སྐྱེ་ཁམས་མཉམ་ལས་ཁང་གིས་འབྲོག་པའི་ཡོང་སྒོ་འཕར་སྣོན་བྱུང་།
2021.04.14 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 22

 མཉམ་ལས་ཁང་གི་ཁོངས་མི་ཁྱིམ་ཚང39ཡིས་གྲོས་བསྡུར་བྱས་རྗེས་གངས་འོད་འབྲོག་པའི་འདེབས་འཛུགས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་གིས་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་འབོད་སྐུལ་དང་ལེན་བྱས་ཏེ། མཉམ་ལས་ཁང་གིས་སྡེ་བའི་ཐུན་མོང་དཔལ་འབྱོར་ནས་བླངས་བའི་སྒོར་འབུམ་ལྔ་ད་ལོ་ཕྱིར་སྤྲོད་རྒྱུའི་ཐག་བཅད། མཉམ་ལས་ཁང་གི་འགན་འཁུར་བ་དོན་གྲུབ་ཚེ་རིང་གིས་བཤད་རྒྱུར།  ཁྱིམ་ཚང་དབུལ་པོའི“དབུལ་ཞྭ”ཕུད་ཚར་བས།  རྒྱུན་མཐུད་རོགས་སྐྱོར་ལ་བརྟེན་ནས་བསྡད་ན་མི་འགྲིག་པ་རེད་ཟེར།

ལོ་གསུམ་གྱི་སྔོན་དུ་བཙུགས་པའི་གངས་འོད་འབྲོག་པའི་འདེབས་འཛུགས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་དཔལ་ཁ་གྲོང་རྡལ་ཆུ་སྟོད་སྡེ་བའི་མཉམ་ལས་ཁང་གསུམ་གྱི་གྲས་ཤིག་ཡིན་པ་དང་། མཉམ་ལས་ཁང་གཞན་པ་གཉིས་དང་མི་འདྲ་བར་མཉམ་ལས་ཁང་དེའི་ཁོངས་མི་ཚང་མ་ནི་དབུལ་ཐར་མཁྲེགས་གཏོར་གྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོ་ཡིན་པ་རེད།

“ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོ་ལས་གྲུབ་པའི་ཆེད་ལས་མཉམ་ལས་ཁང་ཞིག་ཆེད་དུ་འཛུགས་པར་དང་ཐོག་སྡེ་བས་བསམ་བློ་མང་པོ་བཏང་ཡོད་ལ། སྡེ་བའི་ཏང་ཡོན་གྱི་ཚོགས་འདུའི་ཐོག་གྲོས་བསྡུར་ཐེངས་མང་བྱས་པ་ཡིན”ཞེས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་དོན་གྲུབ་ཚེ་བརྟན་གྱིས་དེ་ལྟར་བཤད་བྱུང་།

ཆུ་སྟོད་སྡེ་བར་ཁྱིམ་ཚང537ཡོད་པའི་ནང་གནད་སྨིན་དབྱེ་འབྱེད་བྱས་པའི་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོ44ཡོད། དབུལ་ཐར་མཁྲེགས་གཏོར་གྱི་སྲིད་ཇུས་ལྟར། ངལ་ནུས་མེད་པའི་དབང་གིས་མཐའ་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་པའི་ཁྱིམ་ཚང5ལས་གཞན། ཁྱིམ་ཚང་དབུལ་པོ39ཡི་མི140ལྷག་ལ་སྒོར་འབུམ་དགུ་ཁྲི་དྲུག་གི་ཐོན་ལས་དབུལ་སྐྱོར་མ་དངུལ་སྤྲད་ཡོད།

མ་དངུལ་དེ་དག་གི་ཕན་འབྲས་ཇི་ལྟར་འདོན་དགོས་སམ། རྫོང་དང་གྲོང་རྡལ་རིམ་པ་གཉིས་ཀྱི་སྲིད་གཞུང་སྡེ་ཁག་གི་མཛུབ་ཁྲིད་འོག  སྡེ་བས་ཏང་ཡོན་ཚོགས་འདུ་དང་སྡེ་མིའི་ཚོགས་ཆེན་རྩ་འཛུགས་བྱས་ཏེ་གྲོས་བསྡུར་བྱས་པ་བརྒྱུད། མ་དངུལ་དེ་དག་བསྡུ་སྒྲིལ་བྱས་ནས་སྤྱོད་རྒྱུའི་ཐག་བཅད་དེ། ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོའི་ཐོན་ལས་དབུལ་སྐྱོར་གྱི་མ་དངུལ་མ་རྩར་བྱས་ཏེ་གངས་འོད་འབྲོག་པའི་འདེབས་འཛུགས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད།

འཕེལ་རྒྱས་ཀྱི་རྨང་གཞི་ཡག་པོ་འདིང་ཆེད། 2018ལོར་སྡེ་བས་སྒོར་ས་ཡ་གཅིག་ལས་མེད་པའི་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་རོགས་སྐྱོར་མ་དངུལ་ནས་ཕྱེད་ཀ་བཏོན་ཏེ་མཉམ་ལས་ཁང་ལ་བཏང་བ་རེད།

དོན་དངོས་ཐོག་གངས་འོད་འབྲོག་པའི་འདེབས་འཛུགས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་མ་བཙུགས་གོང་སྡེ་བར་གཞི་ཁྱོན་ཅུང་ཆེ་བའི་མཉམ་ལས་ཁང་གཉིས་ཡོད་པ་སྟེ། ས་མཐོའི་ལོ་ལེགས་སྐྱེ་ཁམས་འབྲོག་ལས་ཆེད་ལས་མཉམ་ལས་ཁང་དང་ཏུང་ཅ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གཉིས་རེད། ཐོན་ལས་དབུལ་སྐྱོར་གྱི་མ་དངུལ་དེ་མཉམ་ལས་ཁང་དེ་གཉིས་ཀྱི་མ་རྐང་དུ་མི་འཇོག་པར་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོའི་ཆེད་དུ་མཉམ་ལས་ཁང་ཞིག་འཛུགས་དོན་ཅི་ཡིན་ནམ།

“ཁྱིམ་ཚང་དབུལ་པོར་རོགས་སྐྱོར་བྱེད་པའི་མཉམ་ལས་ཁང་འཛུགས་དོན་ནི་མཉམ་ལས་དང་འགྲན་རྩོད་ཀྱི་རྣམ་པའི་ཐོག་ནས་མང་ཚོགས་ཀྱི་རང་རྟེན་འཕེལ་རྒྱས་ཀྱི་གཏིང་ཤུགས་འཕེལ་བར་བྱ་ཆེད་ཡིན”ཞེས་དོན་གྲུབ་ཚེ་བརྟན་གྱིས་དེ་ལྟར་བཤད་བྱུང་།

དོན་དངོས་ཀྱིས་ཡོད་ཚད་ལ་གསལ་བཤད་བྱེད་ཐུབ། ལོ་ཤས་རིང་གི་འཕེལ་རྒྱས་བརྒྱུད་2020ལོའི་ལོ་མཇུག་ཏུ་སླེབས་སྐབས། གངས་འོད་འབྲོག་པའི་འདེབས་འཛུགས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་གི་མ་མོ750སླེབས་པ་དང་ལུ་གུ500ལས་བརྒལ་ནས་ཁྱིམ་ཚང་རེའི་ཆ་སྙོམས་ལོའི་ཡོང་འབབ་སྒོར5200ཟིན་ཡོད། དེ་དང་ཆབས་ཅིག  མཉམ་ལས་ཁང་གཞན་གཉིས་ཀྱང་འཕེལ་རྒྱས་མགྱོགས་པོ་བྱུང་སྟེ། ས་མཐོའི་ལོ་ལེགས་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ལ་མཚོན་ན། 2020ལོའི་ཐོན་སྐྱེད་བདག་གཉེར་རྣམ་གྲངས་སོ་སོའི་ཡོང་འབབ་སྒོར་ས་ཡ་གཅིག་འབུམ་བཞི་ཁྲི་གཉིས་ཟིན་ཡོད།

ས་བབ་མཐོ་ཚད་སྨི3000ལྷག་ཟིན་པ་དང་ཕྱུགས་ལས་གཙོ་བོའི་ཆུ་སྟོད་སྡེ་བའི་མི་རེའི་ཆ་སྙོམས་རྩྭ་ས་དང་རྨོ་ཞིང་གི་རྒྱ་ཁྱོན་ཆུང་བ་དང་།  སྡེ་མིའི་རིག་གནས་ཆུ་ཚད་དམའ་བར་བརྟེན། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་ཞིང་སྡེ་དར་སྤེལ་གཏོང་བའི་ལམ་བུའི་ཐོག་ཡར་རྒྱས་ཇི་ལྟར་ཡོང་བ་བྱེད་དགོས་ཟེར་ན།  ཆུ་སྟོད་སྡེ་བའི་ལས་བྱེད་པ་དང་ཏང་ཡོན་གྱིས་སྣེ་ཁྲིད་དེ་ལས་དོན་ལེགས་པར་སྒྲུབ་པ་དང་མང་ཚོགས་ཀྱིས་འགྲན་བསྡུར་བྱས་ཏེ་ལས་དོན་ཡག་པར་སྒྲུབ་པའི་ཡར་རྒྱས་བརྩོན་ལེན་གྱི་རྣམ་པ་ཞིག་ཆགས་པར་བྱ་རྒྱུ་དེ་རེད།

2015ལོར་ནང་ལོག་དུ་ལོ་ངོ10ལྷག་ལ་ཚོང་བརྒྱབ་མྱོང་བའི་དོན་གྲུབ་ཚེ་བརྟན་འོས་འདེམས་བྱས་ཏེ་སྡེ་བའི་ཨུ་ཡོན་ལྷན་ཁང་དུ་ཞུགས། 2016ལོར་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་དང་ཏང་ཡོན་རྒན་གྲས་ཀྱི་སྣེ་ཁྲིད་འོག་ཆུ་སྟོད་སྡེ་བར་སླར་ཡང་ཏང་ཡོན་དང་འཇོན་ཐང་ཅན་གྱི་ཁོངས་མི་གཙོ་བོར་བྱས་པའི་ཡར་ཐོན་སྐུལ་སྤེལ་མཐུན་ཚོགས་བཙུགས། དབུལ་ཐར་མཁྲེགས་གཏོར་དང་། སྡེ་སྲོལ་དམངས་ཆིངས་བཟོ་བ། མཉམ་ལས་ཁང་འཛུགས་པ་སོགས་ཀྱི་སྡེ་བ་རིམ་པའི་ལས་དོན་ཁྲོད་ཏང་ཡོན་དང་འཇོན་ཐང་ཅན་གྱིས་བྱ་བ་ཡོངས་ལ་སྣེ་ཁྲིད་བྱས་པ་བརྒྱུད་སྡེ་བའི་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་དང་བསམ་པའི་ཉམས་འགྱུར་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

“ཕན་འབྲས་མངོན་གསལ་དོད་ཤོས་ནི་སྡེ་བའི་ནང་ཆང་འཐུང་མཁན་ཇེ་ཉུང་དུ་སོང་བ་དང་། ཞོར་ལས་ལ་འགྲོ་མཁན་ཇེ་མང་དུ་ཕྱིན་པ། མཉམ་ལས་ཁང་གི་མ་རྐང་དུ་ཞུགས་ནས་འཕེལ་རྒྱས་དོན་གཉེར་བྱེད་མཁན་ཇེ་མང་དུ་སོང་ཡོད”།  ད་ལྟའི་ཆུ་སྟོད་སྡེ་བའི་ནང་མཉམ་ལས་ཁང་བར་འགྲན་རེས་དང་། མཉམ་ལས་ཁང་ནང་ཁུལ་དུ་འགྲན་སྡུར་ཡོད་ཅིང་། སྡེ་བའི་ལས་བྱེད་པའམ་ཡང་ན་ཏང་ཡོན་དང་མང་ཚོགས་སུ་ཞིག་ཡིན་རུང་ཕན་ཚུན་འཕེལ་རྒྱས་ཀྱི་ནུས་པ་ངོམ་པ་ནི་གོམས་སྲོལ་ཞིག་ཏུ་གྱུར་ཡོད་ཅེས་ས་མཐོའི་ལོ་ལེགས་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་སྤྱིའི་ལས་འཛིན་པ་ལྷ་རྡོས་དེ་ལྟར་བཤད་བྱུང་།

དོན་གྲུབ་ཚེ་བརྟན་གྱིས་གདེང་ཚོད་ཆེན་པོས་བཤད་རྒྱུར། 2020ལོའི་ལོ་མཇུག་ཏུ་ཆུ་སྟོད་སྡེ་བ་མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེ་དར་སྤེལ་གཏོང་བའི་དཔེ་སྟོན་སྡེ་བ་འཛུགས་སྐྲུན་གྱི་འཆར་འགོད་ཁྲོད་བཀོད་པ་དང་། ཞིང་སྡེ་དར་སྤེལ་གཏོང་བའི་རྒྱང་སྐྱོད་བགྲོད་ལམ་གསར་པའི་ཐོག་ཆུ་སྟོད་སྡེ་བས་སྔར་བཞིན་ཡར་རྒྱས་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།