སེམས་ཤུགས་གཅིག་སྒྲིལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས།
2021.03.18 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 26

 --རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་དགོས།

ཞིན་ཧྭ་གསར་འགྱུར་ཁང་གི་དཔྱད་གཏམ་པས་སྤེལ་བའི་དཔྱད་བརྗོད།

དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པའི་བགྲོད་ལམ་གསར་བུའི་ཐོག་ཡང་བསྐྱར་མདུན་སྐྱོད་བྱེད་དགོས།   “བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་འབྲེལ་མཚམས་སུ་བསྡུས་པའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་སྟེང་། སླད་ཕྱིན་ལོ་5དང་ཐ་ན་དུས་ཡུན་སྔར་ལས་རིང་བའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་སྤྱོད་འཆར་གཞི་གཏན་འཁེལ་བྱས་ཡོད། བློ་གྲོས་དང་སྟོབས་ཤུགས་དེ་ཚོགས་འདུ་གཉིས་ནས་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་སྟེང་གཅིག་བསྡུས་བྱས་ཏེ་སེམས་ཤུགས་གཅིག་སྒྲིལ་གྱིས་ལས་དོན་སྣ་ཚོགས་ཡག་པོ་བསྒྲུབས་ནས། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི” འགོ་ཡག་པོ་རྩོམ་པ་དང་གོམ་སྟབས་ཡག་པོ་སྤོ་རྒྱུ་ནི་ས་གནས་ཁག་དང་སྡེ་ཁག་སོ་སོའི་མདུན་དུ་ལྷག་པའི་ལས་འགན་གལ་ཆེན་ཞིག་རེད།

“སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི‘ལོ་ལྔའི་འཆར་འགོད་བཅུ་བཞི་’པ་དང་ཐ་ན་དུས་ཡུན་དེ་བས་རིང་བའི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྗོད་བྱ་གཙོ་བོ་ཡིན་ལ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད།” ཚོགས་འདུ་གཉིས་ཀྱི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་གནང་ནས་རང་རྒྱལ་གྱི་མ་འོངས་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གཞི་འཛིན་ས་གལ་ཆེན་འདོན་སྤྲོད་གནང་ཡོད། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་གནད་འགག་ནི་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་དང་། ཡང་དག ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཏིང་ཟབ་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ནས།  སྤུས་ཚད་སྔར་ལས་མཐོ་བ་དང་། ལས་ཕྱོད་སྔར་ལས་ཆེ་བ།  སྔར་ལས་འདྲ་མཉམ་ཡིན་པ།  སྔར་ལས་རྒྱུན་མཐུད་དང་སྔར་ལས་བདེ་འཇགས་ཡིན་པ་བཅས་ཀྱི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ཡག་པོ་སྐྱོད་པར་བརྒྱུད་རིམ་ལྡན་པའི་བསམ་གཞིག་རྒྱུན་འཁྱོངས་དང་རྒྱང་རིང་གི་ལྟ་བ་བཙུགས་ནས།  སྙིང་རུས་ཆེན་པོས་འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་བྱེད་དགོས།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་དཔལ་འབྱོར་གྱི་བླང་བྱ་ཙམ་མ་ཡིན་པར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཕྱོགས་གང་ཅིའི་ཐད་ཀྱི་སྤྱིའི་བླང་བྱ་ཡིན་པ་དང་། དཔལ་འབྱོར་དར་རྒྱས་ཆེ་བའི་ས་ཁུལ་ལ་བཏོན་པའི་བླང་བྱ་ཁོ་ན་མ་ཡིན་པར་ས་ཁུལ་ཡོད་ཚད་འཕེལ་རྒྱས་གཏོང་བར་ངེས་པར་དུ་ལག་བསྟར་བྱ་དགོས་པའི་བླང་བྱ་ཡིན་པ་དང་། དུས་སྐབས་ཤིག་དང་ལས་དོན་ཞིག་གི་བླང་བྱ་མ་ཡིན་པར་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱ་དགོས་པའི་བླང་བྱ་ཡིན་པ་རེད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་བྱ་གཙོ་བོ་དང་སྤྱིའི་བླང་བྱ་ཁོང་དུ་ཆུད་པར་བྱེད་པར་རྒྱང་ལྟའི་རང་བཞིན་གྱི་བསམ་བློ་དང་། ཁྱོན་ཡོངས་ཀྱི་རང་བཞིན། འཐབ་ཇུས་ཀྱི་རང་བཞིན། སྤྱི་ཡོངས་ཀྱི་རང་བཞིན་བཅས་ལ་ཤུགས་སྣོན་རྒྱག་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་དཔལ་འབྱོར་དང་སྤྱི་ཚོགས་འཚོ་བའི་ཕྱོགས་གང་ཅིའི་ཐད་ནས་མཚོན་པར་བྱས་ཏེ། ཕྱོགས་གང་ཅིའི་ལས་དོན་ལ་གཅིག་གྱུར་གྱིས་འཆར་འགོད་དང་། ཕན་ཚུན་བརྗེ་རེས་བྱེད་པ། འཕེལ་རྒྱས་ཀྱི་སྡོམ་ཤུགས་གྲུབ་པར་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་འདིང་དགོས།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་རྒྱལ་ཡོངས“མིག་མངས་འགྲིག་སྐོར་གཅིག”ལྟ་བུ་བྱེད་དགོས།  ས་གནས་ཁག་དང་སྡེ་ཁག་སོ་སོས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་གཞི་ཚུགས་པ་དང་རང་ངོས་ཀྱི་གནས་ཁེལ་འཚོལ་ཐུབ་པ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བར་ཚད་བརྒལ་དོན་གཉེར་དང། དངོས་ཕན་དོན་གཉེར་བྱས་ནས་ས་ཁོངས་གཅིག་ལ་གཟི་བརྗིད་བརྩོན་ལེན་བྱེད་དགོས་ཤིང་ཁྱོན་ཡོངས་ལ་དེ་བས་བཀྲག་མདངས་བསྣན་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་མཁྲེགས་གཏོར་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་ཤིག་ཡིན་པས་བྱེད་ཐེངས་གཅིག་ལ་འགྲུབ་ཐུབ་པ་ཞིག་མ་ཡིན་པར་འགག་རྩ་ནི་རྒྱུན་སྲིང་ལྷོད་མེད་དང་འབད་པ་ལྷོད་མེད་བྱ་རྒྱུ་དེ་ཡིན། གཅིག་མཇུག་གཉིས་མཐུད་ངང་སྒྲུབ་པ་དང་འཆར་འགོད་གཅིག་མཐར་ཕྱིན་པ་བཟོས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་འབྱུང་བ་དང་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ཡག་པོ་སྐྱོད་པར་ཡུལ་བབ་དང་བསྟུན་པ་དང་ལེགས་ཆ་གསབ་རེས་བྱས་ཏེ“ཁྱད་ལྡན་སྤུས་རྟགས”ཟམ་མི་ཆད་པར་ཡག་པོ་གཏོད་དགོས། ས་གནས་ཁག་གི་ཐོན་ཁུངས་སྤུས་ཚད་དང་། ཐོན་ལས་རྨང་གཞི། སྐྱེ་ཁམས་ ཆ་རྐྱེན་སོགས་མི་འདྲ་བས། ངེས་པར་དུ་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་། བདེན་འཚོལ་དོན་གཉེར་དང་ཚན་རིག་དང་མཐུན་པར་སྲིད་ཇུས་ལག་བསྟར་མཐའ་འཁྱོངས་བྱས་ཏེ།“ ལྕགས་ཟྭ་རེར་ལྡེ་མིག་རེ”ཡོད་པ་མངོན་འགྱུར་བྱེད་དགོས། རང་ངོས་ཀྱི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཁྱབ་ཁོངས་དང་ཞན་ཆ་གསལ་པོར་ཤེས་པ་དང་། འཕེལ་རྒྱས་ཀྱི་ཤུགས་འདོན་ས་གཙོ་བོ་དང་གཙོ་རྒོལ་ཁ་ཕྱོགས་སྔར་བས་གསལ་བོ་བྱས་ཏེ། ལག་ལེན་གྱི་ཁྲོད་དུ་གྲུབ་ཚུལ་ལེགས་སྒྲིག་དང་། བྱེད་ནུས་བསྒྱུར་བ། སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་རང་ས་ཁུལ་གྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་གྱི་བགྲོད་ལམ་དུ་བསྐྱོད་དགོས།

གསར་གཏོད་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་གཙོ་བོ་ཡིན་པ་དང་།  བཅོས་སྒྱུར་སྒོ་འབྱེད་ནི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གནད་འགག་གི་བྱེད་ཐབས་ཤིག་ཡིན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པར་ངེས་པར་དུ་གནད་དོན་གསར་པ་དང་། གནས་ཚུལ་གསར་པ། འགྲན་སློང་གསར་པ་བཅས་ལ་གདོང་གཏོད་དགོས་ལ།  ལྷག་པར་དུ་ལམ་བུ་གསར་པ་གཏོད་པ་དང་རྣམ་པ་གསར་པ་གཏོད་དགོས་བ་རེད། ད་ལོར་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་བཅོས་སྒྱུར་སྒོ་འབྱེད་ཀྱི་ལས་འགན་རབ་དང་རིམ་པ་བཀོད་སྒྲིག་བྱས་ཤིང་།  དེ་བས་འཁྲུག་ཆ་དོད་པ་དང་དེ་བས་གསར་གཏོད་ནུས་པ་ལྡན་པའི་ཁྲོམ་རའི་བྱེད་པོ་སྐྱེད་སྲིང་བྱེད་པའམ་ཡང་ན་རྒྱུ་ནོར་བདག་དབང་ལམ་ལུགས་ཁྱོན་ཡོངས་ནས་འཐུས་ཚང་དུ་གཏོང་བ་དང་། “གློད་སྡོམ་ཞབས་གསུམ་”སོགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའམ་ཡང་ན་ཁྱབ་ཁོངས་དེ་བས་ཆེ་བ་དང་། ཁྱབ་ཁོངས་དེ་བས་ཡངས་པ། རིམ་པ་དེ་བས་ཟབ་པ་བཅས་ཀྱི་སྒོ་ནས་ཕྱི་ཕྱོགས་སུ་སྒོ་འབྱེད་པ་གང་ཞིག་ཡིན་རུང་ཚང་མས་མངོན་གསལ་དོད་པའི་བརྡ་རྟགས་ཤིག་མངོན་པ་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བཅོས་སྒྱུར་གསར་གཏོད་ལ་སྒུལ་ཤུགས་དགོས་པ་དང་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་སྐབས་ཀྱི་ལམ་བུ་བཏོད་དགོས། ཤུགས་ཆེན་པོ་བཏོན་ནས་སྒྲིག་སྲོལ་དང་རྐྱེན་སྲོལ་གྱི་འགོག་རྐྱེན་སེལ་བ་དང་། བྱེད་ཐབས་སྔར་ལས་མང་བ་སྤྱད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་པའི་ཁོར་ཡུག་བཟང་པོ་གཏོད་པ། སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་ལས་སྐྲུན་གྱི་གསོན་ཤུགས་འགྲན་རྩོད་འདོན་སྤེལ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གོམ་སྟབས་ཇི་ཙམ་སྐྱོད་པ་དེ་ཙམ་གྱིས་ཇེ་བརྟན་དུ་གཏོང་བར་སྐུལ་འདེད་བཏང་སྟེ།  ་སྔར་ལས་མཛེས་སྡུག་ལྡན་པའི་འཕེལ་རྒྱས་ཀྱི་དཔེ་རིས་གསར་བ་རིས་སུ་འགོད་དགོས།

ལོ་ཙཱ།སྒྲོལ་མ་སྐྱིད།