སྡེ་བའི་ནང་དུ“དགེ་རྒན་ཧོང་ལགས”སླེབས་བྱུང་།
2021.04.13 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 35

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་མཁར་ནས་བར་ཐག་སྤྱི་ལེ་གོ་བདུན་གྱིས་ཆོད་པའི་ཆུ་སྔོན་གྲོང་རྡལ་ཚེར་ནག་སྡེ་བར་བསྐྱོད་པའི་རི་ལམ་དེ་ཀྱག་ཀྱོག་ཆེ་དྲགས་པས། རླངས་འཁོར་གཏོང་སྐབས་རྒྱུན་དུ་དུས་ཚོད་གསུམ་ལྷག་ཙམ་ལ་བསྐྱོད་དགོས། དགེ་རྒན་ཧོང་ལགས་ཀྱིས་རླངས་འཁོར་གཅིག་ཏུ་སྡོད་པའི་མི་རྣམས་ལ་དུས་ངེས་མེད་དུ་ཁྱོད་ཀྱིས་སྒོ་ངའི་སྤྲི་གོར་དེ་ཡར་ཁྱོགས་ནས་སྡོད་དང་། དེ་མིན་ན་སློབ་གྲྭར་འབྱོར་བའི་དུས་སུ་བྱིས་པ་ཚོར་བཟའ་རུ་འཇུག་ཐབས་མེད་ཅེས་ཡང་ཡང་གསལ་འདེབས་བྱེད།

དགུན་སྟོད་ཀྱི་དུས་ཚིགས་དེ་དགེ་རྒན་ཧོང་ལགས་ལ་མཚོན་ན་ཁྱད་དུ་འཕགས་པའི་དུས་སྐབས་ཤིག་རེད། རི་ཆེན་གྱི་རྒྱབ་ཕྱོགས་སུ་འབྲོག་ཁུལ་གྱི་བྱིས་པ་མང་པོས་དགེ་རྒན་ཧོང་ལགས་ལ་རེ་སྒུག་བྱེད་བཞིན་ཡོད།

“དགེ་རྒན་ཧོང་ལགས”ཀྱི་མིང་ལ་ཧོང་ཀའོ་ཁུའེ་ཟེར་ཞིང་། ཁོ་ནི་ཆུ་སྔོན་གྲོང་རྡལ་ཚེར་ནག་སྡེ་བའི་གུང་ཁྲན་ཏང་ཡོན་དཀྱུས་མ་ཞིག་རེད། 1993ལོར་སྟོང་སྐོར་རྫོང་ནས་ཡུལ་འདིར་གནས་གཞི་སྤར་ཞིང་། ཚེར་ནག་སྡེ་བ་ནི་རྒྱ་རིགས་དང་། བོད་རིགས། ཧོས་རིགས་སོགས་མི་རིགས་མང་པོ་མཉམ་དུ་འདུས་སྡོད་བྱས་པའི་སྡེ་བ་ཞིག་ཡིན་ལ། སྐབས་དེར་ཚེར་ནག་ཆ་ཚང་སློབ་ཆུང་ལ་དགེ་རྒན་ཧ་ཅང་དཀོན་པས། སློབ་གྲྭ་ཡོངས་ཀྱི་ལོ་རིམ་དུ་མའི་སློབ་མ་རྣམས་ལ་དགེ་རྒན་འགའ་ཤས་ཀྱིས་རེས་བསྐོར་ནས་སློབ་ཁྲིད་བྱེད་ཀྱིན་ཡོད།

ཡུལ་ཚོ་ཡིས་ཚེར་ནག་སྡེ་བ་རུ་ཡོན་ཏན་གྱི་ཆུ་ཚད་མཐོ་བ་དང་།  ད་དུང་སློབ་ཆུང་དགེ་རྒན་གྱི་འཛིན་ཡིག་ཡོད་པའི་ན་གཞོན་ཞིག་ཡོད་པ་ཤེས་པས། ཐེངས་མང་པོར་ཧོང་ཀའོ་ཁུའེ་ཚང་ལ་ཡོང་ནས་ཁོའི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། ཁོ་རང་གདན་འདྲེན་ཞུས་ནས་སྡེ་བའི་ནང་གི་སློབ་ཆུང་སློབ་མའི་ཚབ་ཁྲིད་དགེ་རྒན་བྱེད་དུ་བཅུག

ཐོག་མའི་དུས་སུ། དགེ་རྒན་ཧོང་ལགས་ཀྱི་འཚོ་བ་ཉམ་ཐག་ཡིན་པ་དང་། ལྷག་པར་དུ་གནས་སྐབས་ཀྱི་གདན་ཞུས་ཚབ་ཁྲིད་དགེ་རྒན་ཡིན་པའི་ངོས་ནས། ཟླ་བ་གཅིག་ལ་ཟླ་ཕོགས་ཉུང་ངུ་ཙམ་མ་གཏོགས་མེད་པས། ཞིང་ལས་གཉེར་དགོས་ལ། ད་རུང་ཚེགས་ལྕི་བའི་སློབ་ཁྲིད་ཀྱི་བྱ་བ་ཡང་གཉེར་དགོས་པ་རེད།

ལོ་ངོ་དུ་མའི་སྔོན་གྱི་ཚབ་ཁྲིད་དགེ་རྒན་བྱས་པའི་སྐབས་དེ་ནས་བཟུང་། ཧོང་ཀའོ་ཁུའེ་ཡིས་བློ་རྩེ་གཅིག་སྒྲིམ་གྱིས་སློབ་གསོའི་ལས་དོན་ལ་འབད་འབུངས་བྱས། མི་ལ་ལས་ཁྱོད་ལོ་ཉེར་བདུན་ལ་བུད་མ་ཐག་ཡིན་པས། ལོ་ན་གཞོན་ཞིང་རིག་གནས་ཡོན་ཏན་ཡང་ཡོད། ཐབས་བཀོད་འཐེན་ནས་སྒོར་མོ་བཙལ་དུ་མི་འགྲོ་བར། དེ་ལས་ལྡོག་སྟེ་དཔེ་ཆ་ཁྲིད་མཁན་དབུལ་བོ་ཞིག་བྱེད་དོན་ཡོད་དམ་ཞེས་ཟེར་མཁན་ཡང་ཡོད། དེ་ནི་ལས་དབང་ཞིག་ཡིན་སྲིད་ལ། འགན་འཁྲི་ཞིག་ཡིན་ཀྱང་སྲིད། ཧོང་ཀའོ་ཁུའེ་ཡིས་རང་ཉིད་ནི་བྱིས་པ་ཚོ་ལ་དམིགས་བསལ་གྱི་བརྩེ་དུངས་ཡོད་པས། བྱིས་པ་ཚོ་སློབ་གྲྭར་བསྐྱོད་དེ་སློབ་ཆེན་ལ་རྒྱུགས་འཕྲོད་ན། མ་འོངས་པར་མདུན་ལམ་ཡག་པོ་ཡོད་པས་ཆོག་གོ་ཞེས་ཕྱིར་སྨྲས་མྱོང་།

སློབ་ཁྲིད་བྱེད་པའི་སྐབས་སུ། དཀའ་ངལ་མང་པོར་འཕྲད་མོད། འོན་ཀྱང་ཧོང་ཀའོ་ཁུའེ་ཡིས་གཏན་ནས་འཁང་ར་བྱས་མ་མྱོང་། ཁོས་བློ་རྩེ་གཅིག་ཏུ་སྒྲིམ་ནས་རང་ཉིད་ཀྱིས་འགྲིག་པར་འདོད་པའི་བྱ་བ་རྣམས་བསྒྲུབས་དང་སྒྲུབ་བཞིན་ཡོད། ཅང་མ་འགོར་བར། ཧོང་ཀའོ་ཁུའེ་ཡིས་སློབ་གྲྭར་ཡོད་པའི་དགེ་རྒན་རྣམས་དང་བསམ་ཚུལ་བརྗེ་རེས་བྱས་པ་དང་། དཔྱད་གཞིའི་ཡིག་རིགས་ཀྱང་བཀླགས་ནས། ས་གནས་དེ་གའི་སློབ་ཆུང་སློབ་མས་ད་ལྟ་བེད་སྤྱོད་གནང་བཞིན་པའི་བསླབ་དེབ་ལ་བྱང་ཆ་ལྡན་པར་བྱས། སློབ་མ་ཚོར་དམིགས་གཏད་ཡོད་པའི་སྒོ་ནས་བསླབ་དེབ་ཀྱི་ནང་དོན་འགྲེལ་བཤད་བརྒྱབ་པ་དང་། ནང་སྦྱོང་གི་དཔེར་མཚོན་རྒྱུགས་གཞི་རྒྱ་ཆེར་བཏང་བ་བརྒྱུད་དེ། སློབ་མ་ཚོས་སྔར་ལས་བཟང་བའི་སྒོ་ནས་རྒྱུགས་ལེན་པའི་ཤེས་བྱའི་གནད་འགག་མཐའ་དག་ཁོང་དུ་ཆུད་ཅིང་། ཡིད་ཆེས་ཀྱང་ཇེ་བརྟན་དུ་གྱུར།

སྐབས་ལ་ལར། ཧོང་ཀའོ་ཁུའེ་ཡིས་སློབ་མ་རེ་རེ་བཞིན་གཞུང་ལས་ཁང་དུ་བོས་ཏེ་སྙིང་གཏམ་བཤད་ཅིང་། དགའ་མོས་སྤྲོ་སྣང་དང་ཁྱིམ་ཚང་གི་གནས་ཚུལ། བསམ་ཕྱོགས་དྲན་ཚུལ་རྒྱུས་ལོན་བྱེད་པ་ནས་མགོ་བརྩམས་ཏེ་རིམ་གྱིས་སློབ་སྦྱོང་གི་གནས་ཚུལ་ལ་ཞུགས་པ་རེད། མཚམས་ལན་རེར་ཁ་བརྡ་བྱས་ནས་དུས་ཚོད་ཁ་ཤས་འགོར་ཟིན་ནའང་། ཁོའི་རྣམ་དག་གི་ལྷག་བསམ་དེས་རིམ་བཞིན་སློབ་མ་རྣམས་ཀྱི་སེམས་རྒྱ་སྔར་ལས་ཆེ་རུ་བསྐྱེད་བྱུང་།

དེ་ནས་ཧོང་ཀའོ་ཁུའེ་ཡི་གཞུང་ལས་ཁང་གི་ཅོག་ཙེའི་མཐའ་འཁོར་དུ་རྟག་པར་བྱིས་པ་མང་པོས་བསྐོར་ཡོད། སྐབས་འགར་བྱིས་པ་ཚོས་དལ་ཅག་གེར་ཁོས་འགྲེལ་བཤད་རྒྱག་པའི་སྦྱོང་གཞིའི་ཟུར་ཁྲིད་ལ་ཉན་ཞིང་། སྐབས་འགར་ཁོས་ཁ་ཚིག་རྩུབ་མོ་དང་བསམ་པ་དཀར་པོས་ཤ་ཚ་ཚ་དང་སྙིང་ཉེ་ཉེའི་བྱིས་པ་ཚོར་ཁ་ཏ་སློབ་གསོ་ཡང་གཏོང་བཞིན་ཡོད། ཡང་སྐབས་ལ་ལར། དགེ་སློབ་བར་སེམས་པ་ལྷོད་ལ་བབས་ནས་ཡིད་བདེ་བག་ཕེབས་ཀྱི་ངང་རང་རང་དགའ་མོས་ཡོད་པའི་གཏམ་ཅི་རིགས་གླེང་མོལ་ཀྱང་བྱེད་པ་རེད།

ཁོས་ལྷག་བསམ་ཟོལ་མེད་ཀྱིས་སློབ་མ་དང་འབྲེལ་འདྲིས་བྱེད་ཅིང་། དཔེར་ན་མཛའ་ཞིང་གཅུགས་པའི་གྲོགས་པོ་ནང་བཞིན་འགྲོགས་འདྲིས་བྱེད་ལ། གཉེན་ཉེ་ནང་བཞིན་བྱམས་པའི་གཅེས་སྐྱོང་ཡང་བྱེད་པས། སེམས་དང་སེམས་ཀྱི་བར་ཐག་ཡང་དེ་ལྟར་རིམ་གྱིས་ཇེ་ཉེ་ནས་ཇེ་ཉེར་ཕྱིན།

2009ལོར། ཚེར་ནག་སྡེ་བའི་རུ་ཁག་བཞི་བའི་སློབ་མ་ལིའུ་ཀུའེ་ཧྭ་ཡིས་མཐོ་རྒྱུགས་ཀྱི་རྒྱུགས་ཚད་མ་ལོན་པས། སེམས་ཕམ་ཞིང་ཡིད་ཆད་ནས་ལུས་ཡོད་པ་དང་། ཁྱིམ་མི་ཚང་མས་ཀྱང་ཕྲུ་གུའི་མདུན་ལམ་ལ་གདེང་ཚོད་མེད་པའི་དུས་དེར། ཧོང་ཀའོ་ཁུའེ་རང་འགུལ་ངང་ཁོ་ཚང་དུ་སོང་ནས་ཐབས་འདོན་ཇུས་འགོད་བྱ་རོགས་བྱས་ཤིང་། ཕྱིས་སུ་རང་གིས་སྒོར་མོ་ཉུང་ཙམ་བཏོན་ནས་ཆེད་དུ་ཟི་ལིང་ལ་སོང་སྟེ་བྱིས་པ་དེར་སློབ་གྲྭ་འགྲོ་ས་ཞིག་འབྲེལ་བ་བྱས་པར་མ་ཟད། ད་དུང་རང་ཉིད་ཀྱིས་དངོས་སུ་་སློབ་མ་དེ་སློབ་གྲྭར་བསྐྱལ། ད་ལྟ། ལིའུ་ཀུའེ་ཧྭ་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་ཡོད་ཅིང་། རྒྱལ་ཁབ་ཀྱི་བྱ་བ་བརྟན་འཇགས་ཤིག་ཀྱང་རྙེད་འདུག དེ་ནི་ཧོང་ཀའོ་ཁུའེ་ཡིས་སྡེ་བའི་ནང་གི་སློབ་མར་རོགས་རམ་བྱས་པའི་བསྡུས་རིས་ཙམ་རེད།

ཧོང་ཀའོ་ཁུའེ་ཡིས་བཤད་རྒྱུར། དབུལ་བོ་ལས་ཐར་དགོས་ན་སྔོན་ལ་བླུན་རྨོངས་སེལ་དགོས་པ་དང་། དབུལ་སྐྱོར་བྱེད་ན་སྔོན་ལ་ཤེས་རིག་གིས་རོགས་སྐྱོར་བྱེད་དགོས། སློབ་གསོ་ནི་མི་རབས་ནས་མི་རབས་བར་དབུལ་ཕོངས་སྔོན་འགོག་བྱེད་པའི་རྩ་བའི་ཐབས་ལམ་ཡིན་ཟེར། ད་ལྟ་མི་རྣམས་ཀྱིས་ཤེས་ཡོན་གྱིས་རང་ཉིད་ཀྱི་ལས་དབང་ལ་ཁ་ལོ་བསྒྱུར་ཐུབ་པ་དང་། མ་འོངས་པའི་མདུན་ལམ་ནི་རང་ཉིད་ཀྱི་ལག་ན་ཡོད་པའི་གནས་ལུགས་དེ་རིམ་བཞིན་རྟོགས་ཐུབ་པ་བྱུང་ཡོད།

འགྱུར་ལྡོག་བྱུང་བ་ནི་ཁོར་ཡུག་དང་བྱིས་པ་ཚོ་ཁོ་ན་ཙམ་མ་ཡིན་པར། ད་དུང་ས་དེ་གའི་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་ཀྱང་རེད། ཁྱིམ་ཚང་གི་ཆ་རྐྱེན་ཅི་འདྲ་ཞིག་ཡིན་རུང་། ཁྱིམ་བདག་ཚང་མས་རང་ཉིད་ཀྱི་བུ་ཕྲུག་སློབ་གྲྭར་མངགས་ནས་དཔེ་ཆ་ལེགས་པོ་ཞིག་སྦྱངས་ཐུབ་པའི་རེ་བ་བཅངས་ཡོད།

གཟའ་མཇུག་དང་གུང་གསེང་གི་སྐབས་སུ་སླེབས་ཐེངས་རེ་རེར། ཧོང་ཀའོ་ཁུའེ་ཡིས་སློབ་གསེང་གི་དུས་ཚོད་བེད་སྤྱད་དེ། སྡེ་བར་སོང་ནས་སློབ་མའི་གནས་ཚུལ་ལ་རྒྱུས་ལོན་བྱེད། ཁོ་རང་ཚེར་ནག་སྡེ་བའི་རི་ལུང་ཐང་གསུམ་གང་སར་བསྐྱོད་ཅིང་། ཁོས་བྱིས་པ་ཚོ་ཁྲིད་ནས་སློབ་ཁྲིད་བྱེད་པ་དང་། རྩེད་མོ་རྩེ་བ། སློབ་གསོའི་མ་དངུལ་དང་འཚོ་བའི་མཁོ་ཆས་བསྡུ་རུབ་དང་གྲབས་གསོག་བྱས་ནས་སློབ་གྲྭའི་ཁང་པ་བསྐྱར་བཞེངས་ཉམས་གསོ་ཡང་བྱས་མྱོང་།

ལོ་ངོ་ཉི་ཤུ་ལྷག་གི་རིང་ལ། ཧོང་ཀའོ་ཁུའེ་ཡིས་རྨང་གཞི་སློབ་གསོར་འཕེལ་རྒྱས་གསར་པ་བྱུང་ནས་ཉིན་རེར་འགྱུར་ལྡོག་ཆེན་པོ་བྱུང་བ་བདེན་དཔང་བྱས་ཡོད་དེ། དམའ་ཞིང་མུན་ནག་པའི་སློབ་ཁང་ནས། ཡངས་ཤིང་གསལ་བའི་སློབ་ཁྲིད་ཐོག་ཁང་དང་། རྙིང་ཞིང་གོག་པའི་ས་ཁང་གི་དཔེ་ཀློག་ཁང་ནས། རི་བོའི་གཏོས་དང་མཉམ་པའི་དཔེ་མཛོད་ཁང་། ཁོད་མི་སྙོམས་པའི་རྩལ་སྦྱོང་ར་བ་ནས། ཚད་གཞི་ཅན་གྱི་རྒྱུག་ལམ་ཡོད་པའི་ལུས་རྩལ་ཐང་སོགས་མིག་གིས་མཐོང་རྒྱུ་ཡོད་པ་རེད།

ཧོང་ཀའོ་ཁུའེ་ཡིས་ད་ལྟ་བྱིས་པ་སློབ་གྲྭར་འགྲོ་བའི་སློབ་ཡོན་དང་། སྡོད་ཁང་གི་རིན་པ། བསླབ་དེབ་ཀྱི་རིན་པ་སོགས་གཅིག་ཀྱང་སྟེར་མི་དགོས་པར་མ་ཟད། ད་དུང་འཚོ་བའི་ཁ་གསབ་རོགས་དངུལ་ཡང་ཡོད། འདི་འདྲའི་འཚོ་བ་སྐྱིད་པོར་ང་ཚོས་གཅེས་སྤྲས་བྱེད་དགོས་ཞེས་རྒྱུན་དུ་བཤད་བཞིན་ཡོད།

ཆེས་ལེགས་པའི་སློབ་གསོ་ནི་ཆུ་སྣོད་རེ་རེ་ལྟེམ་ལྟེམ་དུ་འགེང་བར་བྱ་རྒྱུ་དེ་མ་ཡིན་པར། མེ་ཕུང་རེ་རེ་ལེགས་པར་སྦར་རྒྱུ་དེ་ཡིན། དགེ་རྒན་ཧོང་ཀའོ་ཁུའེ་ཡིས་གལ་ཏེ་ངས་བྱིས་པ་ཚོར་ཆེས་སྟེར་འདོད་པ་ཅི་ཞིག་ཡིན་ནམ་ཟེར་ན། ངས་ཁོ་ཚོར་མི་ཚེ་འདིར་གདམ་ག་མང་པོ་ཡོད་མོད། ལས་དབང་ནི་རང་ཉིད་ཀྱི་ལག་ཏུ་བཟུང་ཡོད་པ་དེ་གསལ་པོར་ཤེས་སུ་འཇུག་འདོད་ཞེས་བཤད་བྱུང་།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།