བློ་སེམས་གཅིག་གིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད།
2021.04.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ལོ་བཅུ་བདུན་སྔོན་གྱི་ཉིན་ཞིག་ལ་འབྲི་ཆུའི་མགོ་ཁུངས་ཀྱི་མཁའ་དབུགས་ཇེ་འཁྱག་ཏུ་འགྲོ་བཞིན་འདུག ཀུན་དགའ་རྣམ་རྒྱལ་གྱིས་ཐབ་ཀའི་ནང་དུ་ཨོང་བ་འགའ་འཕངས་པར་མེ་འདྲུའི་སྟེང་དུ་སྔར་ལས་ཀྱང་མེ་འོད་ལམ་ལམ་འཚེར་གྱི་འདུག

ཀུན་དགའ་རྣམ་རྒྱལ་སྡེ་བའི་ཏང་ཀྲི་པུའུ་ཡི་རྩ་འཛུགས་ཨུ་ཡོན་ཡིན་པའི་ངོས་ནས་ཁོ་རང་གྲོང་རྡལ་དུ་ཏང་ཡོན་གསོ་སྦྱོང་འཛིན་གྲྭར་ཞུགས་སྐབས། རྒྱལ་ཁབ་ཀྱིས་རྨ་འབྲི་རྫ་གསུམ་མགོ་ཁུངས་ཀྱི་སྐྱེ་ཁམས་གནས་སྤོར་ལས་གཞི་ལག་བསྟར་བྱ་རྒྱུའི་གནས་ཚུལ་གོ་རྗེས་སུ།   མི་ཚེ་ཕྱེད་ཀར་རྩྭ་ཐང་ནས་འཚོ་བ་བསྐྱལ་བའི་ཀུན་དགའ་རྣམ་རྒྱལ་གྱི་བློ་དེ་ཉིས་འགལ་དུ་གྱུར་ཡོད་པ་རེད།

སྔོན་ཞིག་ནས་བཟུང་སྟེ། ཀུན་དགའ་རྣམ་རྒྱལ་ནི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་མཚོ་རིང་མ་སྡེ་བར་འཚོ་བ་རོལ་མཁན་ཞིག་ཡིན། དེ་ནི་མདོ་དབུས་མཐོ་སྒང་གི་དབུས་ཁུལ་དང་རྨ་འབྲི་རྫ་གསུམ་མགོ་ཁུངས་ཀྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་ཡོད། ས་བབ་མཐོ་ཞིང་གྲང་ངར་ཆེ་ལ་དབྱང་རླུང་དཀོན་པས་ཁོར་ཡུག་གི་གནས་སྟངས་ཤིན་ཏུ་སྡུག་པས་ཕྱི་རོལ་གྱི་ས་གནས་གཞན་དང་བསྡུར་ན་ཕྱོགས་གང་ཅིའི་ཐད་ནས་ཀྱང་བར་ཁྱད་ཆེན་པོ་ཡོད།  ས་དེའི་འབྲོག་པ་རྣམས་ཀྱིས་མི་རབས་ནས་མི་རབས་བར་ཕྱུགས་ཟོག་ཁོ་ནར་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་པ་དང་། ཡུལ་དེའི་འགྲིམ་འགྲུལ་སྟབས་མི་བདེ་ཞིང་འཐུང་ཆུ་དཀོན་པ། སློབ་གྲྭར་ཐག་རིང་བ་དང་ནད་པ་སྨན་ཁང་དུ་སྟོན་དཀའ་བ་བཅས་ཀྱིས་ཁོ་ཚོ་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དཀའ་ཁག་ཆེན་པོར་འཕྲད་ཀྱི་ཡོད།

ཀུན་དགའ་རྣམ་རྒྱལ་ལོ་ན་བཅོ་བརྒྱད་ལ་སོན་པའི་ལོ་དེར་ཁོས་རང་གི་ཨ་ཕའི་བྱ་བ་ཡོད་ཚད་རང་ཉིད་ཀྱི་ཕྲག་ཏུ་ལེན་མགོ་བརྩམས་པ་ནས་ད་ལྟའི་བར་དུ་ཏག་ཏག་ལོ་ངོ་སུམ་ཅུ་འདས་ཟིན།

སྦྲ་གུར་དུ་སྡོད་པ་དང་དཀར་མེ་བཀར་བ། རྩམ་པ་ཟ་བ། རྩྭ་ཆུ་སྙེག་ནས་ཕྱུགས་འཚོ་བ་ནི་ཉི་ནུབ་དང་ཉི་ཤར་ལྟ་བུའི་གཏན་ཆགས་ཀྱི་གོ་རིམ་ཞིག་ཏུ་གྱུར་ཡོད་ནའང་། ཀུན་དགའ་རྣམ་རྒྱལ་གྱིས་རྩྭ་ཐང་གི་འགྱུར་ལྡོག་མང་པོ་ཞིག་སེམས་ཀྱིས་ཚོར་བཞིན་ཡོད་དེ།  ཚད་ལས་བརྒལ་ནས་ཕྱུགས་རིགས་འཚོ་སྐྱོང་བྱེད་པ་དང་རྩྭ་ཐང་དུ་ཨ་བྲའི་གནོད་འཚེ་ཚབས་ཆེ་བ། རྩྭ་སའི་སྐྱེ་ཁམས་ཉམས་ཞན་དུ་གྱུར་བ། སྔོན་ཆད་རྒྱུན་དུ་མཐོང་བའི་རི་སྐྱེས་སྲོག་ཆགས་རྣམས་མཐོང་དཀོན་པར་གྱུར་བ།  ས་ཞིང་བྱེ་མ་ཅན་དུ་གྱུར་པ།  འབྲི་ཆུའི་ཆུ་རྒྱུན་དེ་ཡང་སྔར་བཞིན་དྭངས་ཤིང་གཙང་བ་ཞིག་མིན་པའི་གནས་ཚུལ་སོགས་གསལ་བོར་རྟོགས་ཡོད།

ན་གོར་མོ་གྲོང་ཁྱེར་དུ་གནས་སྤར་བ་ནས་བཟུང་བྱིས་པ་སློབ་གྲྭར་བསྐྱལ་བ་དང་ཆུང་མ་སྨན་ཁང་དུ་སྟོན་པ་བཅས་ལ་སྟབས་ཇེ་བདེར་ཕྱིན་ཡོད་པ་དང་། ད་དུང་རྨ་འབྲི་རྫ་གསུམ་འབྱུང་ཁུངས་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་རྒྱལ་ཁབ་ཀྱི་བྱ་བ་གལ་ཆེན་པོ་ཞིག་ཡིན་པས། ང་ཚོ་ལ་ཕ་ཡུལ་གྱི་ས་ཆུ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཡོད་ཅེས་ཀུན་དགའ་རྣམ་རྒྱལ་གྱིས་བཤད།

མི་གཞན་གྱིས་ཀུན་དགའ་རྣམ་རྒྱལ་ལ་ཁྱོད་རང་ནོར་ལུག་དང་རྩྭ་ཐང་ལ་ཁ་བྲལ་ཚེ་ཕྱིན་ཆད་ཀྱི་འཚོ་བ་ཇི་ལྟར་བྱས་ནས་རོལ་དགོས་སམ་ཞེས་འདྲི་དུས།

ཀུན་དགའ་རྣམ་རྒྱལ་གྱིས་ང་ཚོས་ཏང་ལ་ཡིད་ཆེས་དང་རྒྱལ་ཁབ་ལ་ཡིད་ཆེས་བྱེད་དགོས་ཞེས་ལན་འདེབས་ཀྱི་ཡོད།  སྤྱིར་མི་ཞིག་རང་ཉིད་ཀྱི་ཕ་ཡུལ་དང་ཁ་འབྲལ་རྒྱུ་ནི་ཤིན་ཏུ་དཀའ་བའི་ལས་ཤིག་ཡིན་མོད། ཡིན་ནའང་གནས་སྤོར་བྱ་བའི་སྡེ་མིའི་ཚོགས་འདུ་མཇུག་བསྡུས་རྗེས་སུ། ཏང་ནང་དུ་ཞུགས་ནས་ལོ་ངོ་ཉི་ཤུ་འགོར་ཡོད་པའི་ཏང་ཡོན་རྒན་པ་ཀུན་དགའ་རྣམ་རྒྱལ་གྱིས་སྡེ་མི་རྣམས་ཀྱི་སྣེ་ཁྲིད་དེ་གནས་སྤོར་བྱེད་རྒྱུའི་སེམས་ཐག་བཅད།

དེ་ལྟར་སྤྱི་ལོ་ཉིས་སྟོང་བཞི་ལོར་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་བྱེད་པ་དང་རྨ་འབྲི་རྫ་གསུམ་འབྱུང་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཆེད་དུ།  ཀུན་དགའ་རྣམ་རྒྱལ་ཚང་འདུ་བའི་གདང་ལ་གྲོང་རྡལ་གྱི་སྡེ་བ་དྲུག་གི་ཁྱིམ་ཚང་བརྒྱ་དང་ཉེར་བརྒྱད་ཀྱིས་མི་རབས་ནས་མི་རབས་བར་ཕྱུགས་འཚོ་སྐྱོང་བྱས་ནས་འཚོ་བ་རོལ་སའི་རྩྭ་ཐང་བསྐྱུར་ནས་ཁུ་ནུ་རི་བོ་བརྒལ་ཏེ། སྤྱི་ལེ་བཞི་བརྒྱ་ལྷག་ཙམ་གྱི་ཕྱི་རོལ་གྱི་ན་གོར་མོ་གྲོང་ཁྱེར་གྱི་ལྷོ་འདབས་སུ་གནས་སྤར་ནས་ཡོང་བ་དང་། མི་རྣམས་ཀྱིས་གསར་དུ་ཆགས་པའི་བོད་རིགས་ཀྱི་སྡེ་བ་དེ་ལ་འབྲི་ཆུའི་མགོ་ཁུངས་སྡེ་བ་ཞེས་ཕྱིར་དྲན་གྱི་རིན་ཐང་ཡོད་པའི་མིང་ཞིག་བཏགས་ཡོད།

འཚོ་བ་འདི་འདྲ་ང་ཚོའི་རྨི་ལམ་དུའང་འཁོར་མྱོང་མེད།

ན་གོར་མོ་གྲོང་ཁྱེར་ནས་རླངས་འཁོར་ལ་བསྡད་དེ་རྒྱལ་ལམ་109དེད་ནས་ལྷོ་ཕྱོགས་སུ་བསྐྱོད་སྐབས། རླངས་འཁོར་གྱི་སྒེའུ་ཁུངས་ལས་མཐོང་བའི་ཡངས་ཤིང་ཁོད་སྙོམས་པའི་གཞུང་ལམ་འགྲམ་གྱི་མཛེས་ལྗོངས་དག་ཕྱི་ཕྱིར་འགྲོ་བ་དང་འདྲ་ཞིང་།     དེ་ལྟར་མདུན་དུ་བསྐྱོད་སྐབས་གློ་བུར་དུ་ལམ་འགྲམ་དུ“འབྲི་ཆུའི་མགོ་ཁུངས།”ཞེས་པའི་ཡི་གེ་བརྐོས་ཡོད་པའི་རྡོ་ཆེན་པོ་ཞིག་མིག་ལམ་དུ་སྣང་བྱུང་།  དེ་ནི་འབྲི་ཆུའི་མགོ་ཁུངས་སྡེ་བ་ཡིན་ཞིང་སྡེ་བའི་ནང་ནས་རྒྱང་ལ་བལྟས་ཚེ། བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་ར་སྐོར་དང་གཞི་མ་རེ་རེ་གྲལ་སྟར་སྒྲིག་ཡོད་པ་དང་ཁང་སྟེང་དུ་སྐར་ལྔའི་དར་དམར་རླུང་གིས་ལྷབ་ལྷུབ་བསྐྱོད་ཀྱིན་འདུག

2004ལོའི་ཟླ་11ཚེས་25ཉིན་ང་ཚོ་ཡུལ་འདིར་གནས་སྤར་ནས་ཡོང་བ་ཡིན། སྐབས་དེར་སྲིད་གཞུང་གིས་ང་ཚོ་ཁྱིམ་ཚང་རེ་རེར་གཅིག་གྱུར་གྱིས་རྨིད་ངོས་སྙོམས་གྲུ་བཞི་མ་སུམ་བརྒྱ་རེ་ཡོད་པའི་ཁང་པ་གསར་དུ་ལས་ཡོད་པས་ང་ཚོས་རང་གི་ནང་མི་རྣམས་ཁྲིད་དེ་ཁང་པ་གསར་བའི་ནང་གནས་སྤར་བ་ཡིན།   གནས་སྤར་ནས་ད་ལྟའི་བར་དུ་ལོ་མང་པོ་ཞིག་སོང་ཟིན་ནའང་ཀུན་དགའ་རྣམ་རྒྱལ་གྱིས་དེ་ལྟར་བཤད་ཞོར་ཐོག་མའི་དུས་སུ་ཡུལ་འདིར་ཡོང་སྐབས་ཀྱི་གནས་ཚུལ་དག་སྔར་བཞིན་གསལ་པོ་དྲན་གྱིན་འདུག

ཚང་མར་དེང་རབས་ཅན་གྱི་སྡེ་གསར་གྱི་འཚོ་བ་དང་གོམས་པར་བྱེད་ཆེད།  སྡེ་བའི་ནང་དུ་དེང་རབས་འཚོ་བའི་རྒྱུན་ཤེས་སྐོར་གྱི་སློབ་ཁྲིད་བྱ་འགུལ་ཞིག་རྩ་འཛུགས་བྱས་ནས། ཚང་མར་སོལ་རླངས་ཐབ་ཀ་ཇི་ལྟར་བཀོལ་སྤྱོད་བྱེད་རྒྱུར་ཁྲིད་སྟོན་བྱས་པ་དང་།  ད་དུང་ཟས་རིགས་གཡོས་སྦྱོར་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བཙུགས་ནས་འབྲོག་པ་དཀྱུས་མའི་ཁྱིམ་དུ་དེང་རབས་ཀྱི་བཟའ་བཏུང་གི་འདུ་ཤེས་ལྡན་པར་བྱས་པ་དེས་རིམ་བཞིན་ཁོ་ཚོའི་འཚོ་བའི་ཐད་འགྱུར་ལྡོག་ཆེན་པོ་བྱུང་སྟེ།   གསར་དུ་བཀོད་སྒྲིག་བྱས་པའི་འཁྱགས་སྒམ་ནང་དུ་སྔོ་ཚལ་དང་ཤིང་འབྲས་ཀྱི་རིགས་མང་དུ་ཕྱིན་ཡོད་པ་དང་།  འབྲས་དང་ཐུག་པ། ཚལ་བརྔོ་བ་བཅས་ཀྱི་ཟ་མའི་རིགས་རིམ་བཞིན་ཇེ་མང་དུ་ཕྱིན་ཡོད་པ་དང་།  སྔོན་ཆད་དུས་རྒྱུན་གྱི་འཚོ་བའི་ཁྲོད་ཁ་འབྲལ་ཐབས་མེད་པའི་རྩམ་པ་དང་ཤ་སྐམ་དེ་དག་མགྲོན་པོར་སྣེ་ལེན་བྱེད་སྐབས་སུ་མ་གཏོགས་རྒྱུན་དུ་མཐོང་དཀོན་པའི་བཟའ་བཏུང་གི་རིགས་ཤིག་ཏུ་གྱུར་ཡོད། དེ་མིན་བརྙན་འཕྲིན་དང་ཁ་པར། རིག་གནས་ས་ཚིགས་བཅས་ཀྱིས་ཚང་མའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་ཅིང་།  མི་གཞན་དང་བསམ་ཚུལ་བརྗེ་རེས་བྱེད་པར་སྟབས་བདེ་ཡོང་ཆེད། མི་ཚེའི་ཕྱེད་ཙམ་ལ་བོད་སྐད་རྐྱང་རྐྱང་བཤད་ནས་ཡོང་མཁན་གྱི་ཀུན་དགའ་རྣམ་རྒྱལ་ཀྱིས་ཁོ་དང་ན་ཚོད་འདྲ་བའི་མི་མི་ཉུང་བ་ཞིག་དང་འདྲ་བར་རྒྱའི་སྤྱི་སྐད་སྦྱོང་མགོ་ཚུགས།

ལོ་ན་ང་གཅིག་ལ་སོན་པའི་བསོད་ནམས་ཆོས་འཕེལ་ལ་མཚོན་ན་འགྱུར་ལྡོག་དེ་དག་གི་སྐོར་ལ་མྱོང་ཚོར་ཟབ་མོ་འདུག

གནས་མ་སྤར་བའི་སྔོན་ལ་བསོད་ནམས་ཆོས་འཕེལ་ནི་གྲོང་རྡལ་ཆ་ཚང་སློབ་ཆུང་གི་དགེ་རྒན་ཞིག་ཡིན། སྐབས་དེར་སློབ་གྲྭ་དེར་སློབ་ཁང་ལྔ་ལས་མེད་པ་དང་སློབ་ཁྲིད་ཡོ་བྱད་ལ་དཔེ་ཆ་དང་ས་སྨྱུག་མ་གཏོགས་མེད། དུས་རྒྱུན་དུ་སློབ་མ་ཚོ་རྟ་ལ་བཞོན་ནས་སློབ་གྲྭར་འགྲོ་དགོས་ཀྱི་ཡོད།དུས་ཆེན་དང་ངལ་གསོའི་ཉིན་མོར་ཁྱིམ་དང་ཐག་རིང་བའི་བྱིས་པ་ཁག་ཅིག་དགེ་རྒན་གྱི་ཁྱིམ་དུ་སྡོད་དགོས་ཀྱི་ཡོད། ལོ་བཅུ་ཕྲག་ཁ་ཤས་ཀྱི་རིང་ལ་སློབ་ཁྲིད་བྱས་པ་བརྒྱུད་བསོད་ནམས་ཆོས་འཕེལ་ལ་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པ་ནི། དགུན་དུས་སུ་ཨོང་བ་བུས་ཀྱང་དྲོད་ཚད་ཆེར་འདོན་མི་ཐུབ་པའི་སློབ་ཁང་ཕུད། ད་དུང་སློབ་ཁྲིད་སྟེགས་བུའི་མདུན་ན་གྲང་ངར་གྱིས་གཟིར་བའི་བྱིས་པ་ཚོའི་ངོ་གདོང་དམར་པོ་དེ་དག་རེད། ཁྱིམ་ཚང་རེ་རེ་ནས་གནས་ཚུལ་རྒྱུས་ལོན་བྱས་རྗེས་སུ། ཁྱིམ་ཚང་ཉུང་ངུ་ཞིག་སྔར་གནས་སུ་འདུག་རྒྱུར་གཏན་འཁེལ་བྱས་པས་ང་ཚོས་ས་གནས་བྱིས་པ་རྣམས་ཀྱིས་སློབ་སྦྱོང་བྱེད་ཐུབ་པའི་ཆེད་དུ། ས་གནས་དེ་རུ་བྱིས་པ་རྣམས་ལ་སློབ་སྦྱོང་བྱེད་ས་ཞིག་བསྐྲུན་པ་དང་དེ་ལས་གཞན་པའི་གནས་སྤར་བའི་ཁྱིམ་ཚང་གི་བྱིས་པ་རྣམས་དགའ་དགའ་སྤྲོ་སྤྲོའི་ངང་གནས་སྤོར་ས་ཁུལ་གྱི་སློབ་གྲྭ་གསར་བར་ཞུགས་པ་རེད་ཟེར།

བསོད་ནམས་ཆོས་འཕེལ་གྱིས་བཤད་པའི་སློབ་གྲྭ་གསར་བ་ཞེས་པ་ནི་སྡེ་བ་དེ་རུ་གསར་དུ་བཙུགས་པའི་འབྲི་ཆུའི་མགོ་ཁུངས་ཀྱི་མི་རིགས་སློབ་གྲྭ་དེར་ཟེར་བ་རེད། ད་ལྟ་ལོ་ངོ་བཅུ་ལྷག་འདས་ཟིན་པའི་སྐབས་འདིར་སློབ་གྲྭ་དེའི་འཕེལ་རྒྱས་ནི་གཞི་ནས་ཁོའི་དང་ཐོག་གི་བསམ་ཚུལ་ལས་འདས་ཡོད་པ་རེད།

ཉིས་སྟོང་བཞི་ལོར་ང་ཚོའི་སློབ་གྲྭར་གློག་ཀླད་ཉི་ཤུ་བྱིན། སྐབས་དེར་དགེ་རྒན་རྣམས་ཀྱིས་གློག་ཀླད་རིག་མྱོང་མེད་ལ་བཀོལ་སྤྱོད་ནི་དེ་བས་ཀྱང་བྱས་མྱོང་མེད་པ་རེད། དགེ་རྒན་ཚོས་དུས་རྒྱུན་དུ་སློབ་གསེང་གི་སྐབས་སུ་དེ་ལ་སློབ་སྦྱོང་བྱས་པ་ཡིན། མིག་རྡེབ་དབང་ཙམ་གྱིས་ལོ་ངོ་དེ་འདྲའི་མང་པོ་ཞིག་འདས་སོང་། ད་ལྟ་ང་ཚོའི་སློབ་གྲྭའི་སྒྲིག་ཆས་སྣ་ཚོགས་དེ་གྲོང་ཁྱེར་གྱི་སློབ་གྲྭ་དག་དང་གཅིག་མཚུངས་ཡིན་པར་མ་ཟད། དགེ་རྒན་རྣམས་ཀྱང་གློག་ཀླད་ལ་བྱང་ཆ་ལྡན་པར་གྱུར་ཡོད། བསོད་ནམས་ཆོས་འཕེལ་གྱིས་ཅུང་ང་རྒྱལ་དང་བཅས་དེ་དེ་ལྟར་བཤད།

སྔོན་ཆད་རི་མགོ་ན་འཚོ་བ་རོལ་མཁན་དེ་ད་ལྟ་སྡེ་གསར་དུ་འཚོ་བ་རོལ་བཞིན་ཡོད་པའི་འགྱུར་ལྡོག་འདི་ནི་ཏང་དང་སྲིད་གཞུབ་གི་བཀའ་དྲིན་དང་འབྲལ་ཐབས་མེད། དམངས་ཕན་ལས་གཞི་མང་པོ་ཞིག་ལག་བསྟར་དངོས་འབེབས་བྱས་པར་བརྟེན། འབྲི་ཆུ་མགོ་ཁུངས་སྡེ་བའི་རྨང་གཞིའི་སྒྲིག་ཆས་སྐོར་ནས་ཉིན་རེ་བཞིན་འཐུས་ཚང་དུ་འགྲོ་བཞིན་ཡོད་པ་དང་། སྡེ་མི་རྣམས་ཀྱི་ཐོན་སྐྱེད་འཚོ་བར་མངོན་གསལ་སྒོས་འགྱུར་ལྡོག་འབྱུང་བཞིན་ཡོད་པས་ཁོ་ཚོའི་སྐྱིད་ཚོར་དང་ཐོབ་ཚོར། བདེ་ཚོར་བཅས་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་ལ་འདི་འདྲའི་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་ང་ཚོའི་རྨི་ལམ་དུ་ཡང་འཁོར་མ་མྱོང་ཟེར།

བདེ་སྐྱིད་ལྡན་པའི་འཚོ་བ་ད་དུང་ཡུན་རིང་བོར་རོལ་ཐུབ།

ཉིས་སྟོང་བཅུ་དྲུག་ལོའི་ཟླ་བརྒྱད་པའི་ཚེས་ཉེར་གཉིས་ཉིན། འབྲི་ཆུའི་མགོ་ཁུངས་སྡེ་བའི་སྡེ་མི་རྣམས་ལ་མཚོན་ན་ནམ་ཡང་བརྗེད་དུ་མེད་པ་ཞིག་སྟེ། ཉིན་མོ་དེར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལགས་འབྲི་ཆུའི་མགོ་ཁུངས་སྡེ་བར་ཕེབས།

སྡེ་མི་ཧྲེན་ཀི་ཡིས་ད་དུང་སྐད་ཆ་འདི་འདྲ་ཞིག་གསལ་བོར་དྲན་བཞིན་ཡོད་དེ། སྐབས་དེར་ངས་སྤྱི་ཁྱབ་ཧྲུའུ་ཅི་ལ་སྐྱེ་ཁམས་གནས་སྤོར་མ་བྱས་གོང་ང་ཚོ་ས་མགོའི་མཐོ་ཚད་ལ་རྨིད4700ཡོད་པའི་རྨ་འབྲི་རྫ་གསུམ་མགོ་ཁུངས་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་བསྡད་ཡོད། སྐབས་དེར་སྦྲ་ནག་གི་ནང་དུ་བསྡད་ཡོད་པས་མཚན་མོ་ས་ཐབ་ཀྱི་སྟེང་དུ་ཉལ་དགོས་པ་ལས་གཞན་ཞག་སྒྲོན་བཀར་ནས་འདུག་དགོས།   གནས་སྤར་རྗེས་སུ་ང་ཚོ་རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་འཛུགས་སྐྲུན་བྱས་པའི་ཁང་པ་གསར་བའི་ནང་བསྡད་ཡོད་པ་དང་། ཁྱིམ་ཆས་དང་ཁྱིམ་སྤྱོད་གློག་ཆས་ཀྱང་ཧ་ཅང་འཛོམས་པོ་ཡིན།  ཏང་གི་སྲིད་ཇུས་བཟང་བོར་ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད་སྐབས།  སྤྱི་ཁྱབ་ཧྲུའུ་ཅིས་ངའི་སྐད་ཆར་གསན་རྗེས་ཐུགས་བསམ་དགྱེས་ཉམས་ཆེན་པོ་མཛད་ཅིང་། ཁོང་གིས་ཁྱེད་ཚོས་བདེ་སྐྱིད་ལྡན་པའི་འཚོ་བ་ད་དུང་ཡུན་རིང་བོར་རོལ་ཐུབ་ཅེས་གསུངས་བྱུང་ཟེར།

དངོས་གནས་དེ་འདྲ་ཡིན་ཏེ། བདེ་སྐྱིད་ཀྱི་ཉི་མ་ད་དུང་རིང་བོ་འདུག

རྩྭ་ཐང་དང་བརླན་སའི་སྐྱེ་ཁམས་སྲུང་སྐྱོབ་དོ་དམ་པས་ལོ་རེ་བཞིན་དོ་དམ་སྲུང་སྐྱོབ་ཀྱི་ཁ་གསབ་སྒོར་མོ་ཁྲི་གཉིས་དང་སྟོང་གཅིག་དྲུག་བརྒྱ་རེ་ལེན་བཞིན་ཡོད་ཅིང་།  ལོ་16མན་དང་ལོ་55ཡན་གྱི་དབུལ་ཕོངས་སྐྱེ་ཁམས་གནས་སྤོར་ཁྱིམ་ཚང་གི་མི་རེས་ལོ་རེར་ཁ་གསབ་སྒོར་མོ་སྟོང་ལྔ་དང་དྲུག་བརྒྱ་རེ་ལེན་བཞིན་ཡོད།

སྡེ་བ་གསར་བར་གནས་སྤར་རྗེས་སུ་ནོར་བུ་ཚེ་རིང་གིས་ལག་གི་འུར་ཆ་བསྐྱུར་ནས་རླངས་འཁོར་ཁ་ལོ་བའི་ལག་རྟགས་བླངས་པ་དང་། སྡེ་བ་ཡོངས་སུ་རླངས་འཁོར་གྱི་འཛིན་བྱང་ཡོད་མཁན་ཐོག་མར་གྱུར་ཅིང་། ཉིས་སྟོང་བརྒྱད་ལོར་ཁོས་རང་གི་གསོག་དངུལ་ཡོད་ཚད་བླངས་ནས་ཤར་རླུང་རྟགས་ཅན་གྱི་རླངས་འཁོར་ཆེན་པོ་ཞིག་ཉོས་པ་དང་། བཟོ་སྐྲུན་ཡུལ་དངོས་སུ་རྒྱུ་ཆ་སྣ་ཚོགས་སྐྱེལ་འདྲེན་བྱས་པ་བརྒྱུད་ནས་ལོ་དེར་ཁོས་སྒོར་མོ་ཁྲི་བརྒྱད་ཙམ་བཙལ་ཐུབ་པ་བྱུང་།

ཕྱིས་སུ་གདང་ལའི་འབྲི་གཡག་དང་འབྲོག་ལུག་ལ་རྒྱལ་ཁབ་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཀྱི་ཁས་ལེན་ཐོབ་པ་དང་།ནོར་བུ་ཚེ་རིང་གིས་ཁོའི་ནུ་བོ་དང་མཉམ་དུ་སྡེ་བའི་ནང་དུ་ན་གོར་མོ་གངས་ཅན་བོད་པའི་ཚོང་དོན་ཚད་ཡོད་ཀུང་སི་ཞེས་པ་བཙུགས་ནས། སྐམས་ཤ་དང་ལུག་ཤ་སོགས་མི་རིགས་ཀྱི་ཁྱད་ལྡན་ཐོན་རྫས་གཉེར་སྐྱོང་བྱས།  ཀུང་སིའི་ལས་སྒོ་སྔར་བས་ཇེ་ཆེར་སོང་བ་དང་ཆབས་ཅིག་ཁོ་ཚོས་སླར་ཡང་སྐྱེལ་འདྲེན་རླངས་འཁོར་རུ་ཁག་ཅིག་བཙུགས་ནས་སྐྱེལ་འདྲེན་དང་གསོག་འཇོག བྲིན་ཚོང་བཅས་ཀྱི་བྱེད་ཐབས་ཆ་ཚང་སྤྱད་པས་སྡེ་བའི་ཕྱུག་འགྱུར་གྱི་མིག་དཔེར་གྱུར།

སྡེ་མི་རྣམས་ལ་འཇོན་ཐང་ལྡན་ཚེ་ད་གཟོད་བྱ་བ་གང་ཞིག་བསྒྲུབ་ཀྱང་ལེགས་པར་འགྲུབ་ངེས་རེད། སྔོན་ཆད་འབྲོག་པ་རྣམས་ཀྱིས་མི་རབས་ནས་མི་རབས་བར་ཕྱུགས་འཚོས་ནས་འཚོ་བ་རོལ་བཞིན་ཡོད།  རི་ནས་བབས་མ་ཐག་འབྲོག་པ་མང་པོ་ཞིག་གིས་ལྕགས་ཁེམ་ཡང་འཛིན་ཤེས་ཀྱི་མེད། ད་ལྟ་ཏང་གི་སྲིད་ཇུས་བཟང་པོ་དང་ཕྱུག་འགྱུར་སྣེ་ཁྲིད་པ་ཡོད་པས་སྡེ་མི་སྔར་ལས་མང་པོ་ཞིག་གིས་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་གཏོད་བྱེད་བཞིན་ཡོད་ཅེས་འབྲི་ཆུའི་མགོ་ཁུངས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་རིང་གིས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།

རྩྭ་ཐང་སྔོ་ལྗང་ཅན་དུ་གྱུར་ཅིང་མི་རྣམས་ཕྱུག་པོར་གྱུར།  2017ལོར་འབྲི་ཆུའི་མགོ་ཁུངས་སྡེ་བས་དབུལ་ཞྭ་འཕུད་མགོ་བརྩམས།  ད་ལྟ་མདོ་དབུས་མཐོ་སྒང་གི་སྡེ་བ་ཆུང་ཆུང་དེར་ཡིད་དབང་འཕྲོག་པའི་གསོན་ཤུགས་རྒྱས་བཞིན་ཡོད་པ་དང་།ངོ་མཚར་ཆེ་བའི་གཏམ་རྒྱུད་སྣ་ཚོགས་མུ་མཐུད་དུ་འབྲི་བཞིན་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་རྒྱུར་རེ་སྒུག་བྱེད་བཞིན་འདུག

མི་ནི་རི་འདབས་སུ་འཚོ་བཞིན་ཡོད་ཀྱང་སེམས་པ་ད་དུང་རི་མགོར་ཆགས་ཡོད།

སྐབས་དེ་དུས་ང་ཚོ་རང་མོས་ངང་རི་མགོ་ན་འཚོ་སྡོད་བྱེད་ཀྱི་ཡོད། ཚང་མས་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་དགོས་པ་ཤེས་ཀྱི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ང་ཚོའི་སྡེ་བར་གཟིགས་ཞིབ་ཏུ་ཕེབས་སྐབས། ངས་ཁོང་ལ་རང་ཉིད་ཀྱི་མིག་ལ་སྲུང་སྐྱོང་བྱེད་པ་ནང་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་སྙན་སེང་ཞུས་པར། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་དགོངས་ཧ་ཅང་མཉེས་པོ་བྱུང་སོང་ཞེས་ཀུན་དགའ་རྣམ་རྒྱལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གཟིགས་ཞིབ་ཏུ་ཕེབས་སྐབས་ཀྱི་གནས་ཚུལ་དེ་ད་ལྟའང་སེམས་ལ་གསལ་བོར་བཟུང་འདུག

སྐྱེ་ཁམས་གནས་སྤོར་སྡེ་བ་ཞིག་ཡིན་པའི་ངོས་ནས་ལོ་བཅུ་གྲངས་རིང་འབྲི་ཆུའི་མགོ་ཁུངས་སྡེ་བའི་སྡེ་མི་ཚོ་རི་འདབས་སུ་བབས་ཀྱང་སེམས་སུ་ཕ་ཡུལ་གྱི་རྩྭ་ཐང་དེ་སྔར་བཞིན་དྲན་གྱི་ཡོད།

ལོ་དེར་འབྲོག་ཁྱིམ་128ཕ་ཡུལ་དང་བྲལ་ཏེ་གནས་སྤར་བ་དང་། སྤྱི་ཆིང་འབུམ་གསུམ་དང་ཁྲི་གསུམ་སྟོང་བཞི་ཡི་རྩྭ་ཐང་དུ་ཕྱུགས་ཟོག་བཀག་པར་མ་ཟད། སྡེ་བའི་ནང་ད་དུང་དོ་དམ་པ་200ལྷག་ཙམ་ལས་གྲུབ་པའི་དོ་དམ་སྲུང་སྐྱོབ་ཡན་ལག་རུ་ཁག་བཙུགས་པས་འབྲོག་པ་རྣམས་ཕྱུགས་རྫི་ནས་དོ་དམ་པར་གྱུར་ཡོད།

དེ་སྔ་རི་མགོའི་རྩྭ་ཡིས་ནོར་ལུག་ལ་འདང་གི་མེད་པ་དང་ས་གནས་གཅིག་གི་རྩྭ་ཟོས་ཚར་རྗེས་ཡང་ས་གནས་གཞན་ཞིག་ལ་གནས་སྤར་གྱི་ཡོད།  དེ་བས་རྩྭ་ཆུ་སྙེག་ནས་གནས་སྤར་བར་རྩྭ་ཐང་གི་སྐྱེ་ཁམས་ཀྱང་རིམ་བཞིན་ཇེ་སྡུག་དུ་འགྲོ་བཞིན་ཡོད།  ཕྱིས་སུ་ང་ཚོས་རྒྱལ་ཁབ་ཀྱི་སྲིད་ཇུས་སློབ་སྦྱོང་བྱས་པ་བརྒྱུད་སྐྱེ་ཁམས་སྲུང་སྐྱོབ་བྱེད་རྒྱུ་དེ་གལ་ཆེན་ཡིན་པ་གཞི་ནས་ཤེས་སོང་ཞེས་བཀྲ་ཤིས་ཚེ་རིང་གིས་བཤད། ལོ་40ལྷག་ལ་སླེབས་པའི་བཀྲ་ཤིས་ཚེ་རིང་ནི་བདག་སྐྱོང་ཡན་ལག་རུ་ཁག་ཆུང་བའི་ཁོངས་མི་ཞིག་ཡིན་པ་དང་། ཁོའི་སྐོར་གཡེང་ས་ཚིགས་དེ་ཐོ་ཐོ་ཆུ་བོ་དང་བར་ཐག་སྤྱི་ལེ་30ཡི་མཚམས་ན་ཡོད་པའི་བསམ་སྐྱིད་རྩྭ་ཐང་ཡིན།  རྩྭ་ཐང་ལ་མུ་མཐའ་མེད་པ་དང་རི་རྒྱུད་རེ་རེ་གཅིག་ཏུ་འདྲེས་ཡོད་ཀྱང་བཀྲ་ཤིས་ཚེ་རིང་རང་ཉིད་ཀྱི་ས་ཁུལ་ལ་རྒྱུས་མངའ་ཧ་ཅང་ཆེན་པོ་ཡོད། རྒྱུ་མཚན་ནི་ས་གནས་དེ་དག་རེ་རེ་ལ་ཁོ་རང་ཐེངས་མང་འགྲོ་མྱོང་བས་རེད། བཀྲ་ཤིས་ཚེ་རིང་གིས་ཕྱི་རོལ་དུ་སྐོར་ཞིབ་བྱེད་དུས་རྩྭ་ཐང་དུ་གད་སྙིགས་རིམ་བཞིན་ཉུང་དུ་འགྲོ་བཞིན་པ་དང་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་མང་དུ་འཕེལ་བཞིན་པ་མཐོང་སྐབས་སེམས་པ་ཧ་ཅང་དགའ་བོ་འདུག་ཟེར།

འགྱུར་ལྡོག་དེ་རྩྭ་ཐང་ཙམ་དུ་བྱུང་བར་མ་ཟད་ད་དུང་ཉེ་འགྲམ་དུ་ཡང་འགྱུར་ལྡོག་ཆེན་པོ་བྱུང་ཡོད།  ཉེ་བའི་ལོ་ཤས་རིང་འབྲི་ཆུའི་མགོ་ཁུངས་སྡེ་བའི་སྡེ་མི་ཚོས་རང་གི་སྒོ་འགྲམ་གྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱི་ཡོད། 2016ལོར་སྡེ་བ་དེས་སྡེ་སྲོལ་དམངས་ཆིངས་བཟོས་ནས་གཟའ་འཁོར་རེའི་གཟའ་སྤེན་པའི་ཉིན་མོ་ནི་སྡེ་བའི་ཁོར་ཡུག་འཕྲོད་བསྟེན་གཅིག་སྡུད་བཅོས་སྒྲིག་བྱེད་པའི་ཉིན་མོ་ཡིན་པ་དང་། རིམ་བཞིན་འཕྲོད་བསྟེན་གྱིས་འཕྲལ་རྒོལ་དམག་འཐབ་རྒྱག་རྒྱུ་དེ་འཚོ་བའི་གོམས་གཤིས་སུ་འགྱུར་བ་དང་། དེ་དང་མཉམ་དུ་སྡེ་བའི་རྣམ་པར་ཡང་འགྱུར་ལྡོག་གསར་བ་འབྱུང་བར་བྱེད་རྒྱུའི་གཏན་འབེབས་བྱས་ཡོད་པ་རེད། ཀུན་དགའ་རྣམ་རྒྱལ་གྱིས་སྡེ་བའི་འགྱུར་ལྡོག་རེ་རེ་མཐོང་སྐབས་སེམས་སུ་དགའ་སྤྲོ་ཆེན་པོས་ཁེངས་ཤིང་། རྨ་འབྲི་རྫ་གསུམ་མགོ་ཁུངས་ནི་ང་ཚོའི་ཁྱིམ་གཞིས་ཡིན་པས་སྐྱེ་ཁམས་སྲུང་སྐྱོབ་ཐད་རང་གི་ནུས་པ་འདོན་ཐུབ་པར་གྱུར་བས་ང་ཚོའི་ཐོག་མའི་གདམ་ག་དེ་ལ་རིན་ཐང་ཡོད་འདུག་ཟེར།

2020ལོར་འབྲི་ཆུའི་མགོ་ཁུངས་སྡེ་བ་དེ་སྐོར་གསུམ་པའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་སྡེ་བར་དངོས་སུ་བདམས། ལམ་གྱི་བརྒྱུད་རིམ་ཧྲིལ་བོ་ཏང་གི་དམངས་ཕན་སྲིད་ཇུས་དང་འབྲལ་ཐབས་མེད།  ད་ལྟ་འབྲི་ཆུའི་མགོ་ཁུངས་ཀྱི་སྡེ་བ་ཆུང་ཆུང་དེ་དབུལ་ཐར་ཕྱུག་འགྱུར་གྱིས་འབྱོར་འབྲིང་འཚོ་བའི་ཕྱོགས་སུ་བསྐྱོད་པར་སྟ་གོན་བྱེད་བཞིན་འདུག  གནས་དེར་འཚོ་བ་རོལ་བཞིན་པའི་མི་རྣམས་ལ་ཡང་བློ་བརྟན་འགྱུར་མེད་ཀྱི་དད་འདུན་ཞིག་ཡོད་སྟེ། དེ་ནི་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་དམ་པོར་བཅངས་ནས་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ཚེ། བདེ་སྐྱིད་ལྡན་པའི་འཚོ་བ་ནི་འབྲི་ཆུ་རིང་མོའི་བཞུར་རྒྱུན་དང་འདྲ་བར་རྒྱུན་མི་ཆད་པ་དེའོ། །

                                                                                                       ཡིག་བསྒྱུར་བ། གཡང་འབུམ་རྒྱལ།