ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚན་ཆུང་གིས།“ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་སྤེལ་བ།
2021.04.09 ཁུངས། ཀྲུང་གོ་གུང་ཁྲན་ཏང་གསར་འགྱུར་དྲ་བ། ཀློག་གྲངས། 68

ཉེ་ལམ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚན་ཆུང་གིས《〈“ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོའི་ལས་དོན་ཇུས་གཞིའི〉སྐོར་གྱི་བརྡ་ཐོ》བཀྲམ་ནས། “ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་བཀོད་སྒྲིག་བྱས་པ་རེད།

《བརྡ་ཐོའི》ནང་། “ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་སྤེལ་བར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པ་དེ་ཉམས་མྱོང་ཕྱོགས་སྡོམ་དང་། དོན་དངོས་ལ་ཞིབ་རྟོགས། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་དང་ཟུང་འབྲེལ་བྱས་ཏེ་ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ་དང་། ཏང་གི་ཐོག་མའི་འགན་འཁྲི་དང་རྩ་བའི་དམིགས་འབེན་ལག་བསྟར། སྤྱི་ཞབས་པའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ། དམངས་ལ་བརྩེ་སེམས་འཆང་བ་བཅས་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ། ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་མིག་དཔེའི་ནུས་པ་བཅས་འདོན་སྤེལ་བྱས་པ་མ་ཟད། ལས་རིགས་ཁག་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས་རང་འཁྲིའི་ལས་གནས་ལ་རྐང་བཙུགས་ནས་མི་དམངས་ལ་ཞབས་འདེགས་ཞུས་ཏེ་དཀའ་ངལ་ཆེ་ཤོས་ཀྱི་མང་ཚོགས་ནས་འགོ་རྩོམ་པ་དང་། མངོན་གསལ་དོད་ཤོས་ཀྱི་གནད་དོན་ནས་དམ་འཛིན། ཆེས་དོན་དངོས་ཀྱི་ཁེ་ཕན་ནས་འགོ་རྩོམ་པ་བཅས་བྱས་ཏེ་བློ་རྩེ་གཅིག་སྒྲིམ་དང་། བརྩེ་སེམས་འཆང་བ། ནུས་ཤུགས་འདོན་པ་བཅས་ཀྱི་སྒོ་ནས་གཞི་རིམ་གྱི་སེལ་དཀའ་བའི་གནད་དོན་དང་མང་ཚོགས་ཀྱི་སེམས་ཁྲལ་ཆེ་བའི་གནད་དོན་ཐག་གཅོད་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་བཏང་སྟེ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་བགྲོད་ལམ་གསར་པར་སྐྱོད་པར་ནུས་ཤུགས་ཡོད་རྒུས་སྐུལ་ལྕག་གཏོང་དགོས་ཞེས་བཏོན་ཡོད།

《བརྡ་ཐོའི》ནང་། གཙོ་གནད་ལས་འགན་ལ་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ནུས་ཤུགས་ཡོད་རྒུས་ལག་བསྟར་བྱས་ཏེ། དོན་དངོས་བསྒྲུབས་ནས་མང་ཚོགས་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་སྤུས་ཀ་ལེགས་པའི་བདེ་སྐྱིད་འཚོ་བ་མཉམ་སྤྱོད་ཐུབ་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་ནུས་ཤུགས་ཡོད་རྒུས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ་དོན་དངོས་བསྒྲུབས་ནས་མཛེས་སྡུག་ལྡན་པའི་སྡོད་མལ་དང་འཚམ་པ་དང་། ལས་རིགས་ཀུན་དར་དང་འཆམ་མཐུན་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་པ་འཛུགས་སྐྲུན། གཞི་རིམ་གྱི་དམངས་ཚིས་དགོས་མཁོ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཏེ་དོན་དངོས་བསྒྲུབས་ནས་བྱིས་པར་སྐྱོང་མཁན་ཡོད་པ་དང་། སྦྱོང་དུས་སློབ་མཁན་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། ཉམས་ཞན་ལ་རོགས་སྐྱོར་ཡོད་པ་བཅས་ཀྱི་ཐད་འཕེལ་རིམ་གསར་པ་འཐོབ་རྒྱུར་སྐུལ་འདེད་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་སྲིད་དོན་ཞབས་ཞུའི་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་སྟེ་དམངས་ལ་ཕན་ཁེ་བསྐྲུན་པ་དང་དམངས་ལ་སྟབས་བདེ་བསྐྲུན་པ། དོན་དངོས་གཞིར་བཟུང་ཏེ་ལས་དོན་སྒྲུབ་པའི་བརྒྱུད་རིམ་འཐུས་ཚང་དུ་གཏོང་བ་དང་། ཞིབ་མཆན་གྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ལས་དོན་སྒྲུབ་པའི་ལས་ཕྱོད་མཐོ་རུ་གཏོང་བ། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། དོན་དངོས་བསྒྲུབས་ཏེ་འགལ་ཟླ་དང་རྩོད་གཞི་གཞི་རིམ་དུ་སེལ་བ་དང་འཆམ་མཐུན་བརྟན་ལྷིང་གཞི་རིམ་དུ་འཛུགས་ཐུབ་པ་བཅས་བྱེད་དགོས་པ་ནན་གྱིས་བསྟན་ཡོད།

《བརྡ་ཐོའི》ནང་། དམངས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་ཤེས་རྟོགས་བྱ་རྒྱུ་དེ“ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི”གོམ་སྟབས་དང་པོར་བརྩིས་ནས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་གཞི་རིམ་གྱི་མང་ཚོགས་དང་། ཐོན་སྐྱེད་ཀྱི་ལས་ཡུལ་དང་པོ། འོག་རིམ་སྡེ་ཁག ལས་ཀའི་ཞབས་ཞུ་བྱ་ཡུལ་བཅས་སུ་བསྐྱོད་དེ་བསམ་འཆར་རྒྱ་ཁྱབ་ཏུ་ཉན་པ་དང་དམངས་ཚིས་དགོས་མཁོ་ཤེས་རྟོགས་བྱེད་དགོས་པ་དང་། མང་ཚོགས་ཀྱི་ཚུར་ལན་གཅིག་སྡུད་བྱས་ཏེ་ཐུན་མོང་གི་དགོས་མཁོ་དང་ཡོངས་ཁྱབ་རང་བཞིན་གྱི་གནད་དོན་དང་། འཕེལ་རྒྱས་གཏོང་སྐབས་ཀྱི་ཐག་གཅོད་བྱེད་དགོས་པའི་གཙོ་གནད་དང་དཀའ་གནད། ཡུན་རིང་ཐག་གཅོད་མ་ཐུབ་པའི་དམངས་ཚིས་གནད་དོན་བཅས་ལ་དམིགས་ཏེ“ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི”གཙོ་གནད་ལས་གཞི་ལ་ཞིབ་འཇུག་བྱས་ནས་ལག་བསྟར་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་ཞིང་སྡེ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུར་ཕན་པའི་སྲིད་ཇུས་ཀྱི་བྱ་ཐབས་ཁག་གཅིག་གཅིག་སྡུད་ཐོག་འདོན་པ་དང་། དམངས་ལ་ཞབས་ཞུ་བྱེད་པ་དང་། དམངས་ལ་ཕན་འདོགས་པ། དམངས་ལ་སྟབས་བདེ་སྐྲུན་པ་བཅས་ཀྱི་ཐབས་ཤེས་ཁག་གཅིག་འདོན་པ། ཐད་ཀར་དམངས་ལ་བདེ་སྐྱིད་སྐྲུན་ཐུབ་པའི་ལས་གཞིའི་བཟོ་སྐྲུན་ཁག་གཅིག་ལག་བསྟར་བྱས་ནས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་འགལ་ཟླ་དང་རྩོད་གཞི་ཁག་གཅིག་སེལ་ཐུབ་པ་བྱེད་དགོས། ལས་གནས་ཐོག་བྱས་རྗེས་འཇོག་པ་དང་དང་བླངས་ཞབས་ཞུ་སྒྲུབ་པའི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ཏེ་སྤྱི་ཚོགས་ཀྱི་སྟོབས་ཤུགས་དང་རྒྱ་ཆེའི་མང་ཚོགས་ཧུར་ཐག་གིས་ཞུགས་རྒྱུར་སྣེ་ཁྲིད་དེ་གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་རིམ་ཁག་ཏང་རྩ་འཛུགས་ཀྱིས་སྟོབས་ཤུགས་གཅིག་ཏུ་བསྡུ་བ་དང་། རྒྱ་ཆེའི་ཏང་ཡོན་གྱིས་བྱ་སྤྱོད་ཧུར་ཐག་སྤེལ་བ། སྤྱི་ཚོགས་ལས་རིགས་ཁག་དང་མི་དམངས་མང་ཚོགས་ཧུར་ཐག་གིས་ཞུགས་པ་བཅས་ཀྱི་རྣམ་པ་བཟང་པོ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན་ཡོད།

《བརྡ་ཐོའི》ནང་། རིམ་ཁག་ཏང་རྩ་འཛུགས་ཀྱིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་གཙོ་གནད་ཀྱི་དམངས་ཚིས་ལས་གཞིའི་གསལ་ཐོ་ཞིབ་འཇུག་གཏན་འཁེལ་དང་གཙོ་གནད་ཀྱི་ལས་འགན་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་། རིགས་དབྱེ་རིམ་དབྱེའི་སྒོ་ནས་ལག་བསྟར་བྱ་རྒྱུར་མཐོང་ཆེན་བྱས་ཏེ་ས་ཁུལ་མི་འདྲ་བ་དང་། ཁྱབ་ཁོངས་མི་འདྲ་བ། རིམ་པ་མི་འདྲ་བ་བཅས་ཀྱི་ཏང་རྩ་འཛུགས་ལ་དམིགས་ནས་བླང་བྱ་སོ་སོར་འདོན་པ། དྲིལ་བསྒྲགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལས་ཀའི་བླང་བྱའི་སྐོར་གྱི་གནས་ཚུལ་གཏོང་སྤེལ་གཏིང་ཟབ་བྱས་ནས་གཞི་རིམ་གྱི་ཉམས་མྱོང་དང་། བྱེད་ཐབས། ཕན་འབྲས་དངོས་བཅས་གང་ལེགས་མངོན་པ། དོན་དངོས་ནས་འགོ་འཛུགས་རྒྱུ་རྒྱུན་འཁྱོངས་བྱས་ཏེ་གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་མང་ཚོགས་ལ་དོན་དངོས་བསྒྲུབ་རྒྱུའི་ལས་གཞིར་བཀོད་སྒྲིག་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤངས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་རྒྱུར་མཐོང་ཆེན་བྱས་ཏེ་དོན་བཟང་ཏན་ཏིག་སྒྲུབ་པ་དང་། བྱ་བ་དངོས་སྒྲུབ་པ། མང་ཚོགས་ཀྱི་སེམས་ལ་ཟུག་པའི་བྱ་བ་ཏན་ཏིག་སྒྲུབ་ཐུབ་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།