ཁུལ་ཡོངས་ཀྱི་ཆུ་རྒྱུན་སོ་སོའི་ཁོར་ཡུག་མུ་མཐུད་དུ་ལེགས་བཅོས་བྱ་རྒྱུ།

བཅུ་བཞི། མ་དངུལ་སྒོར་བྱེ་བ་གཉིས་ས་ཡ་ལྔ་ལྷག་བཏང་སྟེ་ས་མུའུ་འབུམ་བཞི་ཁྲི་བདུན་གྱི་ཞིང་ལས་ལུད་རྫས་ཁྲོད་ཀྱི་ཞིང་སྨན་ཇེ་ཉུང་དུ་གཏོང་བར་ནུས་པ་འདོན་རྒྱུ།

ཞིང་ཕྱུགས་ས་ཁུལ་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ།

བཅོ་ལྔ། མ་དངུལ་སྒོར་བྱེ་བ་གཉིས་བཏང་སྟེ་ཞིང་ཕྱུགས་ཐོན་རྫས་ཐོག་མའི་ལས་སྣོན་དཔེ་སྟོན་ས་ཚིགས20བསྐྲུན་རྒྱུ་དང་རྩྭ་སའི་བྱ་དགའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་གསུམ་བྱེ་བ་དགུ་ས་ཡ་དགུ་སྟེར་རྒྱུ།

བཅུ་དྲུག མ་དངུལ་སྒོར་བྱེ་བ་བདུན་ས་ཡ་བཞི་ལྷག་བཏང་སྟེ་རྩྭ་ར་མུའུ་འབུམ་བཞི་ཁྲི་ལྔ་ལ་ལྕགས་ར་བསྐོར་རྒྱུ་དང་ས་ཁོངས་བགར་ནས་ས་མུའུ་འབུམ་བཞི་ལ་ལྕགས་ར་བསྐོར་བ། ཞན་འགྱུར་གྱི་རྩྭ་ས་མུའུ་འབུམ་གཉིས་ཁྲི་གཅིག་ལེགས་བསྒྱུར་བྱེད་པ། མིའི་ཐབས་ལ་བརྟེན་ནས་རྩྭ་མུའུ་ཁྲི་བརྒྱད་འདེབས་པ། ས་ནག་མུའུ་ཁྲི་བརྒྱད་དང་དུག་རྩྭ་མུའུ་ཁྲི་བཞི་ལེགས་བསྒྱུར་བྱ་རྒྱུ།

བཅུ་བདུན། མ་དངུལ་སྒོར་དུང་ཕྱུར་གསུམ་བྱེ་བ་གཉིས་ས་ཡ་དགུ་བཏང་སྟེ་མཁར་གྲོང་གི་ཆུ་ལོག་སྔོན་འགོག་དང་འབབ་རྒྱུན་ཆུང་གྲས་ཕྱོགས་ཀྱི་བཅོས་སྐྱོང་དང་ཞིང་ཕྱུགས་ས་ཁུལ་གྱི་ཆུའི་མཁོ་འདོན་གྱི་འགན་སྲུང་སོགས་ཆུ་བེད་དང་དམངས་ཚིས་ཆུ་བེད་ཀྱི་ལས་གཞི་གལ་ཆེན་ལག་བསྟར་བྱ་རྒྱུ།

བཅོ་བརྒྱད།   མ་དངུལ་སྒོར་བྱེ་བ་གཉིས་ས་ཡ་དྲུག་བཏང་སྟེ་གུང་ཧོ་དང་ཁྲི་ཀ ཀོས་ནན། ཐུན་ཏེ་བཅས་རྫོང་བཞི་ཡི་ཞིང་སྡེའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་ལག་བསྟར་བྱས་ཏེ་ཞིང་ཕྱུགས་ས་ཁུལ་གྱི་ཁོར་ཡུག་མུ་མཐུད་དུ་ལེགས་བཅོས་བྱ་རྒྱུ། ཞིང་སའི་ས་བཅུད་སྲུང་སྐྱོབ་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་དགུ་དོན་འཁྱོལ་བྱས་ནས་འབྲུ་སྣུམ་སྐྱེ་དངོས་ཐོན་སྐྱེད་ལ་རོགས་སྐྱོར་ཆེན་པོ་བྱ་རྒྱུ།

དངུལ་རྩའི་རྒྱབ་སྐྱོར་ལ་ཤུགས་སྣོན་རྒྱག་པ།

བཅུ་དགུ།  ཀྲུང་དབྱང་དང་ཞིང་ཆེན། ཁུལ་གྱི་ནོར་སྲིད་སྐྱེད་གསབ་དངུལ་བུན་གྱི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱས་ཏེ་བུད་མེད་ཀྱི་ལས་བཏོད་ཁག་ཐེག་དངུལ་བུན་སྒོར་བྱེ་བ་གསུམ་བཏང་ནས་རྒྱ་ཆེའི་བུད་མེད་ལ་རང་གིས་ལས་བཏོད་དང་ཡོང་སྒོ་འཕར་བར་རོགས་སྐྱོར་བྱ་རྒྱ།

ཉི་ཤུ། དངུལ་རྩའི་སྡེ་ཁག་དང་གྲོས་མཐུན་བྱས་ནས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་དངུལ་བུན་སྒོར་དུང་ཕྱུར10བཏང་ནས། ཁེ་ལས་ཆུང་གྲས་ལ་དངུལ་བུན་སྒོར་དུང་ཕྱུར3བཏང་སྟེ་ཁེ་ལས་ཆུང་གྲས་ཀྱི་དངུལ་རྩའི་ཞབས་ཞུའི་ཆུ་ཚད་སྔར་ལས་མཐོ་རུ་གཏོང་རྒྱུ་བཅས་ཡིན་པ་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།