ཉི་འོད་དྲོ་ཞིང་འཇམ། དཔྱིད་རླུང་དལ་བུར་ལྡང་། ཡུན་རིང་ཞིག་ལ་གཉིད་དུ་ཡུར་བའི་འཛིན་མའི་ཁྱོན་ཀུན་ལ་སྐྱེ་སྟོབས་ཀྱི་གསོན་ཤུགས་རྒྱས་འདུག
དཔྱིད་ཀའི་ཞོགས་པ་ཞིག་ལ། ང་ཚོ་མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་ཀ་རིང་བོད་རིགས་ཡུལ་ཚོར་སླེབས་པ་ན། སྲིད་གཞུང་གི་ལས་བྱེད་མི་སྣས་ཁ་ཆད་ལྟར་ང་ཚོར་བསྒུགས་ནས་འདུག ཁོ་ཚོའི་འགྲོ་རོགས་འོག་ཀ་རིང་ཡུལ་ཚོ་ཡ་ཀ་སྡེ་བའི་ཨ་ཡེ་རྒན་མོ་ཤ་བོ་སྐྱིད་ཚང་ལ་བཅར་འདྲིར་ཕྱིན།
ཁོ་མོ་ཚང་གི་སྒོ་ཁར་སླེབས་པ་ན། སྐམ་ཞིང་རིད་པའི་ཨ་ཡེ་རྒན་མོ་ཞིག་ཤིང་ཁང་ཆུང་ཆུང་ནས་གོམ་པ་ཁྱར་ཁྱོར་ངང་ཕྱིར་སླེབས་བྱུང་། རྒན་མོ་དེའི་མིང་ལ་ཤ་བོ་སྐྱིད་ཟེར་ཞིང་། ད་ལོར་ལོ87ལ་སོན་འདུག དུས་ཀྱི་སྐྱིད་སྡུག་རི་མོ་དཔྲལ་བའི་གཉེར་མ་རེ་རེ་ན་གསལ་ལེར་ཤར་ལ། ནང་སེམས་ཀྱི་གཏམ་རྒྱུད་རིང་མོའི་ཟེགས་མ་མིག་ཟུང་ལས་དལ་བུར་ཉིལ་བཞིན་འདུག
ཤ་བོ་སྐྱིད་ནི1959ལོར་ཏང་ནང་དུ་ཞུགས་པ་དང་། 1960ལོར་སྡེ་བའི་ཧྲུའུ་ཅིར་བདམས། མོ་ནི་ཡ་ཀ་སྡེ་བའི་ཧྲུའུ་ཅི་ཡི་འགན་བཞེས་ནས་ལོ35འགོར་ཡོད་པའི་ཏང་ཡོན་རྒན་པ་ཞིག་དང་ལས་བྱེད་པ་རྒན་པ་ཞིག་རེད།
དཀའ་སྡུག་དང་ཀྱག་ཀྱོག་ཆེ་བའི་ལོ་ཟླ་དེ་དག་གི་རིང་ལ། མོའི་གུང་ཁྲན་ཏང་ཡོན་ཞིག་གི་ལྷད་མེད་ཀྱི་བརྩེ་སེམས་དྲོན་མོ་ཕྱིར་མངོན་པར་མ་ཟད། རང་ཉིད་ཀྱི་འཚོ་བར་དཀའ་ཁག་ཅི་འདྲ་ཆེ་རུང་། མང་ཚོགས་ཀྱི་འཚོ་བའི་དོན་དུ་ཉིན་མཚན་དབྱེར་མེད་དུ་རང་ཉིད་ཀྱི་ལང་ཚོའི་མཛེས་པ་དང་རྔུལ་ཁྲག་དྲོན་མོ་གནས་དེར་ཟགས།
དུས་རབས་སྔོན་མའི་ལོ་རབས50ནས70བར་ནི་ཆེས་དཀའ་སྡུག་ཆེ་བའི་དུས་སྐབས་ཤིག་ཡིན་ལ། གུང་ཁྲན་ཏང་གི་བླ་ན་མེད་པའི་ཕུགས་བསམ་ཡིད་ལ་དམ་པོར་བཅངས་པའི་གུང་ཁྲན་ཏང་མི་ཚོས་དཀའ་ངལ་ཁྱད་གསོད་དང་ངལ་བར་འཛེམ་མེད། མཐུན་སྒྲིལ་འབད་བརྩོན། དཔའ་ངར་ཞུམ་མེད། སྒེར་མེད་གསོལ་འབུལ་གྱི་བླ་མེད་སྙིང་སྟོབས་ཕྱིར་མངོན་པའི་སྐབས་ཤིག་ཀྱང་རེད།
ཤ་བོ་སྐྱིད་ཀྱིས་ཀྱང་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་ཏང་གི་བཀའ་དྲིན་དང་དམངས་ཀྱི་བདེ་སྡུག་སེམས་སུ་ཉར་ཞིང་། ཐོག་མཐའ་བར་གསུམ་དུ་བྱ་བ་གང་དང་གང་བརྩམས་ཀྱང་གུང་ཁྲན་ཏང་མིའི་འགན་འཁྲི་ལེགས་པོར་ཁུར་ཏེ་དམངས་ཀྱི་ལས་ལ་གཞོལ་མགོ་བརྩམས།“སྐབས་དེར་མང་ཚོགས་ཀྱི་འཚོ་བར་དཀའ་སྡུག་ཧ་ཅང་ཆེ། འཚོ་བ་ཡར་རྒྱས་གོང་འཕེལ་དང་འབྲུ་རིགས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་བར། གོང་རིམ་གྱི་རེ་བ་དང་བཀོད་སྒྲིག་ལྟར། སྡེ་བའི་མང་ཚོགས་རྩ་འཛུགས་བྱས་ཏེ་ས་རྒོད་བསློགས་ནས་རྨོ་ཞིང་དུ་བསྒྱུར་པ་དང་། བསྡོམས་པས་ས་མུའུ་སྟོང་གཉིས་ལྷག་བསློགས། དེ་མིན་ཐན་པ་ཡོང་བར་དོགས་ནས་ཆུ་མཛོད་གཉིས་ཀྱང་བསྐྲུན་ནས་གྲུབ་པ་ཡིན”ཞེས་ཤ་བོ་སྐྱིད་ཀྱི་གདོང་ལ་སྐྱོ་ཉམས་ཤིག་ཤར་བའི་མུར། གཙང་ཤོག་གིས་མིག་ཟུང་ལས་ཟགས་པའི་མཆི་མ་ཡང་ཡང་ཕྱིས་ཤིང་། ཡུད་ཙམ་ཞིག་ལ་མོས་མིག་གཉིས་གཡོ་འགུལ་མེད་པར་རྒྱང་ལྟ་བྱས།
ཐོན་སྐྱེད་རུ་ཁག་གི་སྐབས་སུ། སྡེ་མི་ཚོའི་འཚོ་བའི་ཆ་རྐྱེན་ཞན་པའི་གནད་དོན་ཐག་གཅོད་བྱེད་དགོས་པར་མ་ཟད། གཞན་ད་དུང་བཟའ་ཚང་དང་ཁྱིམ་མཚེས་བར་གྱི་རྩོད་གཞི་སོགས་གནད་དོན་ཆེ་ཆུང་གང་མང་ཞིག་ཐག་གཅོད་བྱེད་དགོས།
ཤ་བོ་སྐྱིད་ཀྱིས་བཤད་རྒྱུར།“ང་རང་ཏང་ཡོན་དང་ཧྲུའུ་ཅི་ཞིག་ཡིན་པའི་ཆ་ནས། ཏང་གིས་ང་ལ་སྤྲད་པའི་འགན་འཁྲི་ཏན་ཏིག་གིས་ཁུར་པའི་མི་ཚད། སྡེ་བའི་ནང་གི་རྩོད་གཞི་འདུམ་སྒྲིག་བྱེད་པའི་འོས་འགན་ཡང་ཡོད”ཟེར།
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་དང་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པའི་དུས་ཀྱི་སྐལ་བཟང་འདི་ལ།“མེས་རྒྱལ་སྟོབས་འབྱོར་མངའ་ཐང་དར་ཞིང་སྲིད་དབང་བརྟན་པའི་བཀྲ་ཤིས་སྨོན་འདུན་ཞུ”ཞེས་ཏང་ཡོན་རྒན་པ་ཤ་བོ་སྐྱིད་ཀྱིས་དགའ་སྤྲོའི་འཛུམ་དང་བཅས་ཏེ་སྨྲས་བྱུང་།
དེ་དང་དེ་བཞིན་དུ། ཏང་བཙུགས་ནས་ལོ་ངོ་བརྒྱ་འགོར་བའི་རིང་ལ་ཤ་བོ་སྐྱིད་ལྟ་བུའི་ཏང་གི་སྙིང་སྟོབས་ཡིད་ལ་བཅངས་ནས་མེས་རྒྱལ་འཛུགས་སྐྲུན་ལ་ལང་ཚོ་ཕུལ་བའི་གཞི་རིམ་གྱི་ཏང་ཡོན་དཀྱུས་མ་གཞན་དང་གཞན་ཡང་མང་པོ་ཞིག་མཆིས་པ་སྨོས་མ་དགོས་ཏེ། དཔེར་ན་རྡོ་སྦིས་ཡུལ་ཚོ་གཤོང་བ་སྡེ་བའི་ཧྲུའུ་ཅི་རྒན་པ་བསོད་ནམས་བསྟན་འཛིན་ལྟ་བུ་རེད།
བསོད་ནམས་བསྟན་འཛིན་དང་བཅར་བ་ནི་རྡོ་སྦིས་བོད་རིགས་ཡུལ་ཚོ་མི་དམངས་སྲིད་གཞུང་གི་དམངས་ཆེན་ཀྲུའུ་ཞི་པདྨ་དབང་རྒྱལ་གྱིས་ལམ་ཁྲིད་དེ་གཤོང་བ་སྡེ་བར་འགྲོ་དུས་ཡིན། གཤོང་བ་སྡེ་བ་ནི་ཡུལ་ཚོ་སྲིད་གཞུང་དང་ལམ་ཐག་དེ་འདྲ་རིང་རྒྱུ་མེད་ལ། རླངས་འཁོར་ལ་བསྡད་དེ་སོང་ན་ཧ་ལམ་ཆུ་ཚོད་སྐར་མ་བཅུ་ལྷག་གིས་བསླེབ་ཐུབ། གཤོང་བ་སྡེ་བའི་སྡེ་འདབས་སུ་སླེབས་ཚེ། སྡེ་བའི་ཧྲུའུ་ཅི་ཏིང་འཛིན་སྐྱབས་ཀྱིས་སྔ་མོ་ནས་ང་ཚོར་བསྒུགས་འདུག ཁོའི་སྣེ་ཁྲིད་འོག་བཅར་འདྲི་བྱ་ཡུལ་གྱི་ཁྱིམ་ཚང་གི་སྒོ་ཁར་སླེབས་དུས། ཀྲུང་གོ་གུང་ཁྲན་ཏང་དང་ན་མཉམ་ཡིན་པའི་ཨ་ཡེ་རྒན་མོ་སྙིང་མོ་ཚེ་རིང་གི་བུ་བསོད་ནམས་བསྟན་འཛིན་གྱིས་ཚི་ལེན་སྟོད་ཐུང་ཞིག་གྱོན་ནས་ལུས་རྩལ་སྦྱོང་བཞིན་འདུག ཁོས་ང་ཚོ་མཐོང་མ་ཐག་ལུས་སྦྱོང་བྱེད་མཚམས་བཞག་ནས་གདོང་ལ་འཛུམ་གྱིས་ཁེངས་ཏེ་ང་ཚོར་བསུ་མ་བྱས། ཁོང་གི་བུ་དང་མནའ་མ་གཉིས་ཀྱིས་ཟས་རིགས་གྱ་ནོམ་པ་ཞིག་བསྒྲིགས་འདུག་ལ། ང་ཚོར་འོ་ཇ་དཀར་ཡོལ་གང་རེ་དྲངས་བྱུང་།
བསོད་ནམས་བསྟན་འཛིན་ནི1941ལོར་སྐྱེས་ཤིང་། ད་ལོ་ལོ་ན80ལ་སོན་ཡོད། 1976ལོར་གཤོང་བ་སྡེ་བའི་སྡེ་དཔོན་དུ་བདམས། 1985ལོར་ཏང་ནང་དུ་ཞུགས་པ་དང་སྔ་རྗེས་སུ་ལོ་ངོ36ལྷག་གི་རིང་ལ་སྡེ་དཔོན་དང་ཧྲུའུ་ཅི་ཡི་འགན་ཁུར། ལོ་དེ་དག་གི་རིང་ལ། ཁོས་དུས་ནམ་ཡང་ཏང་དང་མི་དམངས་ཀྱི་དོན་དུ་ཡོད་ཚད་བློས་གཏོང་ཐུབ་པའི་སྙིང་སྟོབས་ཀྱིས་འབད་པ་ལྷུར་ལེན་བྱས།
ཐོན་སྐྱེད་རུ་ཁག་གི་སྐབས་སུ། ལོ་རེར་རྫོང་འབྲུ་རིགས་ཅུས་ལ་འབྲུ་རིགས་རྒྱ་མ་ཁྲི15སྤྲོད་དགོས་པའི་འགན་འཁྲི་ཡོད་པ་དང་། རྨོ་ཞིང་བཟང་བ་དང་སྡེ་མི་ཡོངས་ལས་ལ་བརྩོན་པས་འགན་འཁྲི་དེ་བདེ་བླག་ངང་གྲུབ་ཅིང་། ཕྱིས་སུ་སྡེ་བའི་ཡོང་འབབ་ལེགས་པ་དང་ས་བོན་ལེགས་བསྒྱུར་ཐད་ཐབས་ཇུས་སྣ་ཚོགས་བཏོན་ཏེ། ཞུན་ཧྭ་རྫོང་གི་སོན་བཟང་རྟེན་གཞིར་གྱུར་བར་མ་ཟད། ཁོར་ཡུག་ལེགས་བཅོས་དང་ས་ཆུ་སྲུང་འཛིན་བྱེད་པར། སྡེ་མི་ཡོངས་རྩ་འཛུགས་བྱས་ནས་བསྡོམས་པས་ས་མུའུ600ལྷག་ལ་སྡོང་འཛུགས་ནགས་སྐྲུན་བྱས།
གཤོང་བ་སྡེ་བའི་ཧྲུའུ་ཅི་ཏིང་འཛིན་སྐྱབས་ཀྱིས“ཏང་ཡོན་རྒན་པ་བསོད་ནམས་བསྟན་འཛིན་ནི་ང་ཚོ་སྡེ་བར་བྱས་རྗེས་ཧ་ཅང་ཆེ་བའི་མི་ཞིག་ཡིན་ལ། ཁོང་ལ་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད། སྐབས་ལན་རེར་སྡེ་བའི་གནད་དོན་ཐག་གཅོད་བྱེད་མ་ཐུབ་ཚེ། ཁོང་ལ་བློ་འདྲི་བཞིན་ཡོད”ཟེར།
བློ་ཡིད་ཏང་ལ་གཏད། སེམས་པ་དམངས་ལ་ཕྱོགས། བསོད་ནམས་བསྟན་འཛིན་གྱི་ལོ་རེའི་གླ་ཕོགས་ཉུང་ནའང་། ཁོས་སྡེ་བའི་འཚོ་བ་ཡར་རྒྱས་གོང་འཕེལ་གཏོང་ཆེད། ཏང་ཡོན་ཞིག་གི་འགན་འཁྲི་ཕྲག་ཏུ་བླངས་ནས་ཆུ་གློག་ལམ་གསུམ་སོགས་རྨང་གཞིའི་སྒྲིག་བཀོད་ཇེ་ལེགས་སུ་བཏང་བ་དང་། སྡེ་མིའི་ཐོབ་སྣང་དང་སྐྱིད་སྣང་ཇེ་མཐོར་བཏང་བར་མ་ཟད། དུས་ནམ་ཡང་སྡེ་མི་ཡོངས་ལ་ཡ་རབས་ཚུལ་ལྡན་གྱིས་ལས་ལ་བརྩོན་དགོས་པའི་ཁ་ཏ་སློབ་གསོ་གཏོང་བཞིན་ཡོད། 2001ལོར་ཁོར་རྫོང་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་སྔོན་ཐོན་མི་སྣའི་མཚན་སྙན་ཐོབ་པ་དང་། 2004ལོར་རྫོང་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་མི་སྣའི་མཚན་སྙན་ཐོབ།
གཞན་ད་དུང་ཁོའི་བུ་ཀླུ་རྒྱལ་ཚེ་བརྟན་ཡང་ལོ་ངོ་དུ་མའི་རིང་ལ་གསོ་སྐྱོང་དང་སྐྱེད་སྲིང་བྱས་ཏེ་ཏང་ནང་དུ་ཞུགས་སུ་བཅུག་པ་དང་། ད་ལྟ་གཤོང་བ་སྡེ་བའི་སྡེ་དཔོན་གྱི་འགན་ཁུར་ཡོད། “ང་སྡེ་བའི་ཧྲུའུ་ཅི་ཡིན་པའི་སྐབས་དེར། ཡུལ་ཚོའི་ཚོགས་འདུར་ཞུགས་དུས་རྐང་ཐང་དུ་འགྲོ་དགོས་ལ། རྒྱུན་དུ་ཟ་མ་ཡང་མ་ཟོས་པར་ཕྱིར་སྡེ་བའི་ནང་དུ་ལོག་ནས་ཏང་གི་སྲིད་ཇུས་དྲིལ་སྒྲོག་བྱེད་དགོས། ཀླུ་རྒྱལ་ཚེ་བརྟན་ལ་ཁྱོད་ཀྱིས་སྡེ་བ་ཡར་རྒྱས་ཀྱི་དོན་དུ་ནམ་ཡང་ཧྲུའུ་ཅིའི་ཁ་ལ་ཉན་པ་དང་ཁོར་རྒྱབ་སྐྱོར་བྱེད་དགོས། ཁྱོད་གཉིས་ཀྱིས་མཐུན་སྒྲིལ་མཉམ་ལས་བྱས་ན། ད་གཟོད་སྡེ་བའི་དོན་འགྲུབ”ཅེས་ཀླུ་རྒྱལ་ཚེ་བརྟན་ལ་ཁ་ཏ་བྱས།
རྡོ་སྦིས་བོད་རིགས་ཡུལ་ཚོ་མི་དམངས་སྲིད་གཞུང་གི་དམངས་ཆེན་ཀྲུའུ་ཞི་པདྨ་དབང་རྒྱལ་གྱིས་བཤད་རྒྱུར“ཧྲུའུ་ཅི་རྒན་པ་ནི་གཤོང་བ་སྡེ་བའི་སྣེ་ཁྲིད་པ་དང་སྔོན་ཐོན་དཔེ་ལེགས་མི་སྣ་ཞིག་ཡིན”ཟེར།
ཀྲུང་གོའི་འདུན་མ་མངོན་འགྱུར་བྱེད་པ་དང་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པའི་བསྐལ་བཟང་གི་དུས་འདིར། བསོད་ནམས་བསྟན་འཛིན་གྱིས“ཀྲུང་གོ་གུང་ཁྲན་ཏང་མེད་ཚེ། ད་སྐབས་ཀྱི་བདེ་སྐྱིད་འདི་འདྲ་ཡོད་མི་སྲིད་དེ། ངའི་ཨ་མ་ཚེ་རིང་ནས་ལོ100ལོན་པ་འདིའང་ཏང་གི་བཀའ་དྲིན་ཡིན་པས། མེས་རྒྱལ་གྱི་སྲིད་དབང་བརྟན་ཞིང་ཞིང་ལས་དེང་རབས་ཅན་དང་འཕྲུལ་ཆས་ཅན་སྔ་མོ་ནས་མངོན་འགྱུར་འབྱུང་བའི་སྨོན་ལམ་འདེབས”ཞེས་དགའ་སྤྲོའི་ཁ་གཡང་བོས། །
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།