གསར་བརྗེའི་སྙིང་སྟོབས་དར་སྤེལ་ལེགས་པོ་བྱ་དགོས།
2021.04.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

 ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་སྤེལ་རྒྱུའི་སྐོར་གླེང་བ།

མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་བརྗོད་པ།

མི་ལ་སྙིང་སྟོབས་མེད་ན་རྐང་ཚུགས་མི་ཐུབ་ལ། རྒྱལ་ཁབ་ལ་སྙིང་སྟོབས་མེད་ན་སྟོབས་ཆེན་དུ་འགྱུར་མི་སྲིད། གསར་བརྗེའི་སྙིང་སྟོབས་ནི་ཏང་དང་རྒྱལ་ཁབ་ཀྱི་རྒྱུ་ནོར་རྩ་ཆེན་ཞིག་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་ནན་གྱིས་བསྟན་དོན།  ལོ་ངོ་བརྒྱའི་རིང་གི་སྤྱིར་བཏང་མིན་པའི་འབད་འཐབ་བྱེད་རིམ་ཁྲོད། མི་རབས་ནས་མི་རབས་བར་གྱི་ཀྲུང་གོ་གུང་ཁྲན་ཏང་མིས་ཞུམ་མེད་འབད་འཐབ་དང་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད།  རང་སྲོག་བློས་བཏང་བའི་གསར་བརྗེའི་སྔོན་གཤེགས་དཔའ་བོ་དང་། ཞུམ་མེད་འབད་འཐབ་བྱེད་མཁན་དཔའ་བོ་མི་སྣ། སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་མཁན་སྔོན་ཐོན་དཔེ་བཟང་མི་སྣ་འབོར་ཆེན་ཐོན་ནས་རླབས་ཆེན་གྱི་སྙིང་སྟོབས་རབ་དང་རིམ་པ་ཆགས་ཤིང་། ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་མ་ལག་བཙུགས་ཏེ། ང་ཚོས་ཏང་འཛུགས་སྐྱོང་དང་ཏང་དར་རྒྱས་གཏོང་བ། ཏང་སྟོབས་ཆེར་གཏོང་བར་གསོན་ཤུགས་མཁོ་འདོན་བྱས་ཡོད། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་སློབ་གསོ་ཏན་ཏིག་ངང་སྤེལ་དགོས་ན། ཏང་ཡོངས་ལ་རང་རྟོགས་ངང་གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན། གསར་བརྗེའི་སྙིང་སྟོབས་དར་སྤེལ།  དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་ཐོག་མཐའ་བར་གསུམ་དུ་རྒྱུན་འཛིན་བཅས་བྱ་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱ་དགོས།

གསར་བརྗེའི་ཕུགས་བསམ་གནམ་ལས་མཐོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།“ལོ་ངོ་བརྒྱ་ཡི་རིང་ལ། དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འཇལ་བའི་ཁྲོད་དུ། ང་ཚོའི་ཏང་གིས་དགྲ་བོར་མི་སྐྲག་པ་དང་། ཉེན་ཁར་མི་སྐྲག་པ། འཐབ་རྩོད་བྱེད་ཕོད་པ། རྒྱལ་ཁ་ལེན་ཕོད་པའི་སྤྱོད་ཚུལ་དང་གཤིས་རྒྱུད་སྦྱོང་བརྡར་བྱས་ཡོད། འདི་ནི་ང་ཚོའི་ཏང་གི་ཆེས་མངོན་གསལ་དོད་པའི་ཁྱད་ཆོས་ཡིན།” ཅིན་ཀང་རི་བོའི་སྟེང་དུ། བློ་བརྟན་འགྱུར་མེད་ཀྱི་གུང་ཁྲན་ཏང་མིས་དཔལ་འབར་འཁྱེར་ནས་མདུན་དུ་སྐྱོད་པ་དང་།  མེ་སྟག་གིས་སྤང་ལྗོངས་སྲེག་ཐུབ་པའི་ཡིད་ཆེས་བརྟན་པོ་བཅངས་སྟེ། བློ་ཐག་རྦད་ཆོད་སྒོས་ཅིན་ཀང་རི་བོའི་དར་དམར་འོག་ཏུ་འཐབ་འཛིང་བྱས་ནས།  ཕུགས་བསམ་དོན་གཉེར་དང་། དངོས་ཐོག་བདེན་འཚོལ་གྱིས་བགྲོད་ལམ་གསར་པ་གཏོད་པ་དང་། དཀའ་སྤྱད་འབད་བརྩོན་གྱིས་དཀའ་གནད་སྒྲོལ་བ། མང་ཚོགས་ལ་བརྟེན་ནས་རྒྱལ་ཁ་བརྩོན་ལེན་བཅས་བྱས་ཤིང་། ཀྲུང་དབྱང་སུའུ་ཁུལ་དང་རྒྱང་སྐྱོད་ཀྱི་ལམ་དུ། ཏང་དང་དམར་དམག་གིས་བློ་བརྟན་འགྱུར་མེད་ཀྱི་ཕུགས་བསམ་དད་སེམས་དང་བློ་བརྟན་འགྱུར་མེད་ཀྱི་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས། དཀའ་ངལ་སྣ་ཚོགས་ལས་རྣམ་པར་རྒྱལ་ཏེ་མཇུག་མཐའི་རྒྱལ་ཁ་བླངས་བ་དང་བློ་ཡུལ་དུ་ཤོང་དཀའ་བའི་ཁྱད་མཚར་བསྐྲུན། པའོ་ཐ་རི་བོ་ནས་གསར་བརྗེའི་རྒན་རབས་པ་དང་གུང་ཁྲན་ཏང་མི་རྒན་རབས་པས་ཆབ་སྲིད་ཀྱི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་བྱས་ནས་ཀྲུང་གོའི་གསར་བརྗེའི་ལས་དོན་དེ་དམའ་རླབས་ནས་མཐོ་རླབས་སུ་སླེབས་པ་དང་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འཕོ་འགྱུར་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་།

བསམ་བློའི་སྟོབས་ཤུགས་ཆེན་པོས་སེམས་ལ་གཡོ་འགུལ་ཐེབས་སྲིད། 1936ལོ་དང་1939ལོར་ཨ་རིའི་གསར་འགོད་པ་སི་ནུའོ་ཡིས་ཡན་ཨན་དང་ཧྲའན་པེ་གསར་བརྗེའི་གནས་གཞིའི་ས་ཁུལ་ལ་བཅར་འདྲི་ཐེངས་གཉིས་བྱས་པ་ལས་ཀྲུང་གོ་གུང་ཁྲན་ཏང་དང་དེས་འགོ་ཁྲིད་གནང་བའི་མི་དམངས་དམག་དཔུང་ལ་ཐུན་མོང་མ་ཡིན་པའི་སྟོབས་ཤུགས་ཤིག་ཡོད་པ་ཚོར་ལ། སྙིང་སྟོབས་དང་། སྟོབས་ཤུགས། སྤྲོ་སེམས་དེ་དག་ནི་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་ཕུན་སུམ་ཚོགས་ཤིང་འོད་སྟོང་འབར་བའི་སྙིང་བཅུད་དང་“ཤར་ཕྱོགས་ཀྱི་ངོ་མཚར”དང“རྒྱལ་དར་གྱི་འོད་སྣང”རེད་ཅེས་བསྔགས་བརྗོད་ཆེན་པོ་བྱས་མྱོང་།  གསར་བརྗེའི་སྙིང་སྟོབས་དེ་གུང་ཁྲན་ཏང་མིའི་འབད་འཐབ་ཀྱི་ལམ་བུ་དང་འགྲོགས་ནས་དུས་ཚོད་ཀྱི་གནས་ཚད་ཐོག་བསམ་པའི་ཆུ་རྒྱུན་རིང་མོ་ཞིག་ཆགས་ཡོད། ལོ་ངོ་བརྒྱ་ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་མིས་ཕུགས་བསམ་དད་སེམས་བརྟན་པོ་འཛིན་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ། ལག་ལེན་རླབས་པོ་ཆེར་སྐུལ་འདེད་བཅས་བྱས་ཏེ།  ལོ་རྒྱུས་ཀྱི་དུས་སྐབས་སོ་སོར་ཅིན་ཀང་རི་བོའི་སྙིང་སྟོབས་དང་། རྒྱང་སྐྱོད་ཀྱི་སྙིང་སྟོབས། ཙུན་དབྱི་གྲོས་ཚོགས་ཀྱི་སྙིང་སྟོབས། ཡན་ཨན་གྱི་སྙིང་སྟོབས། ཞི་པའེ་ཕོའི་སྙིང་སྟོབས། ཧུང་ཡན་གྱི་སྙིང་སྟོབས། མེ་འགོག་ཁྲའོ་རོགས་ཀྱི་སྙིང་སྟོབས།“མདེལ་གཉིས་སྐར་གཅིག་”གི་སྙིང་སྟོབས། དམིགས་བསལ་ས་ཁུལ་གྱི་སྙིང་སྟོབས། ཆུ་ལོག་འགོག་པའི་སྙིང་སྟོབས། ཡོམ་འགོག་གནོད་སེལ་གྱི་སྙིང་སྟོབས། དབུལ་ཐར་མཁྲེག་གཏོར་གྱི་སྙིང་སྟོབས་སོགས་རླབས་ཆེན་གྱི་སྙིང་སྟོབས་དེ་དག་དཀའ་སྤྱད་སྦྱོང་བརྡར་ཁྲོད་ནས་བསྐྲུན་པ་དང་། ཏང་གི་ངོ་བོ་དང་དམིགས་ཡུལ། ཆབ་སྲིད་ཀྱི་གཤིས་རྒྱུད་བཅས་མཚོན་པའི་བསམ་པའི་མ་ལག་གྲུབ། རླབས་ཆེན་གྱི་སྙིང་སྟོབས་རབ་དང་རིམ་པ་དེ་དག་གིས་ཡུལ་དུས་ལས་བརྒལ་བ་དང་། ལོ་རྒྱུས་ཡུན་རིང་ལྡན་པ། ཏང་གི་བློ་བརྟན་འགྱུར་མེད་ཀྱི་དད་སེམས་དང་། རྩ་བའི་དམིགས་ཡུལ། སྤྱོད་ཚུལ་བཟང་པོ་བཅས་གཅིག་སྡུད་ཀྱིས་མཚོན་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་མིའི་དཀའ་སྤྱད་འབད་བརྩོན་དང་། བློས་གཏོང་སྐྱེས་འབུལ། གསར་གཏོད་བརྩོན་ལེན་བཅས་བྱེད་པའི་རླབས་ཆེན་གྱི་གཤིས་རྒྱུད་གཅིག་ཏུ་བསྡུས་ཡོད་ལ། རང་རེའི་ཏང་དང་། རྒྱལ་ཁབ། མི་རིགས། མི་དམངས་བཅས་ཀྱི་ཁྲག་རྒྱུན་ཁྲོད་གཏིང་ཟབ་ཏུ་འདྲེས་ཡོད། རླབས་ཆེན་གྱི་སྙིང་སྟོབས་རབ་དང་རིམ་པ་དེ་དག་ཁྲོད་དུ།  ང་ཚོ་གང་ནས་ཡོང་བ་དང་གང་དུ་འགྲོ་བའི་བསམ་བློའི་སྙིང་སྟོབས་འདུས་ཡོད་ལ། སྔོན་ཆད་དང་། ད་ལྟ། མ་འོངས་པ་བཅས་ནི་སྔར་བཞིན་ང་ཚོའི་ཏང་གི་བསམ་པའི་རྒྱུ་ནོར་རྩ་ཆེན་ཡིན་པ་དང་། ཏང་ཡོངས་ཀྱི་བློ་མཐུན་ཚོས་ཐོག་མའི་བསམ་འདུན་སྐྱེད་སྲིང་དང་། བླ་སྲོག་ཞུན་བརྡར།  དད་མོས་ཀྱི་སྟོབས་ཤུགས་བསྡུ་ལེན་དང་། ཏང་གཤིས་ཀྱི་ཧེ་བག་འཚོལ་ཞིབ། མདུན་སྐྱོད་ཀྱི་ཁ་ཕྱོགས་དག་བཅོས་བཅས་བྱེད་པའི་འབྱུང་ཁུངས་ཕུན་སུམ་ཚོགས་པོ་ཡིན་པ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་དཀའ་ངལ་དང་ཉེན་ཁར་མི་འཛེམ་པར་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པར་སྐུལ་མ་གཏོང་བའི་བསམ་པའི་སྒུལ་ཤུགས་ཆེན་པོའང་ཡིན་པ་རེད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོའི་ཏང་གིས་ཏང་ནང་དུ་གཅིག་བསྡུས་སློབ་གསོ་ཏན་ཏིག་ངང་གཏིང་ཟབ་ཏུ་སྤེལ་ཏེ། མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་དང་ལག་ལེན་གྱི་བྱེད་སྒོའི་ཐོག་ནས་གུང་ཁྲན་ཏང་མིའི་བསམ་པའི་འཚོལ་སྙེག་བརྟན་སྲུང་བྱེད་པ་ནས་ནན་གསུམ་རྣལ་གསུམ་གྱི་ཆེད་དོན་སློབ་གསོའི་བར་དུ་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནན་བཤད་བྱས་ཤིང་།  གཉིས་སློབ་གཅིག་བྱེད་ཀྱི་སློབ་སྦྱོང་སློབ་གསོའི་ཐོག་བསམ་བློ་ཆབ་སྲིད་འཛུགས་སྐྱོང་བྱ་རྒྱུ་ཨང་དང་པོར་འཇོག་པ་ནས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་བའི་བརྗོད་དོན་སློབ་གསོའི་བར་འཐབ་རྩོད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས་གསར་བརྗེའི་སྙིང་སྟོབས་དང་གསར་བརྗེའི་གཞི་རྒྱུ་ཡུལ་དུས་ལས་བརྒལ་བ་དང་གཅིག་རྒྱུད་གཅིག་འཛིན་བྱས་པས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་བསམ་བློར་སྦྱོང་བརྡར་དང་ཉམས་སད་ཆེན་པོ་ཐེབས་ཡོད། ལག་ལེན་གྱི་ཁྲོད་དུ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་དང་འཐབ་རྩོད་ཀྱི་སྙིང་སྟོབས་དང་འཇོན་ཐང་ལ་སྦྱོང་བརྡར་ཐོབ་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བསམ་པའི་སྙིང་སྟོབས་ལ་སྔར་བས་འབད་འབུངས་ཡར་སྐྱེད་བྱུང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པ་གཏོད་པར་ཆབ་སྲིད་ཀྱི་ཁག་ཐེག་ནུས་ལྡན་དང་འབད་འཐབ་ཀྱི་སྟོབས་ཤུགས་ཆེན་པོ་མཁོ་འདོན་བྱས་ཡོད། འོན་ཀྱང་ང་ཚོའི་ཏང་གིས་དུས་ཡུན་རིང་པོར་སྲིད་དབང་བསྐྱངས་པར། ཏང་ཡོན་ལས་བྱེད་པའི་ཁྲོད་དུ་དུས་ཡུན་རིང་ཞིང་བསམ་པ་ལྷོད་གཡེང་གི་བསམ་ཚུལ་འབྱུང་སླ་བ་གསལ་བོར་མཐོང་ཐུབ་དགོས། ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་སློབ་གསོ་སྤེལ་དགོས་ན། ཏང་གི་ལོ་རྒྱུས་ཀྱིས་ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་། སྲིད་དོན་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་པ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་དད་སེམས་ཀྱི་རྨང་གཞི་ཟམ་མི་ཆད་པར་ཇེ་བརྟན་དུ་གཏོང་བ་དང་། བསམ་བློའི་ཁ་ཕྱོགས་བརྟན་པོ་འཛིན་པར་ཁྲིད་སྟོན་བྱས་ཏེ། ཕུགས་བསམ་དད་སེམས་སྔར་བས་བརྟན་པོ་དང་། ཆབ་སྲིད་ཀྱི་གཤིས་རྒྱུད་སྔར་བས་གཙང་བ། འཐབ་རྩོད་ཀྱི་བློ་སྟོབས་དེ་བས་ཆེན་པོ་བཅས་ལྡན་པར་བྱ་དགོས།

“བརྒྱ་ལོ་གཉིས”ཀྱི་ལོ་རྒྱུས་ཀྱི་འབྲེལ་མཚམས་སུ་འགྲེང་ཚེ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་མདུན་ལམ་ནི་འོད་ཟེར་ལྡན་པ་ཞིག་རེད།  དུས་མཚུངས་སུ། ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་ནི་ལས་སླ་པོར་མངོན་འགྱུར་ཐུབ་པ་ཞིག་གཏན་ནས་མིན་པ་ཅིས་ཀྱང་གསལ་བོར་ཤེས་དགོས། ང་ཚོའི་མདུན་དུ་ཐོབ་དཀའ་བའི་གོ་སྐབས་ཡོད་ལ། འགྲན་སློང་དྲག་པོའང་ལྷགས་ཡོད།  མི་གྲངས་དུང་ཕྱུར14ཡོད་པའི་རང་རེའི་རྒྱལ་ཁབ་འདི་ལྟ་བུར་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱ་རྒྱུ་དེ་ནི་ཅི་འདྲའི་རླབས་ཆེ་བ་དང་ལས་སླ་བོ་ཞིག་མིན་པའང་གཏིང་ཟབ་མོར་ཤེས་པར་བྱ་དགོས།  གནད་འགག་གི་སྐབས་འདིར་རང་སོར་སྡོད་པ་དང་། ཐེ་ཚོམ་བྱེད་པ། བབ་ལྟ་བཅས་གང་ཡང་བྱེད་མི་རུང་བར་ངེས་པར་དུ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་ངེས་པ་དང་། ངར་ཤུགས་གཅིག་སྒྲིམ། མུ་མཐུད་འབད་འཐབ་བཅས་བྱ་དགོས། འབད་འཐབ་ཀྱི་དམིགས་འབེན་དང་ཐག་ཉེ་བ་དང་། ཉེན་ཁ་དང་འགྲན་སློང་གི་མདུན་དུ་གསར་བརྗེ་མཐར་ཕྱིན་པར་བྱ་རྒྱུའི་སྙིང་སྟོབས་དར་སྤེལ་བྱེད་དགོས་ལ། གསར་བརྗེའི་རྒན་རབས་པ་ཚོའི་གསར་བརྗེའི་སྙིང་སྟོབས་དར་སྤེལ་དང་། གུང་ཁྲན་ཏང་མིའི་རང་སྲོག་བློས་གཏོང་ཕོད་པའི་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་བྱས་ཏེ།    དམ་པ་དོན་གཉེར་དང་དཀའ་སྤྱད་སྙིང་རུས་ཀྱིས་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ཕྱོགས་སུ་མདུན་སྐྱོད་བྱེད་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་བྱས་པ་བརྒྱུད། ཏང་ཡོངས་ཀྱི་བློ་མཐུན་ཚོས་གུང་ཁྲན་ཏང་མིའི་སྙིང་སྟོབས་རྒྱུན་འཛིན་དང་། གསར་བརྗེ་པའི་ཞུམ་མེད་འབད་འཐབ་ཀྱི་སྙིང་སྟོབས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས། རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པའི་ཐོག་སྐྱོད་པ་དང་དུས་རབས་གསར་པར་འབད་འབུངས་བྱེད་པའི་སྙིང་སྟོབས་འཕེལ་བ་བཅས་བྱས་ནས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་ཁྲོད་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་ལོ་རྒྱུས་ཀྱི་སྙན་ངག་གསར་པ་ཟམ་མི་ཆད་པར་རྩོམ་དགོས།

“མི་ཚེའི་གནམ་སའི་བར། ལམ་ཐག་རིང་ན་ཉེན་ཁ་ཡོད”ཅེས་པ་ལྟར། འཛམ་གླིང་ཐོག་ང་ཚོའི་ཏང་ལྟ་བུའི་དཀའ་ངལ་དང་ཉེན་ཁ་མང་པོ་དེ་འདྲ་འཕྲད་མྱོང་བ་དང་། ཤི་གསོན་གྱི་ཚོད་བགམ་དེ་འདྲ་མང་པོ་འཕྲད་མྱོང་བ། ཡ་ང་བའི་སྡུག་བསྔལ་དེ་འདྲ་མང་པོ་མྱོང་བ་བཅས་ཀྱི་ཏང་གཅིག་ཀྱང་མེད། ལོ་བརྒྱ་ཡི་རིང་ལ་གསར་བརྗེའི་སྙིང་སྟོབས་ནི་དཔལ་འབར་དང་། སྒྲོན་མེ་ལྟར་ཐོག་མཐའ་བར་གསུམ་དུ་མདུན་སྐྱོད་ཀྱི་བགྲོད་ལམ་གསལ་བར་བྱས་པ་དང་། བློ་བརྟན་འགྱུར་མེད་དང་ཞུམ་མེད་མདུན་སྐྱོད་ཀྱི་རླབས་ཆེན་སྟོབས་ཤུགས་ལ་བརྟེན་ནས་རང་རེའི་ཏང་ཆུང་བ་ནས་ཆེ་བ་དང་། ཉམས་ཞན་ནས་སྟོབས་ཆེར་འགྲོ་བར་སྐུལ་འདེད་བཏང་སྟེ། ཉེན་ཁ་དང་དཀའ་ངལ་སྣ་ཚོགས་ལས་རྣམ་པར་རྒྱལ་ནས་མདུན་སྐྱོད་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱས་ནས་ཕུགས་བསམ་དད་སེམས་ཇེ་བརྟན་དུ་གཏོང་བ་དང་། ཐོག་མའི་བསམ་འདུན་གྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། མི་དམངས་མང་ཚོགས་ཁྲོད་རྩ་བ་ཚུགས་པ། དབྱར་མཚོ་རྒྱས་པ་ལྟར་གྱི་སྐྱེ་སྟོབས་དང་བློ་སྟོབས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་རླབས་རྒྱུན་གྱི་མདུན་གྲལ་དུ་ལངས་པ་དང་།  མཁྲེགས་གཏོར་དཀའ་སེལ་གྱི་ཆེས་མདུན་གྲལ་དུ་ལངས་པ། ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་ཁྲོད་དུ་ལངས་པ་བཅས་བྱས་ཚེ་རང་རེའི་ཏང་ནམ་ཡང་རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་སྐྱོད་ཐུབ་ངེས་རེད།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།