སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམངས་ཚིས་རྨང་གཞི་ཇེ་བརྟན་དུ་གཏོང་དགོས།
2021.03.18 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 18

 --རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་དགོས།

  ཞིན་ཧྭ་གསར་འགྱུར་ཁང་གི་དཔྱད་གཏམ་པས་སྤེལ་བའི་དཔྱད་བརྗོད།

“དམངས་ཚིས་ཞན་ཆ་གསབ་རྒྱུར་ཤུགས་རྒྱག་པ”དང“མི་དམངས་ཀྱི་བདེ་ཐང་འགན་སྲུང་བྱ་རྒྱུ་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་གོ་གནས་ཐོག་འཇོག་པ”།“མི་དམངས་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ”སོགས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་ལེགས་པོ་བསྐྱོན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པར་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་དམངས་ཚིས་བདེ་སྐྱིད་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་རབ་དང་རིམ་པ་ལས་མི་དམངས་ཀྱི་བརྩེ་སེམས་ཟབ་མོ་མངོན་པ་དང་། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པས་ངེས་པར་དུ་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

“རྒྱལ་ཁབ་སྐྱོང་བར་རྒྱུན་དུ་འཛིན།དམངས་ལ་ཕན་པ་གཙོ་བོར་འཛིན་དགོས།” མི་དམངས་ཀྱིས་མཛེས་སྡུག་འཚོ་བར་རེ་སྙེག་བྱེད་པ་ནི་ཏང་དང་སྲིད་གཞུང་གི་འབད་འཐབ་དམིགས་འབེན་ཡིན། “ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”རིང་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་པ་དང་། ཞིང་སྡེའི་དབུལ་ཕོངས་མི་གྲངས་བྱེ་བ་ལྔ་ས་ཡ་ལྔ་འབུམ་བདུན་ཁྲི་ལྔ་དབུལ་ཕོངས་ལས་ཐར་བ་དང་། འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་བསྐྲུན་ནས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་ཇེ་མཐོར་སོང་ཡོད།    རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པའི་ཐོག་སྐྱོད་སྐབས་རང་རྒྱལ་གྱི་འཕེལ་རྒྱས་དོ་མི་སྙོམས་པ་དང་གང་ལེགས་མ་བྱུང་བའི་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡིན་པ་དང་དམངས་ཚིས་ཁྱབ་ཁོངས་སུ་ད་དུང་མང་ཚོགས་ཀྱིས་སེམས་ཁྲལ་དང་སེམས་ཁུར་བྱེད་བཞིན་པའི་གནད་དོན་མི་ཉུང་བ་ཞིག་ཡོད་པ་རེད།  མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་གི་འཚོ་བར་བཅངས་པའི་རེ་སྒུག་གསར་པ་དང་བསྟུན་པ་དང་། མི་དམངས་མང་ཚོགས་ཁྲོད་བསམ་འཆར་ཆེ་བའི་འབུར་ཐོན་གནད་དོན་ཐག་གཅོད་བྱས་ཏེ། ས་གནས་ཁག་དང་སྡེ་ཁག་སོ་སོ་དང་རིམ་པ་ཁག་གི་ལས་བྱེད་པས་མི་དམངས་ཀྱི་བདེ་སྡུག་ལ་སེམས་ཁུར་བྱས་ནས།   དམངས་ཚིས་ལས་དོན་སྔར་ལས་ལེགས་པར་བསྒྲུབ་དགོས་པའི་བླང་བྱ་བཏོན་ཡོད།

དམངས་ཚིས་དྲོད་ཁོལ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་དགོས། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་དང་2035ལོའི་རྒྱང་རིང་དམིགས་འབེན་གྱི་རྩ་གནད་ཁྲོད་དམངས་ཚིས་བདེ་སྐྱིད་ཀྱི་དམིགས་ཚད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོའི་ཁྲོད་གསུམ་ཆའི་གཅིག་ལས་བརྒལ་བ་དང་།  བསྡུར་ཚད་དེ་ལོ་ལྔའི་འཆར་འགོད་རིམ་བྱུང་ཁྲོད་མཐོ་ཤོས་ཡིན་པས། འཕེལ་རྒྱས་ཀྱི་དམངས་ཚིས་དྲོད་ཁོལ་བརྒྱུད་སྤྲོད་བྱེད་བཞིན་ཡོད།  བཅོས་སྒྱུར་དང་འཕེལ་རྒྱས་དེ་མཐར་གཏུགས་ནས་བཤད་ན་མང་ཚོགས་ལ་འཚོ་བ་སྐྱིད་པོ་ཞིག་སྐྱེལ་དུ་འཇུག་ཆེད་ཡིན་ལ། ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོབ་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་གཏོང་རྒྱུ་དེ་འགོ་རྩོམ་ས་དང་རྐང་ཚུགས་སར་བརྩི་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་མི་དམངས་ཀྱི་མཛེས་སྡུག་འཚོ་བའི་དགོས་མཁོ་སྐོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཚོ་བ་གཏོད་རྒྱུ་དང་ཟུང་འབྲེལ་དམ་པོ་དང་ཕན་ཚུན་སྤེལ་རེས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་འཚོ་བར་མདུན་ལམ་ཡོད་པ་དང་འབྱུང་འགྱུར་ལ་རེ་བ་ཡོད་པར་བྱས་ནས་འཚོ་བ་ལོ་རེ་ལས་ལོ་རེ་ཡག་པ་ཞིག་ཏུ་སྐྱེལ་ཐུབ་པ་བྱ་དགོས།

“དམངས་ལ་ཕན་པའི་དོན་དག་དེ་ཉག་ཙམ་ཡིན་ཡང་སྒྲུབ་པ་དང་། དམངས་ལ་གནོད་པའི་དོ་དག་དེ་ཐེ་ཚོམ་ཅི་ཡང་མེད་པར་འདོར་དགོས།” དམངས་ཚིས་བདེ་སྐྱིད་ཆེ་རུ་གཏོང་བར་གནད་དོན་གྱི་གླེང་ཕྱོགས་འབུར་དུ་ཐོན་པར་བྱས་ནས་མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། ཆེས་ཐད་ཀར་འབྲེལ་བ་ཡོད་པ། ཆེས་དངོས་ཡོད་བཅས་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་དམངས་ཚིས་ཞན་ཆ་གསབ་པ་དང་། དམངས་ཚིས་དཀའ་གནད་སེལ་བ། དམངས་ཚིས་མཐའ་ཚད་བརྟན་པོ་ཡོང་བ་བཅས་བྱེད་དགོས། དམངས་ལ་རེ་བ་ཅི་ཡོད་ན་རང་གིས་དེ་སྒྲུབ་ཐུབ་པ་བྱ་དགོས།  སེམས་ཤུགས་ཡོད་རྒུ་བཏོན་ནས་ལས་ཞུགས་དང་། སློབ་གསོ། སྨན་བཅོས། སྡོད་ཁང་སོགས་དམངས་ཚིས་དོན་དངོས་ཡག་པོ་བསྒྲུབས་ཏེ་མང་ཚོགས་ཀྱིས་འགྱུར་ལྡོག་མཐོང་ཐུབ་པ་དང་ཁེ་ཕན་དངོས་ཐོབ་པར་འབད་བརྩོན་བྱེད་དགོས། སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་སྲུང་སྐྱོབ་བྱེད་པའི་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱས་ནས་སྤྱི་པའི་ཞབས་ཞུའི་ནུས་པ་དང་ཆ་སྙོམས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ། འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་གཞག་གི་སྒོ་ནས་མི་དམངས་ཡོངས་ལ་ཕན་པ་ཐོབ་པར་བྱ་དགོས། གང་ཐུབ་ཅི་ཐུབ་དང་། ནུས་པས་ལྕོགས་ཚོད་ཀྱིས་སྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་།  མི་སེམས་ལ་དྲོད་ཁོལ་སྦྱིན་པ། དམངས་སེམས་གཅིག་བསྡུས་ཀྱི་དོན་དངོས་མང་ཙམ་བསྒྲུབས་ནས། བྱ་བ་རེ་རེ་བཞིན་སྒྲུབ་པ་དང་ཏན་ཏན་ཏིག་ཏིག་ངང་མདུན་ཕྱོགས་སུ་བསྐྱོད་དེ་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་གཞི་ཚུགས་ཐུབ་པ་དང་བཀྲག་མདངས་མཚེར་བར་བྱ་དགོས།

ཡིག་བསྒྱུར་པ་སྒྲོལ་མ་སྐྱིད།