ཞིན་ཧེ་རྫོང་གི་རྒན་གསོ་ཁང་དུ་རྒན་པ་ཚོའི་གདོང་ལ་དགའ་བའི་འཛུམ་གྱིས་ཁེངས་འདུག
2021.03.30 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 39

ཟླ་གསུམ་པའི་ཟླ་སྟོད་དུ་གནམ་གཤིས་ཇེ་འཁྱགས་སུ་སོང་བ་དང་བསྟུན་ནས། མཐོ་སྒང་གི་ག་ས་གང་དུ་ཁ་བ་བབས་ནས་དཀར་བོང་བོང་དུ་སྣང་།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་རྒན་གསོ་ཁང་གི་ར་སྐོར་ནང་དུ་མི་རིགས་མི་གཅིག་པའི་རྒན་པོ་འགའི་གདོང་ལ་དགའ་བའི་འཛུམ་མདངས་རྒྱས་ནས་མིག་མངས་རྩེ་བཞིན་འདུག ང་ཚོའི་མིག་ལམ་དུ་མཐོང་ཡོང་བ་ནི་ལུས་ལ་གྱོན་ཆས་ཡག་པོ་གྱོན་པའི་རྒད་པོ་རྒན་མོ་རྣམས་ཀྱི་གདོང་གི་འཛུམ་མདངས་ཙམ་མ་ཡིན་པར། ནང་སེམས་བདེ་སྐྱིད་ཀྱིས་ཁེངས་པའི་རྣམ་པ་དེ་རེད།

ཞིན་ཧེ་རྫོང་རྒན་གསོ་ཁང་ནི་རྩི་གོར་ཐང་གྲོང་རྡལ་དུ་ཆགས་ཡོད། 2007ལོར་ལས་མགོ་བརྩམས་པ་དང་། 2009ལོའི་ཟླ་བདུན་པར་དངོས་སུ་གཉེར་སྐྱོང་བྱེད་མགོ་ཚུགས་པ་རེད། རྒན་གསོ་ཁང་གི་སྤྱིའི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་ཁྲི་གཅིག་དང་སྟོང་གཅིག་དགུ་བརྒྱ་བདུན་ཅུ་དང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་སྟོང་བཞི་དང་ཉིས་བརྒྱ་དྲུག་ཅུ་ཡོད། རྒན་གསོ་ཁང་དུ་ཉལ་ཁྲི་བརྒྱ་དང་། སྨན་ཁང་དང་དངོས་ལུགས་གསོ་བཅོས་ཁང་། མིག་མངས་ཁང་། དཔེ་གཟིགས་ཁང་། ལུས་སྦྱོང་ཁང་། གོས་འཁྲུད་ཁང་། ཐབ་ཚང་།ནུས་མང་ཟ་ཁང་བཅས་ཡོད་ལ། སྡོད་ཤག་ཏུ་ཚོམས་ཆེན་དང་ཉལ་ཁང་། དཔེ་ཁང་། ཐབ་ཚང་། གསང་སྤྱོད་ཁང་བཅས་ཡོད་པར་མ་ཟད། དྲོད་རླངས་དང་བརྙན་འཕྲིན། ཁ་པར། ཉི་ནུས་བཅས་ཀྱི་ཆ་རྐྱེན་ལྡན་པས། དེང་རབས་ཀྱི་མཁར་གྲོང་སྡོད་དམངས་ཤིག་ལ་འཛོམས་དགོས་པའི་ཆ་རྐྱེན་ཚང་མ་འཛོམས་ཡོད། དེང་སྐབས་རྒན་གསོ་ཁང་དུ་བོད་རིགས་དང་རྒྱ་རིགས་ཀྱི་རྒན་པ་དོན་གསུམ་ཡོད་པའི་ནང་དབང་པོ་སྐྱོན་ཅན་གྱིས་བརྒྱ་ཆའི་ཞེ་བདུན་ཟིན་ཡོད། ལས་བྱེད་མི་སྣ་ཉེར་གཅིག་ཡོད་ཅིང་། གཅིག་བསྡུར་དྲུག་གི་བསྡུར་ཚད་ལྟར་རྒན་པ་རྣམས་ལ་ཞབས་ཞུ་ལེགས་པོ་སྒྲུབ་བཞིན་ཡོད།

མི་ལོ་ལྔ་བཅུའི་སྔོན་ལ་རྒན་གསོ་ཁང་གི་རྒན་རྒོན་ཚོ་ཡང་ཕ་འཛོམས་མ་འཛོམས་ཀྱི་ལས་ལ་བརྩོན་པར་དགའ་བའི་དར་མ་ཏག་ཏག་ཡིན་མོད། དུས་བཞིའི་ཁ་ཆར་བུ་ཡུག་དང་ལྷག་པར་དཔྱིད་ཉི་རིང་མོའི་དཀའ་སྡུག་གི་ལོ་ཟླར་ཕྱིར་མིག་ཐེངས་ཤིག་བྱས་ཚེ། རྒན་གསོ་ཁང་ནི་ཁེར་ཧྲེང་དུ་ལུས་པའི་རྒན་པ་རྣམས་ཀྱི་མི་ཚེ་འདིའི་ཚེ་མཇུག་གི་གཞིས་ཁྱིམ་དྲོན་མོ་ཡིན་པར་བརྗོད་ཆོག

ད་ལོར་ལོ་དོན་གསུམ་ལ་སླེབས་པའི་རྒན་པོ་དཔལ་འབྱོར་ནི་ཐང་ནག་ཡུལ་ཚོ་སེང་ལྡེང་སྡེ་བའི་ཡིན། 2015ལོར་ཆུང་མ་དང་ལྷན་དུ་རྒན་གསོ་ཁང་དུ་གནས་སྤར་ཡོང་བ་རེད།

རྒན་པོ་དཔལ་འབྱོར་རྒན་གསོ་ཁང་དུ་གནས་སྤར་རྗེས། ཆུ་སྔོན་གྲོང་རྡལ་མཐུན་སྒྲིལ་སྡེ་བའི་མཱ་ཙོ་ཡུས་དང་གྲོགས་བཟང་པོར་གྱུར་ཅིང་། རྒྱུན་པར་ཁོམ་ལོང་རེ་བྱུང་ཚེ་ཁོ་གཉིས་རྒན་གསོ་ཁང་གི་ར་སྐོར་ནང་འཆམ་འཆམ་དུ་འགྲོ་བ་དང་། ལུས་ཕུང་སྦྱོང་བརྡར་བྱེད་པ། དེ་མིན་མིག་མངས་བརྩེས་ནས་རྒན་པ་ཚོའི་འཚོ་བའི་རིག་གནས་ཕུན་སུམ་ཚོགས་པར་གཏོང་བར་འབད་པ་བྱེད་བཞིན་ཡོད།

ལོ་ངོ་བཅུའི་སྔོན་ལ། རྒྱ་རིགས་རྒན་པོ་མཱ་ཙོ་ཡུས་ཁེར་ཧྲེང་དུ་ལུས་པས་སྐྱིད་ན་སྐྱིད་གཏམ་བཤད་ས་དང་། སྡུག་དུས་སྡུག་གཏམ་གླེང་ས་མེད་པའི་དབུལ་པོ་ཞིག་ཏུ་གྱུར། ད་ལྟ་རྒན་གསོ་ཁང་ནི་ཁོ་ལ་མཚོན་ན་མི་ཚེ་འདིའི་ཚེ་མཇུག་གི་ཁྱིམ་གཞི་ཡིན། རྒྱུ་མཚན་ནི་ཁོ་རང་རྒན་གསོ་ཁང་དུ་འགྲོ་ཐུབ་པ་དང་འདི་འདྲའི་འཚོ་བ་སྐྱིད་པོ་ཞིག་རོལ་ཐུབ་པ་ཡིད་ལའང་དྲན་མ་མྱོང་།

ཉིན་གུང་ཟ་མ་ཟོས་རྗེས་དཔལ་འབྱོར་དང་མཱ་ཙོ་ཡུས་གཉིས་ཀྱིས་རྒན་གསོ་ཁང་གི་མེ་ཏོག་ལྡུམ་རའི་འགྲམ་དུ་ལུས་ཕུང་སྦྱོང་བརྡར་བྱེད་བཞིན་འདུག “རྒན་གསོ་ཁང་དུ་སྤུན་ལྟར་འདང་བརྩེ་ཆེ་བའི་གྲོགས་པོ་དཔལ་འབྱོར་མཐོང་ཐེངས་རེར་གདོང་ལ་དགའ་བའི་འཛུམ་གྱིས་ཁེངས་འགྲོ།”

གོས་བཟང་པོ་དབྱར་གསུམ་ཆར་གྱིས་ཐུབ། མི་བཟང་པོ་དྲུག་ཅུ་ལོ་ཡིས་ཐུབ་ཅེས་པའི་དཔེ་ལྟར། རྒན་པོ་མཁའ་འགྲོ་ཚེ་རིང་གི་རྐང་ལག་འགུལ་རྒྱུ་དེ་འདྲའི་སྟབས་བདེ་བོ་མིན་པའི་ཁར། ནད་གཞི་ལྕི་མོ་ཞིག་བྱུང་ནས་ལུས་ཕྱེད་ཞྭ་བོར་གྱུར་རྗེས། འཚོ་བ་དཀའ་ཁག་ཆེན་པོར་འཕྲད་པས་རྒན་གསོ་ཁང་དུ་གནས་སྤར་ཡོང་ཞིང་། ལོ་བཅུའི་རིང་ལ་རྒན་གསོ་ཁང་གི་བདག་སྐྱོང་པ་ཚོས་ལུས་པོ་བདེ་ཐང་ཡོང་ཆེད་ཉིན་རེར་འཕུར་མཉེད་བྱེད་བཞིན་ཡོད།

རྒན་པོ་མཁའ་འགྲོ་ཚེ་རིང་གིས་རང་ལ་རྒྱུན་པར་བདག་སྐྱོང་གནང་མཁན་གྱི་ལས་མི་བསོད་ནམས་སྒྲོལ་མའི་ལག་པར་དམ་པོར་འཇུས་ནས“གནས་འདིར་ཡོང་བ་ནས་བཟུང་། མོས་ནངས་མོར་རྒད་པོ་ང་ལ་ཁ་ལག་བཀྲུ་བ་དང་། ཉིན་གུང་རྐང་པ་བཀྲུ་བ། དུས་བཅད་ལྟར་མལ་གདན་དང་། ལྭ་བ་གཙང་བཀྲུ་བྱེད་བཞིན་ཡོད་པས། མོ་ནི་ངས་ནམ་ཡང་རང་གི་ནུ་མོ་ཞིག་གི་ཚབ་ཏུ་བརྩིས་ཡོད”ཟེར་བཞིན་མིག་མཐར་མཆི་མ་འཁོར་ཡོང་།

རྒན་པ་ཚོའི་འཚོ་བར་རོགས་རམ་དང་། འགྲོ་འདུག་སྤྱོད་གསུམ་ལ་གཟིགས་སྐྱོང་གནང་རྒྱུ་ནི་ཏང་གི་སྲིད་ཇུས་ཡིན། དེའི་ཕྱིར། བདག་མེད་རྒན་པ་དག་གི་གནད་དོན་ཐག་གཅོད་རྒྱུ་དེ་རྒན་གསོ་ཁང་གི་ལས་བྱེད་མི་སྣའི་འོས་འགན་ཞིག་ཏུ་བརྩིས་ནས། ནམ་རྒྱུན་ཁོ་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད།

ལྟོ་གོས་ལ་སེམས་ཁྲལ་མེད་ཀྱང་། ཚེ་མཇུག་རང་ཁྱིམ་དྲོན་མོ་དང་རང་གི་ཕུ་ནུ་ལྟ་བུའི་བདག་སྐྱོང་པ་ཚོའི་བརྩེ་སེམས་འོག་འཚོ་བ་རོལ་རྒྱུ་ནི་རྒན་པོ་དཔལ་འབྱོར་དང་མཱ་ཙོ་ཡུས། མཁའ་འགྲོ་ཚེ་རིང་བཅས་འདུས་པའི་རྒན་གསོ་ཁང་གི་བདག་མེད་རྒན་པ་དོན་གསུམ་གྱི་རེ་འདུན་ཞིག་ཡིན་པ་ཁོ་ཚོ་དང་གླེང་མོལ་བྱས་པ་ལས་ངང་གིས་རྟོགས་ཡོང་།

ཉེ་བའི་ལོ་འགའི་རིང་ནས་བཟུང་། རྒན་གསོ་ཁང་གིས“མི་ཉིད་གཞི་རྩར་བཟུང་ནས་བྱམས་ཀྱིས་རྒན་བཀུར་དང་། སྤྱི་ཚོགས་ལ་དྲིན་གཟོ་བྱེད་པ”རྩ་བའི་བླང་བྱར་བརྩིས་ཏེ།“བརྩེ་བ་ཡོད་པ། དགའ་ཞེན་ཡོད་པ། བཟོད་བསྲན་ཡོད་པ། ཞིབ་ཚགས་ཡོད་པ། འགན་འཁྲི་ཡོད་པའི”ཞབས་ཞུའི་འདུ་ཤེས་ལེགས་པོ་ཞིག་གིས་རྒན་པ་ཚོར་བདག་སྐྱོང་བྱེད་བཞིན་ཡོད། ཁོ་ཚོའི་འཚོ་བ་དང་ལུས་ཕུང་བདེ་ཐང་གི་གནས་ཚུལ་ལྟར། ཆེད་དུ་ནད་ཡང་མོའི་རིགས་སྨན་བཅོས་བྱེད་ཤེས་པའི་ནད་སྐྱོང་པ་དང་། བདག་སྐྱོང་མཁན་བཅུ་གཉིས་ལྷག་གདན་ཞུ་བྱས་ནས། རྒྱུན་པར་ལུས་ཕུང་ལ་བརྟག་དཔྱད་བྱེད་པ་དང་། བགྲེས་པོ་ཚོའི་འདོད་པ་ལྟར་ཤ་དང་མར། འོ་མ་སོགས་བོད་ཟས་གཙོ་བྱས་པའི་ཟ་མ་གཡོས་སྦྱོར་བྱེད་ཀྱིན་ཡོད།

རྒན་གསོ་ཁང་གི་ཇ་ཁང་གི་སྒེའུ་ཁུང་འགྲམ་དུ་སྦྱར་ཡོད་པའི་ཤོག་བྱང་སྟེང་། ཉིན་གཅིག་གི་ཟས་ཐུན་གསུམ་སྟེ། ཞོགས་པར་མར་དང་རྩམ་པ། འོ་མ། ཉིན་གུང་ཤ་འབྲས་དང་ཞོ་འབྲས། བརྔོས་ཚལ། ཕྱི་དྲོར་ཤ་དང་ཁུ་བ། ཕྱེ་ཐུག་བཅས་བྲིས་ཡོད་པ་ལས་ཁོ་ཚོའི་འཚོ་བ་ཕུན་སུམ་ཚོགས་པ་ཤེས་ཐུབ།

རྒན་པར་བཀུར་བསྟི་དང་རྒན་པར་གཅེས་སྐྱོང་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་ཀུན་སྤྱོད་བཟང་པོ་དང་། རྒན་པར་གཅེས་པ་དང་རྒན་པར་རོགས་རམ་གནང་རྒྱུ་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན།

རྒན་གསོ་ཁང་གི་ཡོན་ཀྲང་མགོན་པོ་རྒྱལ་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། རྒན་པ་ཚོ་རྒན་གསོ་ཁང་དུ་ཡོང་བའི་ཉིན་དང་པོ་ནས་བཟུང་། ཁོ་ཚོའི་ཟ་མ་དང་ལུས་ཕུང་གི་གཙང་སྦྲ། མལ་ཁང་གི་གཙང་སྦྲ་བཅས་ལ་ང་ཚོས་འགན་ཁུར་གྱིན་ཡོད་པར་མ་ཟད། ད་དུང་ཉིན་བཅུའི་ནང་ཁོ་ཚོའི་ལྭ་བ་བཀྲུ་བ་དང་། སྐྲ་བཞར་བ་སོགས་འཚོ་བ་དང་འབྲེལ་བའི་ལས་ཀའི་འགན་གཅིག་ལྕོགས་སུ་འཁུར་ཡོད། དེ་མིན་དུས་བཞིའི་ཚ་དྲོད་ལྟར་ལྭ་བ་བཀོད་སྒྲིག་བྱེད་ཀྱིན་ཡོད། ཏང་གི་སྲིད་ཇུས་བཟང་པོའི་འོག རྒན་གསོ་ཁང་གི་ལས་བྱེད་མི་སྣས་རྒན་པ་ཚོའི་བདེ་སྡུག་ལ་སེམས་ཁུར་དང་། འཚོ་བའི་ཐད་ཞབས་ཞུ་ལེགས་པོ་བསྒྲུབ་རྒྱུ་དེ་ཁོ་ཚོའི་འོས་འགན་ཡིན། སེམས་པ་རྣམ་དག་དང་ཞབས་ཞུ་བཟང་པོའི་ཞབས་ཏོག་བསྒྲུབས་པས། རྒན་པ་ཚོས་རྒན་གསོ་ཁང་གི་ལས་བྱེད་མི་སྣ་དག་རང་གི་བུ་དང་བུ་མོར་བརྩི་བ་དང་། རྒན་གསོ་ཁང་གི་ལས་བྱེད་མི་སྣས་རྒན་པ་དག་རང་གི་ནང་མི་ལྟར་བདག་སྐྱོང་བྱེད་ཀྱིན་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།