ཞུན་ཧྭ་རྫོང་བིས་མདོ་ཡུལ་ཚོ་སྲིད་གཞུང་གི་ར་སྐོར་ནང་ནས་མི་སྐོར་ཞིག་དང་འཕྲད་པ་ནི་ཡིན་པ་ཚོགས་འདུ་ལ་ཕེབས་པའི་སྡེ་བ་སོ་སོའི་ཧྲུའུ་ཅི་ཡིན་པ། ཡུལ་གཙོ་གཞོན་པ་གཡང་སྐྱབས་ཀྱིས་བཤད་པས་ད་གཟོད་ཤེས་པ་ཡིན་ལ། ར་ལུང་བ་སྡེ་བའི་ཧྲུའུ་ཅི་སྒྲོལ་མ་སྐྱབས་ཀྱང་དེའི་ཁྲོད་དུ་ཡོད་འདུག
སྡེ་བ་ཡར་འགྲོ་ཞིག་ལ་ངེས་པར་སྡེ་བའི་སྣེ་ཁྲིད་མཁན་གྱི་སྡེ་དཔོན་དང་ཧྲུའུ་ཅི་བཟང་པོ་ཞིག་ཡོད་ཟེར་བ་བཞིན། ར་ལུང་བ་སྡེ་བ་ནི་ཆུ་གློག་ལམ་གསུམ་སོགས་རྨང་གཞིའི་སྒྲིག་བཀོད་བཟང་ལ། ཁང་ཁྱིམ་ར་བ་སོགས་ཁོར་ཡུག་གི་རྣམ་པ་གཙང་བ། ཁ་འཆམ་འགྲིག་མཐུན་སོགས་ནང་མིའི་འགྲོ་སྟབས་ཡག་པའི་སྡེ་བ་ཡར་འགྲོ་ཞིག་ཡིན་པ་ཡུལ་གཙོ་གཞོན་པ་གཡང་སྐྱབས་ཀྱི་ས་ནས་རྒྱུས་ལོན་ཕྲན་ཙམ་བྱུང་བས། སྡེ་བའི་ཁ་ཕྱོགས་ཡར་འགྲོ་ཡར་ལ་ཁྲིད་མཁན་གྱི“དཔོན་པོ”བཟང་པོ་དེ་དོན་གྱིས་ག་འདྲ་ཞིག་ཡིན་པ་ཤེས་འདོད་ཀྱིས་གསར་འགོད་པ་ཐད་ཀར་ཧྲུའུ་ཅི་སྒྲོལ་མ་སྐྱབས་དང་ཉེ་བར་བཅར།
སྨུག་སིང་གི་གདོང་མདོག་ལས་བོད་ཀྱི་ཕོ་རྒོད་ཅིག་གི་ཉམས་མཐོང་ཐུབ་པར་མ་ཟད། ཁོའི་སྒམ་བརླིང་གཏམ་བཙུན་གྱི་སྦྱོར་བ་ཕྲན་བུ་ལས་གཞན་དང་མི་འདྲ་བའི་ཉམས་ཤིག་ཀྱང་ཚོར་ཡོང་། ཕན་ཚུན་ལབ་གླེང་བརྒྱུད་ནས་ཤེས་དུས། མ་གཞི་ཁོ་ནི་ལོ22ལྷག་ལ་སྡེ་བའི་ཧྲུའུ་ཅིའི་འགན་ཁུར་པའི་ཏང་ཡོན་རྒན་པ་ཞིག་དང་ལས་བྱེད་པ་རྒན་པ་ཞིག་ཡིན་པར་མ་ཟད། མེས་རྒྱལ་གྱི་མཐའ་མཚམས་སྲུང་དུ་བསྐྱོད་མྱོང་བའི“མི་དམངས་ཀྱི་དཔའ་བོ”ཞིག་ཀྱང་ཡིན་འདུག 1983ལོར་ལན་ཀྲུའུ་དམག་ཁུལ་དུ་ཞུགས་ཤིང་། ཡུན་ནན་གྱི་ས་མཚམས་སུ་སོང་སྟེ་རྒྱབ་ཕྱོགས་ཞབས་འདེགས་ཀྱི་བྱ་བ་བསྒྲུབས། 1986ལོར་དམག་ཁོངས་ལས་ཕྱིར་འཐེན་གྱིས་རང་ཡུལ་དུ་ལོག་ལ། 1987ལོར་ཏང་ལ་ཞུགས། དམག་དཔུང་དང་ཏང་གི་སློབ་སྦྱོང་ཐོབ་པའི་དབང་གིས་ཁོའི་གཤིས་སུ་རང་གཅུན་དང་ཁེངས་སྐྱུང་ཆེ་ལ། རྒྱུ་འབྲས་དྲང་བཞག་ལ་དགའ་བའི་བག་ཆགས་ཤིག་ཐེབས་ཡོད། སྡེ་བའི་བྱ་བ་སྣ་ཚོགས་སྒྲུབ་པའི་གོ་རིམ་ཁྲོད་དུ་རང་གཤིས་དེ་ལྷག་པར་གསལ།
ལྷ་མགོན་དང་གནས་ཆུང་དོན་འགྲུབ་གཉིས་ནི་ར་ལུང་བ་སྡེ་བའི་ན་གཞོན་ལས་བཏོད་པའི་གྲས་སུ་གཏོགས་ལ། ཧྲུའུ་ཅི་སྒྲོལ་མ་སྐྱབས་ཀྱིས་སྡེ་མི་ཚོའི་དཔལ་འབྱོར་ཡོང་འབབ་མཐོར་འདེགས་ཀྱི་ཐབས་སུ་ལག་རྩལ་གསོ་སྦྱོང་སྡེ་བའི་ནང་ལ་སླེབས་པའི་ལས་གཞི་བརྩོན་ལེན་བྱས་པ་ལས་ཁེ་བཟང་རེག་མཁན་ཡང་ཡིན་ཏེ། ད་ལྟ་ལྷ་མགོན་ཟ་ཁང་ཞིག་གི་སྦྱིན་བདག་དང་གནས་ཆུང་དོན་འགྲུབ་འདེགས་འཁོར་དང་ས་རྐོ་འཕྲུལ་འཁོར་ཉོས་ཡོད་པའི་ཁ་ལོ་བ་ཞིག་ཡིན་པར་མ་ཟད། སྡེ་བའི་ན་གཞོན་གཞན་ཡང་ཞབས་ཞུ་བ་དང་ཁ་ལོ་བའི་སློབ་ཕྲུག་ཏུ་ཁྲིད་ནས། མི་གཅིག་གི་ལག་རྩལ་ལ་བརྟེན་ནས་མི་མང་པོའི་འཚོ་རྟེན་ཐག་གཅོད་པའི་རྣམ་པ་ཞིག་མངོན་ཡོད། ཁོ་གཉིས་ཀྱིས་གཅིག་ཁ་གཅིག་གིས་འཕྲོག་སྟེ། “ཧྲུའུ་ཅི་སྒྲོལ་མ་སྐྱབས་ནི་སྡེ་དོན་ལ་ཤ་ཚ་ཞིང་བྱ་བ་རྒྱུ་འབྲས་དྲང་བཞག་གིས་ལས་མཁན་ཞིག་ཡིན། ཁང་རྙིང་ཞིག་གསོ་དང་མ་མཐའི་འཚོ་བའི་འགན་སྲུང་སོགས་ཀྱི་སྲིད་ཇུས་ཅི་ཞིག་ཡོད་ཀྱང་། ཁོས་ཉེ་རིང་ཅི་ཡང་མི་འཛིན་པར་སུ་ཚང་ལ་དཀའ་ངལ་ཡོད་ན་དེ་ཚང་ལ་སྲིད་ཇུས་ཡག་པོའི་ཁེ་བཟང་རེག་ཏུ་འཇུག་པ་རེད། ཁོའི་བཀའ་དྲིན་གྱིས་རང་རང་ལ་མཚོན་ནའང་ཞིང་འདེབས་པ་ལས་ཅི་ཡང་མི་ཤེས་པའི་ཞིང་པ་དབུལ་པོ་ཞིག་ལས་རང་ཉིད་ཀྱི་ལག་རྩལ་ལ་བརྟེན་ནས་ཡོང་སྒོ་འོས་འཚམ་ལེན་ཐུབ་མཁན་ཞིག་ཏུ་གྱུར་ཡོད། ཁྱིམ་ཚང་གི་ཆ་རྐྱེན་ཡང་སྔོན་དང་བསྡུར་ན་ལྡབ་འགྱུར་གྱིས་ཇེ་བཟང་ལ་སོང་ཡོད”ཟེར།
ཡིན་ནའང་། ཧྲུའུ་ཅི་སྒྲོལ་མ་སྐྱབས་ཀྱིས་བྱས་འབྲས་གང་ཡང་རང་གི་སྒྲུབ་འོས་པའི་འགན་འཁྲི་ཞིག་ལས་ལག་རྗེས་ཤིག་ཏུ་གཏན་ནས་མི་བརྩི་བར། རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པ་དང་གོང་རིམ་གྱི་མགོ་ཁྲིད་བཟང་བ་ཁོ་ནས་ཡིན་པར་བརྗོད། སྡེ་བའི་འགྱུར་ལྡོག་དང་རྒྱལ་ཁབ་ཀྱི་རོགས་སྐྱོར་སྐོར་གླེང་སྐབས་ཁོའི་སྐད་ཆ་སྔར་བཞིན་ཉུང་ནའང་། ངར་ཤུགས་མངོན་གསལ་གྱིས་ཇེ་ཆེ་རེད། མཛེས་པའི་ཞིང་སྡེ་འཛུགས་སྐྲུན་དང་སྡེ་བའི་ཐུན་མོང་དཔལ་འབྱོར། རོགས་རེས་མ་དངུལ། སྡོང་འཛུགས་ནགས་སྐྲུན་སོགས་ཀྱི་ལས་གཞི་རབ་དང་རིམ་པ་ཞིག་དོན་ཐོག་ཏུ་ཇི་ལྟར་འཁྱོལ་བ་ཚིག་ཉུང་ངུར་བསྡུས་ནས་བརྗོད། ཁོས“ན་ནིང་ཀྲུང་དབྱང་གི་ཆེད་སྤྱོད་མ་དངུལ་སྒོར་མོ་འབུམ་ལྔ་ཡི་སྟེང་། སྡེ་བའི་རོགས་རེས་མ་དངུལ་སྒོར་མོ་ས་ཡ་གཅིག་གིས་ཟི་ལིང་ནས་ལམ་འགྲམ་ཚོང་ཁང་ཉོས་པའི་ལོ་རེའི་ཡོང་སྒོ་སྒོར་ཁྲི་བརྒྱད་རེ་ཡོད་པ་བསྣན་ནས་སྡེ་བའི་ནོར་ལུག་གསོ་སྤེལ་མཉམ་ལས་ཁང་འཛུགས་བཞིན་ཡོད”ཟེར། ཁོའི་སྐད་ཆ་ནི་དེ་ལྟར་ཚིག་ཉུང་སྟབས་བདེ་ཞིག་ཡིན་ནའང་། དེ་འདྲའི་ལས་ཀ་ཞིག་དོན་ཐོག་ཏུ་འདེབས་པ་ནི་ལས་སླ་མོ་ཞིག་ཀྱང་མ་ཡིན་ཏེ། ར་ལུང་བ་སྡེ་བའི་ཉེན་ཁང་ཞིག་གསོའི་ཁྱིམ་ཚང་རྣམ་ཐར་རྒྱལ་ཚང་ནས་གནས་ཚུལ་རྒྱུས་ལོན་བྱེད་སྐབས། གསར་འགོད་པས་ད་གཟོད་ཧྲུའུ་ཅི་སྒྲོལ་མ་སྐྱབས་ཀྱི་ནམ་རྒྱུན་འཚོ་བའི་ནང་གི་བྱ་བ་སྒྲུབ་སྟངས་ལ་རྒྱུས་ལོན་ཕྲན་ཙམ་བྱུང་།
རྣམ་ཐར་རྒྱལ་གྱིས་བཤད་རྒྱུར། “སྡེ་བ་འདི་ལ་ཁྱིམ་ཚང107ཡོད། འདི་འདྲའི་སྡེ་བ་ཞིག་ལ་ཁ་ལོ་མགོ་འདོམས་བྱེད་རྒྱུ་ནི་ལས་སླ་མོ་ཞིག་ཡིན་མི་སྲིད། ད་ལྟ་འཛུགས་བཞིན་པའི་སྡེ་བའི་མཉམ་ལས་ཁང་གཅིག་པུའི་ཐོག་ནས་བཤད་ནའང་། ཚང་མ་ཞིང་གྲོང་གི་མི་ཡིན་པས། རོགས་རེས་མ་དངུལ་ཁྱིམ་ཚང་རང་རང་གི་བཀོལ་བར་འཐད་པ་ལས། གྲོང་ཁྱེར་ནས་ལམ་འགྲམ་ཚོང་ཁང་ཉོ་རྒྱུར་འཐད་མཁན་མེད་པས། ཧྲུའུ་ཅི་སྒྲོལ་མ་སྐྱབས་ཀྱིས་སྡེ་བའི་ལོ་ལོན་རྣམས་ལ་བློ་དྲིས། ན་མཉམ་རྣམས་ལ་གྲོས་བྱས། གཞོན་པ་རྣམས་ལ་སེམས་བཅོས་པ་མ་ཟད།སྡེ་བའི་ནང་གི་ཚོང་པ་ཉམས་མྱོང་ཅན་ལ་རོགས་བྱེད་དུ་བཅུག་ནས་འགྲུབ་པ་རེད། དེ་ནས་དེའི་ཡོང་སྒོ་ཆེད་སྤྱོད་མ་དངུལ་སྟེང་ལ་བསྣན་ནས་མཉམ་ལས་ཁང་འཛུགས་དུས་ཀྱང་དེ་བཞིན་རེད། ཡིན་ནའང་། ནམ་རྒྱུན་ཁོ་རང་སྡེ་དོན་ལ་ཤ་ཚ་བར་མ་ཟད་བྱ་བའི་ཐོག་ནས་རྒྱུ་འབྲས་དྲང་བཞག་ཡིན་པ་དང་། ལོ་སར་ལ་རོལ་བ་དང་དབྱར་གཞུང་སྤྲོ་གསེང་གཏོང་བ་སོགས་སྡེ་བའི་ཐུན་མོང་བྱ་འགུལ་ལ་བཀོད་འདོམས་བྱས་པ་སོགས་བཟང་བས། སྡེ་མི་རྣམས་ཀྱིས་ཀྱང་གལ་ལ་ཐུག་ན་ཁོ་ལ་རྒྱབ་སྐྱོར་དང་ཡིད་ཆེས་བྱེད་ཀྱིན་ཡོད་པ་རེད། ད་ལོ་སྐབས་བརྗེ་སྐབས་སྔར་བཞིན་ཚང་མས་ཧྲུའུ་ཅི་ལ་ཁོ་འདུག་དགོས་ཟེར་བ་རེད།”
དེ་བཞིན་དུ་ར་གཤོང་སྡེ་བའང་བིས་མདོ་ཡུལ་ཚོའི་སྡེ་བ་ཡར་འགྲོའི་སྐོར་ཡིན་པར་མ་ཟད། དཔལ་འབྱོར་ཡོང་སྒོ་དང་སློབ་གསོ་རིག་གནས་སོགས་གང་ཅིའི་ཐད་ནས་བིས་མདོ་ཡུལ་ཚོའི་སྔོན་ཐོན་གྱི་གྲས་སུ་ཚུད་ཡོད། དེ་ལས་ཀྱང་སྡེ་བའི་ཧྲུའུ་ཅི་འཕགས་མོ་དོན་འགྲུབ་ནི་ཕྱུག་བསྒྱུར་སྣེ་ཁྲིད་པ་ཞིག་ཀྱང་ཡིན་ཏེ། ཁོས་བིས་མདོ་ཡུལ་ཚོ་ནས་སྣུམ་བཙག་ཁང་ཆུང་ཆུང་ཞིག་གཉེར་ཞིང་། ལོ་གང་མང་ལ་རང་གི་འབད་བརྩོན་དང་ཐབས་ཤེས་ལ་བརྟེན་ནས་ཧུར་ཐག་བྱས་མཐར། སྣུམ་བཙག་ཁང་ཆུང་ཆུང་དེར་ད་ལྟ་མ་རྩ་སྒོར་མོ་འབུམ་བདུན་ཁྲི་བརྒྱད་ཅན་གྱི་འཐག་འཁོར་ཡོད་ལ། ཡོང་སྒོ་བཟང་དུས་ལོ་རེར་སྒོར་མོ་འབུམ་ལྔ་ལེན་ཐུབ་པའི་གཞི་ཁྱོན་ངེས་ཅན་ལྡན་པའི་ཟས་སྣུམ་ཀུང་སི་ཞིག་ཏུ་གྱུར་ཡོད། དེ་མ་ཟད་གནས་སྐོར་ལས་རིགས་དར་བའི་སྐབས་དང་བསྟུན་ནས་ཁོས་རོང་ཁྱིམ་གླིང་ག་བཙུགས་ཏེ་བཟའ་བཏུང་དང་སྡོད་ཁང་གཉིས་ཀའི་ཐོག་ནས་གནས་སྐོར་པ་སྣེ་ལེན་བྱེད་ཀྱིན་ཡོད།
རྒྱུས་ལོན་བྱས་པ་ལྟར་ན། ར་གཤོང་སྡེ་བ་ནི་དབུལ་ཕོངས་སྡེ་བ་ཞིག་ཡིན་ལ། དབུལ་ཕོངས་ལས་ཐར་བར་ཅིས་ཀྱང་དཔལ་འབྱོར་ཕྱོགས་ཀྱི་འཇོན་མི་སྣེ་ཁྲིད་པ་ཞིག་དགོས་པས། འཕགས་མོ་དོན་འགྲུབ་བསྟུད་མར་ལོ12ལྷག་ལ་སྡེ་བའི་ཧྲུའུ་ཅིར་བདམས་པའང་ཁོའི་འཇོན་ཐང་དེས་ཡིན། ཁོས་སྣེ་ཁྲིད་ཡག་པོ་བྱས་འོག་ར་གཤོང་སྡེ་བས་ཁ་གཏད་རོགས་སྐྱོར་ལས་ཁུངས་ཏེ་ཞིང་ཆེན་བཟོ་ལས་ཆ་འཕྲིན་ཐིན་ལ་ཧུར་ཐག་གིས་འབྲེལ་བ་བྱས་པས། སྔ་གཞུག་ཏུ་མ་དངུལ་སྒོར་མོ་ས་ཡ་གཅིག་དང་འབུམ་ལྔ་ཁྲི་བརྒྱད་ལྷག་བརྩོན་ལེན་བྱས་ཏེ། འོད་ཧྥུ་གློག་འདོན་ས་ཚིགས་དང་བྲག་དཀར་ཀུང་སི་སོགས་སྡེ་བའི་མཉམ་ལས་ཁང་བཙུགས་པས། ར་གཤོང་སྡེ་བ་དབུལ་ཕོངས་ཀྱི་གནས་ལས་ཐར་བར་མ་ཟད་ཡུལ་ཚོ་ཡོངས་ཀྱི་འཚོ་བའི་ཆུ་ཚད་བཟང་ཤོས་སུ་གྱུར། དེ་ནི་དཔལ་འབྱོར་ཡོང་སྒོ་ཁོ་ནས་མ་ཡིན་པར། སྡེ་བའི་རིག་གནས་འཚོ་བ་དང་སློབ་གསོ་སོགས་འཕེལ་རྒྱས་བྱུང་བ་ཞིག་ཡིན་ཏེ། ཧྲུའུ་ཅི་འཕགས་མོ་དོན་འགྲུབ་ཀྱིས་སྡེ་བའི་རོགས་རེས་མ་དངུལ་སྒོར་མོ་འབུམ་ལྔ་གཅིག་བསྡུས་བྱས་ཏེ། བདེ་སྐྱིད་གླིང་ཞེས་པའི་སྡེ་བའི་བྱ་འགུལ་ཁང་ཞིག་ལས་ཡོད་ལ། དེར་སློབ་ཁང་དང་ཚོགས་ཁང་། ཐང་ཆེན་སོགས་འདུ་བར་མ་ཟད་ཁེར་ཐོག་ལ་ཚོང་ཁང་ལས་ནས་གཞན་ལ་གླས་ཡོད། དེའི་ཡོང་སྒོ་དང་གཞན་ཕྱི་ཐོག་ཏུ་ཡོད་པའི་སྡེ་མི་ཚོང་བ་དང་ལས་བྱེད་པ། ཞོར་ལས་པ་སོགས་ལ་ཧུར་ཐག་གིས་འབྲེལ་གཏུག་བྱས་ནས། མ་དངུལ་འོས་འཚམ་རེ་སྤྱད་ནས་ལོ་རེར་སྡེ་བའི་ལོ་ལོན་རྣམས་ལ་བདག་སྐྱོང་དང་། ཁོ་ཚོའི་འཚོ་བ་སྐྱིད་པོ་ཡོང་ཐབས་ཀྱི་བྱ་འགུལ་སྣ་ཚོགས་སྤེལ་བཞིན་ཡོད། ད་དུང་དབྱར་དགུན་གནང་ལ་སྡེ་བའི་སློབ་ཆེན་པ་རྣམས་ལ་ཟླ་ཕོགས་བྱིན་ནས་བྱིས་པ་རྣམས་ལ་སློབ་ཁྲིད་བྱེད་དུ་འཇུག་བཞིན་ཡོད་པས། ཉེ་ཆར་ཁོ་ཚོའི་སྡེ་བའི་སློབ་ཆེན་ལ་རྒྱུགས་འཕྲོད་ཚད་དང་བྱ་བའི་ལས་གནས་སུ་རྒྱུགས་འཕྲོད་ཚད་ཀྱང་ཤིན་ཏུ་མཐོ།
ཡིན་ནའང་། ཧྲུའུ་ཅི་སྒྲོལ་མ་སྐྱབས་དང་འདྲ་བར། ཧྲུའུ་ཅི་འཕགས་མོ་དོན་འགྲུབ་ཀྱིས་ཀྱང་སྡེ་བའི་འཕེལ་རྒྱས་དེ་དག་རང་ཉིད་ཀྱི་ལག་རྗེས་ཤིག་ཏུ་མི་བརྩི་བར། སྡེ་མི་རྣམས་ཀྱི་མཐུན་སྒྲིལ་དང་འབད་བརྩོན་ལས་ཐོབ་པའི་གྲུབ་འབྲས་ཤིག་ཏུ་བརྩི་ལ། དེ་ལས་ཀྱང་ཏང་གི་སྲིད་ཇུས་བཟང་བ་དང་གོང་གི་མགོ་ཁྲིད་ཡག་པོ་ཁོ་ནས་ཡིན་པར་བརྗོད། “འདི་ཚང་མ་སྲིད་ཇུས་ཡག་པོ་དང་མགོ་ཁྲིད་བཟང་པོའི་བཀའ་དྲིན་ཡིན་པས། ནམ་ཡང་རྒྱལ་སྲིད་བརྟན་ཅིང་མི་དམངས་སྐྱིད་པའི་སྨོན་འདུན་ཞུ། །”
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།