— ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་རྒྱུའི་སྐོར་གླེང་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག རང་རེའི་ཏང་གོམ་པ་རེ་རེ་བཞིན་མདུན་དུ་བསྐྱོད་ཐུབ་དོན་གཙོ་བོ་ནི་རྒྱུན་ཆད་མེད་པར་ཉམས་མྱོང་ཕྱོགས་སྡོམ་དང་འཇོན་ཐང་ཆེ་རུ་བཏང་བ་དང་། ཉེན་ཁར་ཁ་གཏད་གཅོག་པ་དང་། འགྲན་སློང་གདོང་བསུ་བཅས་ཀྱི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་བས་རེད། མདུན་སྐྱོད་ཀྱི་བགྲོད་ལམ་ཐོག་སྔོན་དཔག་ཐུབ་པ་དང་སྔོན་དཔག་དཀའ་བའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་སྔར་བས་ཁ་གཏད་གཅོག་དགོས་ན། ངེས་པར་དུ་ལོ་རྒྱུས་ཀྱི་ཁྲོད་ནས་བློ་སྒོ་འབྱེད་དགོས་པ་དང་། ལོ་རྒྱུས་ཀྱི་ཉམས་མྱོང་ཁྲོད་ནས་དགྲ་འདུལ་གཡུལ་རྒྱལ་གྱི་ཐབས་མཆོག་འཚོལ་ཞིབ་བྱེད་དགོས་ཞེས་ནན་བཤད་གནང་ཡོད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཏན་ཏིག་གིས་སྤེལ་བར་ཏང་གི་ལོ་རྒྱུས་ཉམས་མྱོང་སྔར་བས་ཕྱོགས་སྡོམ་བྱས་ཏེ་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།
ལོ་ངོ་བརྒྱའི་རིང་། དུས་བབ་དང་ལས་འགན་ལ་འགྱུར་ལྡོག་ཇི་ལྟར་བྱུང་བ་དང་། དཀའ་ངལ་དང་ཉེན་ཁ་གང་འདྲ་ཞིག་འཕྲད་རུང་། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་རང་འགུལ་རང་བཞིན་ཁོང་དུ་ཆུད་པ་དང་འབད་འཐབ་དམིགས་འབེན་གཏན་འཁེལ་བྱས་ཏེ། ཡང་དག་པའི་ཁ་ཕྱོགས་བརྒྱུད་ནས་བློ་རྩ་བརྟན་པོས་མདུན་སྐྱོད་བྱས་ཡོད། ལོ་ངོ་བརྒྱའི་རྒྱུན་མཐུད་འབད་འཐབ་ཁྲོད་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་རླབས་ཆེན་གྱི་འགྲོ་ལམ་གཏོད་པ་དང་། རླབས་ཆེན་གྱི་བྱས་རྗེས་གཏོད་པ། རླབས་ཆེན་གྱི་སྙིང་སྟོབས་གཏོད་པ། རྩ་ཆེའི་ཉམས་མྱོང་གསོག་པ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་དང་མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་ལོ་རྒྱུས་ཐོག་མི་རྣམས་ཀྱིས་ལྟ་སྟངས་གསར་པ་འཛིན་པའི་ངོ་མཚར་བཏོད་ཡོད།
ཏང་གི་ཉམས་མྱོང་ནི་གནམ་ནས་ཟགས་པ་ཞིག་མིན་ལ། དཔེ་དེབ་ནས་བཤུས་པ་ཞིག་དེ་བས་མིན་པར། དེ་ནི་རང་རེའི་ཏང་གིས་དཀའ་སྡུག་ཚད་མེད་མྱངས་པའི་དུས་ཡུན་རིང་པོའི་འཚོལ་ཞིབ་ཁྲོད་དུ་བསགས་པ་ཞིག་ཡིན་ཞིང་། དེའི་ནང་རྒྱལ་ཕམ་དང་ཐོབ་ཤོར་གྱིས་ཁེངས་ཡོད་ལ་ཁྲག་དང་རྔུལ་ཆུ་འདུས་པའི་ཁར། བློ་གྲོས་དང་དཔའ་ངར་གྱིས་ཁེངས་ཡོད། སྐབས་དེ་དུས་བློ་མཐུན་མའོ་ཙེ་ཏུང་གིས་གསར་བརྗེའི་འཐབ་རྩོད་ཀྱི་ཉམས་མྱོང་ཕྱོགས་སྡོམ་གནང་སྟེ་འཐབ་ཕྱོགས་གཅིག་གྱུར་དང་། དྲག་པོའི་འཐབ་རྩོད། ཏང་འཛུགས་སྐྱོང་བཅས་དགྲ་འདུལ་གཡུལ་རྒྱལ་གྱི“མཆོག་ནོར་ཆེན་པོ་གསུམ”དུ་སྙིང་བསྡུས་གནང་ནས་རང་རེའི་ཏང་གིས་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེར་རྒྱལ་ཁ་ལེན་པར་ནུས་པ་གལ་ཆེན་བཏོན་ཡོད་ལ་ད་ལྟའང་ནུས་པ་གལ་ཆེན་ཐོན་བཞིན་ཡོད། བློ་མཐུན་ཏེང་ཞའོ་ཕིང་གིས“མར་ཁེ་སི་རིང་ལུགས་ཀྱི་ཡོངས་ཁྱབ་བདེན་དོན་དེ་རང་རྒྱལ་གྱི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་རང་ཉིད་ཀྱི་འགྲོ་ལམ་ཐོག་བསྐྱོད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་རྒྱུ་དེ་ནི་ང་ཚོས་དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱས་པ་ལས་ཐོབ་པའི་གཞི་རྩའི་བསྡོམས་ཚིག་ཅིག་ཡིན”ཞེས་བསྟན་ཡོད། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་སུ་དེ་ལྟར་བྱས་ནས་ཡོང་ཡོད་ལ། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་དུས་སྐབས་དང་བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་གསར་པར་ཡང་དེ་ལྟར་བྱས་ནས་ཡོང་ཡོད། འདས་ཟིན་པའི་འབད་འཐབ་ལམ་བུར་ཕྱིར་མིག་ལྟ་བ་དང་མདུན་ཕྱོགས་ཀྱི་འབད་འཐབ་ལམ་བུར་རྒྱང་ལྟ་བྱས་ཏེ། ང་ཚོས་ངེས་པར་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་ཡག་པོ་དང་ཕྱོགས་སྡོམ་ཡག་པོ་བྱས་ཏེ་ཏང་གི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་རྒྱུན་འཛིན་ཡག་པོ་དང་དར་སྤེལ་ཡག་པོ་གཏོང་དགོས།
དེང་གི་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་། རང་རྒྱལ་འདི་ཉིད་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་སུ་སླེབས་པ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རླབས་པོ་ཆེ་ཐོབ་པ། དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པར་བདེ་བླག་ངང་སྐྱོད་འགོ་ཚུགས་ཡོད། དེ་དང་ཆབས་ཅིག་མདུན་སྐྱོད་ཀྱི་ལམ་བུའི་ཐོག་ང་ཚོར་སྔར་བཞིན་དཀའ་ངལ་དང་འགྲན་སློང་མང་པོ་འཕྲད་བཞིན་ཡོད། ཉེན་ཁ་དང་འགྲན་སློང་དེ་དག་རྒྱལ་ནང་དང་རྒྱལ་སྤྱི་ནས་བྱུང་བ་ཡོད་ལ། ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་སོགས་ཁྱབ་ཁོངས་དང་རང་བྱུང་ཁམས་ནས་བྱུང་བའང་ཡོད་པ་དང་། སྲོལ་རྒྱུན་དང་སྲོལ་རྒྱུན་མིན་པ་ལས་བྱུང་བ་ཡོད་པ་མ་ཟད། ད་དུང་སྔོན་དཔག་བྱེད་དཀའ་བ་དང་སྔོན་དཔག་ཐུབ་པའི་དོན་རྐྱེན་ཡང་ཐོན་སྲིད། ལོ་བརྒྱའི་རྒྱང་སྐྱོད་ཀྱི་བགྲོད་ལམ་ལ་ཕྱིར་མིག་ལྟ་སྐབས་རང་རེའི་ཏང་ནི་དཀའ་ཚེགས་ཁྲོད་དབུ་བརྙེས་པ་དང་། དཀའ་ཚེགས་ཁྲོད་འཚར་ལོངས་བྱུང་བ། དཀའ་ཚེགས་ཁྲོད་སྟོབས་ཆེར་སོང་བ་བཅས་ཀྱི་སྲིད་ཏང་ཞིག་ཡིན་པ་དང་། ཏང་གི་བྱ་གཞག་རྟག་ཏུ་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བའི་ཁྲོད་མདུན་སྐྱོད་བྱེད་བཞིན་ཡོད།
ཏང་གི་ལོ་བརྒྱའི་ལོ་རྒྱུས་ནི་རང་རེའི་ཏང་གིས་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་ཆད་མེད་པར་རྒྱུན་འཁྱོངས་བྱེད་པ་དང་། ཐོར་ཞིག་ཏུ་འགྲོ་བ་དང་རུལ་སུངས་སུ་འགྱུར་བའི་ཉེན་ཁ་རྒྱུན་ཆད་མེད་པར་འགོག་ཟོན་བྱེད་པའི་ལོ་རྒྱུས་ཤིག་ཀྱང་རེད། རང་ངོས་གསར་བརྗེ་བྱེད་ཕོད་པ་ནི་རང་རེའི་ཏང་གི་མངོན་གསལ་དོད་ཤོས་ཀྱི་གཤིས་རྒྱུད་ཡིན་ལ་རང་རེའི་ཏང་གི་ལེགས་ཆ་ཆེ་ཤོས་དེ་ཡང་ཡིན། ཏང་གི་ལོ་རྒྱུས་ལ་ཕྱིར་དྲན་བྱེད་སྐབས། རང་རེའི་ཏང་གིས་རྟག་ཏུ་སྤྱི་ཚོགས་གསར་བརྗེར་སྐུལ་འདེད་བཏང་བ་དང་ཆབས་ཅིག་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་ཕོད་པ་དང་། ཐོག་མཐའ་བར་གསུམ་དུ་བདེན་དོན་མཐའ་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་བྱས་ཡོད། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་དེ་ལྟར་རྒྱུན་འཁྱོངས་བྱས་པའི་དབང་གིས། གཞི་ནས་ཉེན་ཁ་དང་དཀའ་ངལ་མཐའ་དག་ལས་རྣམ་པར་རྒྱལ་བ་དང་ནོར་འཛོལ་བྱུང་རྗེས་ཟིང་བཅོས་ཡོ་བསྲང་བྱས་པས། ནམ་ཡང་གཏོར་མི་ཐུབ་པ་དང་གནོན་མི་ཐུབ་པའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཞིག་ཏུ་གྱུར་ཡོད། སྐབས་དེའི་ཡན་ཨན་གྱི་སྤྱོད་ཚུལ་དག་ཐེར་ལས་འགུལ་ལས། ཏང་ཡོངས་ཀྱིས་བསམ་བློའི་ལམ་ཕྱོགས་དང་ཆབ་སྲིད་ཀྱི་ལམ་ཕྱོགས་ཡོ་བསྲང་བྱས་པ་དང་། རང་ཤེད་རིང་ལུགས་དང་། ཕྱོགས་རིས་རིང་ལུགས། ཏང་ནང་གི་ཡན་ལག་བརྒྱད་ལྡན་གྱི་རྩོམ་ཚུལ་བཅས་མེད་པ་བཟོས་ཏེ། མུ་མཐུད་མདུན་སྐྱོད་ཀྱི་འབད་འཐབ་ཁ་ཕྱོགས་གཏན་འཁེལ་བྱས་པར་བརྟེན་རི་འགོག་དམག་འཁྲུག་དང་བཅིངས་འགྲོལ་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད།
ལོ་རྒྱུས་སློབ་སྦྱོང་བྱེད་པར་ཏང་གི་ལག་ལེན་གསར་གཏོད་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་བརྟེན་ནས་བློ་གྲོས་ཀྱི་བློ་སྒོ་འབྱེད་པ་དང་གཤིས་རྒྱུད་ལ་ཞུན་བརྡར་བྱས་ཏེ། རྙོག་འཛིང་ཆེ་བའི་དུས་བབ་ཀྱི་མདུན་དུ་ང་ཚོས་ཁ་ཕྱོགས་མི་འཛོལ་བ་དང་དཀའ་ཚེགས་ཆེ་བའི་འཐབ་རྩོད་ཀྱི་མདུན་དུ་དཔའ་མི་ཞུམ་པ་བྱེད་དགོས། ལོ་བརྒྱའི་རིང་། ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གི་ཆབ་སྲིད་རང་གཤིས་རྒྱུན་འཁྱོངས་དང་། ཏང་གིས་ལས་དོན་མཐའ་དག་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས། ཏང་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རང་ངོས་གསར་བརྗེ་རླབས་པོ་ཆེར་བརྟེན་ནས་སྤྱི་ཚོགས་གསར་བརྗེ་རླབས་པོ་ཆེར་སྐུལ་འདེད་གཏོང་བ། གསར་བརྗེའི་ཕུགས་བསམ་ཐོག་མཐའ་བར་གསུམ་དུ་བརྟན་པོར་སྲུང་བ། མི་དམངས་གོང་དུ་བཀུར་བ་དང་། ཡོད་ཚད་མི་དམངས་ཀྱི་ཆེད་དུ་དང་ཡོད་ཚད་མི་དམངས་ལ་བརྟེན་པ་བཅས་རྒྱུན་འཁྱོངས་བྱེད་པ། དངོས་ཐོག་བདེན་འཚོལ་དང་། དུས་བསྟུན་འཕེལ་རྒྱས། བཅོས་སྒྱུར་གསར་གཏོད་བཅས་རྒྱུན་འཁྱོངས་བྱེད་པ། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུར་ཤུགས་སྣོན་རྒྱག་པ། མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱེད་པ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བ། རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་རྒྱུན་ཆད་མེད་པར་སྐྱོད་པ་བཅས་བྱས་ཏེ་ཧ་ཅང་རྩ་ཆེ་བའི་ལོ་རྒྱུས་ཀྱི་ཉམས་མྱོང་བསགས་ཡོད། ཏང་གི་འོད་སྟོང་འབར་བའི་གྲུབ་འབྲས་དང་། དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་ལམ་བུ། ལོ་རྒྱུས་ཀྱི་ཉམས་མྱོང་། སྲོལ་རྒྱུན་བཟང་པོ་བཅས་ཀྱི་ཁྲོད་ནས་ཀྲུང་གོ་གུང་ཁྲན་ཏང“འཇོན”དོན་དང་། མར་ཁེ་སི་རིང་ལུགས“འགྲིག”དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས“ཡག”དོན་སོགས་ཀྱི་གནས་ལུགས་ལ་གོ་བ་གཏིང་ཟབ་ལེན་དགོས་པ་མ་ཟད། དེའི་ཁྲོད་ནས་ལོ་རྒྱུས་ཀྱི་གཏན་ཚིགས་དང་། རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས། ལག་ལེན་གྱི་གཏན་ཚིགས་བཅས་ཀྱང་གསལ་པོར་རྟོགས་པར་བྱེད་དགོས། ཏང་གི་ལོ་རྒྱུས་ཉམས་མྱོང་སྔར་བས་ཕྱོགས་སྡོམ་བྱས་ཏེ་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་འཇོན་ཐང་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་སྤྱི་འདོམས། དུས་བབ་གསལ་རྟོགས། ཆོས་ཉིད་ཁོང་དུ་ཆུད་པ། གོ་སྐབས་དམ་འཛིན། འགྲན་སློང་ལ་ཁ་གཏད་གཅོག་པ་བཅས་བྱས་ཚེ། ང་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་འཆར་གཞི་རིམ་བཞིན་མངོན་འགྱུར་བྱེད་ཐུབ།
ལོ་རྒྱུས་དང་གོམ་སྟབས་གཅིག་མཚུངས་དང་དུས་རབས་དང་བདེ་སྡུག་མཉམ་མྱོང་བྱེད་མཁན་ལ་གཞི་ནས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཐོབ་སྲིད། ལོ་རྒྱུས་དཔྱད་གཞིའི་མེ་ལོང་དུ་འཛིན་པ་དང་། ལོ་རྒྱུས་ཀྱི་སྙིང་སྟོབས་ལ་བརྟེན་པ། ལོ་རྒྱུས་ལ་བརྟེན་ནས་དེང་རབས་དཔྱད་གཞིར་འཛིན་པ། སྲིད་སྐྱོང་ལ་བརྟེན་ནས་མི་སྣ་སྐྱོང་བ་བཅས་བྱས་ཚེ། ང་ཚོས་ཟང་ཟིང་ཁྲོད་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་ཐུབ་ངེས་ཡིན་པ་དང་། ཉེན་ཁ་དང་འགྲན་སློང་གི་མདུན་དུ་བློ་སྟོབས་ཆེར་སྐྱེད་ཀྱིས་དཀའ་ངལ་ལ་མི་འཛེམས་པར་དཔའ་ངར་ཆེན་པོས་མདུན་སྐྱོད་དང་། ངར་ཤུགས་གཅིག་སྒྲིམ། མུ་མཐུད་འབད་འཐབ་བཅས་བྱས་ཚེ་ང་ཚོ་མི་རབས་འདིར་དབང་བའི་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་གཏོད་ཐུབ་ངེས་ཡིན།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།