སྤྱི་ལོ་གཅིག་སྟོང་དགུ་བརྒྱ་ང་བརྒྱད་ལོའི་དགུན་ཁ་ནི་སྐབས་དེར་ལོ་ན་དགུ་ལ་སོན་པའི་ཀུན་འགྲུབ་ལ་མཚོན་ནས་བཤད་ན་བག་ཆགས་ཧ་ཅང་ཟབ་སྟེ། ཉི་མ་མང་པོ་ཞིག་ལ་ཁ་བ་བུ་ཡུག་གི་ཁྲོད་དུ་གནས་སྤོར་གྱི་ལམ་ནས་ལམ་ལ་ཇི་ལྟར་བསྐྱོད་ཀྱང་ནམ་ཡང་ཐོན་རྒྱུ་མི་འདུག་པ་དེ་རེད།
སྐབས་དེར་ཀུན་འགྲུབ་ཀྱིས་རྒྱུན་དུ་ཁོའི་ཕ་རྒན་ལ་ང་ཚོའི་ཁྱིམ་གཞིས་གསར་བ་དེ་གང་ན་ཡོད་ནི་རེད། ནམ་ཞིག་ལ་དེར་ཐོན་ཐུབ་ནི་རེད་ཅེས་འདྲི་བཞིན་ཡོད། གོ་ནོ་ཡིན་ན་ཐོ་ལེ་ཕྱུགས་ར་ན་ཡོད་ནི་རེད་ཟེར། ང་ཡང་འགྲོ་མ་མྱོང་། རུ་ཁག་གི་རྗེས་སུ་འབྲང་ནས་འགྲོ་དང་ཐོན་ནི་རེད་ཅེས་ཀུན་འགྲུབ་ཀྱི་ཕ་རྒན་གྱིས་ཁོ་ལ་དེ་ལྟར་ལན་འདེབས་ཀྱི་ཡོད་པ་རེད།
སྤྱི་ལོ་གཅིག་སྟོང་དགུ་བརྒྱ་ང་བརྒྱད་ལོར་ཀྲུང་གོའི་ཆེས་ཐོག་མའི་ཉིང་རྡུལ་མཚོན་ཆའི་རྟེན་གཞི་འཛུགས་སྐྲུན་བྱེད་ཆེད། ཁྱིམ་ཚང་སྟོང་གཅིག་དང་ཉིས་བརྒྱ་དོན་དགུ་མི་རབས་མང་པོར་འཚོ་བ་རོལ་སའི་མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་མཛེས་སྡུག་ལྡན་པའི་གསེར་དངུལ་རྩྭ་ཐང་དང་ཁ་བྲལ་ཏེ། རྟ་ནོར་ལུག་གསུམ་དེད་ནས་ཡངས་པའི་རྩྭ་ཐང་དང་རི་ཀླུང་བརྒལ་བཞིན་རྐང་ཚ་རྫོང་དང་ཆི་ལེན་རྫོང་སོགས་ཀྱི་ས་ཆ་སྐོར་ཞིག་ལ་གནས་སྤར།
ཀུན་འགྲུབ་ཚང་ལ་ཁྱིམ་མི་བརྒྱད་ཡོད་ཅིང་གནས་སྤོར་གྱི་ནང་དུ་ཚུད་ཡོད་པ་རེད། 《ཆི་ལེན་རྫོང་གི་ལོ་རྒྱུས》ནང་དུ། ཧེ་ཡན་རྫོང་གི་མང་ཚོགས་སྐོར་ཞིག་རྒྱལ་ཁབ་ཀྱིས་འཛུགས་སྐྲུན་ས་ཆ་བསྡུ་ལེན་བྱས་པ་བརྒྱུད། ཆི་ལེན་རྫོང་གི་འབྲོང་ལུང་དང་རྡོ་ལུང་སོགས་སུ་གནས་སྤར། བསྡོམས་པས་ཁྱིམ་ཚང་སུམ་བརྒྱ་གོ་བདུན་དང་མི་གྲངས་སྟོང་གཅིག་བདུན་བརྒྱ་ང་གཉིས། ཕྱུགས་རིགས་སྣ་ཚོགས་འབུམ་གཅིག་ཁྲི་གཉིས་སྟོང་གསུམ་བཞི་བརྒྱ་གྱ་གསུམ། དེའི་ནང་རྟ་སྟོང་ཚོ་གསུམ་དང་བདུན་བརྒྱ་དོན་དགུ། ནོར་ཁྲི་གཅིག་དང་སྟོང་དྲུག་བརྒྱ་དང་ཉེར་བཞི། ལུག་འབུམ་གཅིག་དང་སྟོང་གསུམ་བརྒྱ་དང་སོ་གསུམ། ར་མ་བཞི་བརྒྱ་ཞེ་བདུན་ཡོད། དེ་མིན་ཁྱིམ་ཚང་བཞི་བརྒྱ་རེ་གཅིག་དང་མི་གྲངས་སྟོང་གཉིས་བརྒྱ་དང་གྱ་གསུམ་ཐོ་ལེ་ཕྱུགས་རར་གནས་སྤར་ཞེས་བཀོད་ཡོད།
སྐབས་དེར་ཀུན་འགྲུབ་ཁྱིམ་མི་གང་བོ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་མཐོན་པོ་ཕྱུགས་རར་གནས་སྤར་ཡོང་བའི་གནས་ཚུལ་དེ་ཀུན་འགྲུབ་ཀྱི་སེམས་སུ་ཧ་ཅང་གསལ་བོ་ཡིན་ཏེ། སྐབས་དེ་ནི་ཏག་ཏག་དགུན་ཁ་ཞིག་ཡིན་པས་ས་གཞི་ཡོངས་སུ་ཁ་བས་བཀླུབས་ཡོད་པ་དང་། ཉིན་གསུམ་གྱི་ནང་དུ་ཚང་མ་ངེས་པར་དུ་གནས་སྤར་དགོས་པའི་བརྡ་ཐོན་རྗེས་ཧ་ཅང་འཚབ་འཚུབ་ངང་ལམ་ཐག་རིང་ཞིང་ཆ་རྒྱུས་མེད་པའི་ཐོ་ལེ་ཕྱུགས་རར་གནས་སྤར་ནས་ཡོང་བ་ཡིན་ཞེས་ཀུན་འགྲུབ་ཀྱིས་བཤད།
གནས་སྤོར་སྐབས་སུ་ཁྱིམ་ཚང་རེ་ལ་གཡག་གསུམ་ནས་དྲུག་ཙམ་བཀོད་སྒྲིག་བྱས་ཤིང་དེ་དག་ལ་ཁྱིམ་ཆས་སྣ་ཚོགས་བཀལ་བ་དང་། དེ་མིན་དཀར་ཡོལ་དང་སླ་ང་སོགས་རྒྱུན་ལྡན་གྱི་འཚོ་བའི་སྤྱོད་ཆས་རིགས་མི་རྣམས་ཀྱིས་ཁུར་ནས་གནས་སྤར་བ་རེད།
ཀུན་འགྲུབ་ཚང་ལ་ཁལ་གཡག་ལྔ་བཀོད་སྒྲིག་བྱས་ཡོད་ཀྱང་ཁལ་གཡག་ལྔ་ཡིས་དངོས་བོ་ཅི་ཙམ་ཞིག་ཐེག་ཐུབ་བམ། དེའི་ཁྲོད་ཀྱི་ཁལ་གཡག་གཅིག་ལ་ཤིང་སྒམ་ཆ་གཅིག་བཀལ་ཡོད་པ་དང་དེའི་ནང་དུ་ལོ་ན་ཆེས་ཆུང་བའི་ནུ་བོ་གཉིས་འདུག་ཏུ་བཅུག་ཡོད། ཀུན་འགྲུབ་ལ་མཚོན་ན་སྐབས་ལན་རེར་གཡག་གི་འཕོངས་ལ་ཞོན་བཞིན་ཡོད་པ་ཙམ་ལས་ལམ་ཐག་མང་ཆེ་བར་ཁོའི་ཕ་རྒན་དང་མཉམ་དུ་རྐང་ཐང་གིས་བགྲོད་ཀྱི་ཡོད།
རྩྭ་ཐང་ཡོངས་སུ་ཁ་བས་གཡོགས་ཡོད་པས་གནམ་ས་གཉིས་ཡུག་གཅིག་ཏུ་སྣང་ཞིང་། ཁ་བའི་ནང་དུ་གོམ་པ་སྤོ་སྐབས་ཐྲིག་སྒྲ་བར་མེད་དུ་གྲགས་ཤིང་། ཁངས་གཡུགས་འཚུབ་འཚུབ་བྱེད་པས་དྲོད་ཚད་གོར་ཐིག་མན་གྱི་ཏུའུ་གྲང་ཉི་ཤུ་ལྷག་རེད་ཅེས་གནས་སྤོར་བྱེད་སྐབས་ཀྱི་བྱུང་བ་རེ་རེ་གློག་བརྙན་ཞིག་དང་འདྲ་བར་ཀུན་འགྲུབ་ཀྱི་ཀླད་པའི་ནང་དུ་ཡང་ཡང་ཤར་གྱི་འདུག
གནས་སྤོར་བྱེད་པའི་སྐབས་སུ་འབྲོག་ཁྱིམ་བཞི་བཅུ་ནས་ལྔ་བཅུ་ཙམ་རུ་ཁག་རེ་བྱས་ཡོད་པ་དང་རུ་ཁག་རེ་ལ་སྣེ་ཁྲིད་པ་རེ་བཀོད་སྒྲིག་བྱས་ཡོད། སྐབས་དེའི་ཀུན་འགྲུབ་ཚང་སོགས་རུ་ཁག་དེའི་སྣེ་ཁྲིད་པ་ནི་ཧེ་ཡན་རྫོང་ཕྱུགས་ཟོག་རྒྱུད་རྫོགས་ས་ཚིགས་ཀྱི་མགོ་གཙོ་འཇིགས་མེད་ཟེར་བ་དེ་ཡིན་ལ་ཁོས་ལག་ཏུ་དར་དམར་ཞིག་བཟུང་ཡོད་པ་དང་སྐེད་ལ་གླིང་བུ་ཞིག་བཏགས་ཡོད། ཞོགས་པ་རེ་རེར་འཇིགས་མེད་ཀྱིས་གླིང་བུ་འབུད་ཀྱིན་དར་དམར་གཡུགས་པ་ནི་རུ་ཁག་དེ་ལམ་ལ་ཆས་དགོས་པའི་བརྡ་རེད། ཉིན་རྒྱུན་ས་རུབ་ལ་ཉེ་དུས་འཇིགས་མེད་ཀྱིས་དར་དམར་དེ་ས་ལ་བཙུགས་པ་ན། འབྲོག་པ་རྣམས་ཀྱིས་དར་དམར་དེའི་མཐའ་སྐོར་དུ་སྒར་བརྒྱབ་ནས་འདུག་པའི་གནས་ཚུལ་དེ་ཀུན་འགྲུབ་ཀྱིས་ད་དུང་སེམས་སུ་རབ་རིབ་ཅིག་དྲན་གྱི་འདུག་ཟེར།
འཚོ་བའི་ཆ་རྐྱེན་ཤིན་ཏུ་ཞན་པའི་ལོ་ཟླ་དེར་གནས་སྤོར་ལམ་གྱི་འབྲོག་པ་མང་ཆེ་བར་སློག་པ་རེ་མ་གཏོགས་གྱོན་པ་གཞན་མེད་ཅིང་། ལོ་ན་ཆུང་བའི་བྱིས་པ་རེ་འགའ་གཡག་རྒྱབ་ལ་ཞོན་ནས་ཡུན་རིང་འགོར་ཏེ་སར་འབབ་དུས་རྐང་པ་གྲང་ནས་ཕྱིད་འདུག་པས་ལམ་དུ་འགྲོ་དཀའ་ཞིང་། ཁ་བ་དང་བུ་ཡུག་གི་ཁྲོད་དུ་དུས་ཚོད་རིང་བོར་སོང་བའི་དབང་གིས་ཁོ་ཚོའི་ཁྲོད་ཀྱི་མི་མང་པོ་ཞིག་གི་མིག་ཀྱང་ཕྱིད་འདུག་པ་དང་། དེ་དག་ལས་ཁྱིམ་ཚང་གི་ཆ་རྐྱེན་ཞན་པའི་བྱིས་པ་རྣམས་ལ་ཞྭ་མོ་དང་ལྷམ་དྲོན་པོ་ཞིག་ཀྱང་གོན་རྒྱུ་མེད།
ཀུན་འགྲུབ་ཀྱི་ཕ་རྒན་གྱིས་གནས་སྤོར་གྱི་ལམ་དུ་ཆས་མ་ཐག་བྱིས་པ་ཚོར་དགུན་ཞྭ་དང་དགུན་ལྷམ་སོགས་གྲ་སྒྲིག་བྱས་པ་རེད། ཀུན་འགྲུབ་གྱི་སེམས་ལ་གསལ་བོར་དྲན་པ་ཞིག་ནི། ཁོ་ཚོ་གནས་སྤོར་གྱི་ལམ་དུ་ཞུགས་ནས་ཅུང་ཙམ་གྱིས་ཆུ་ཁོལ་དུ་ཐོན་པ་དང་དེ་རུ་ཚོང་ཁང་ཞིག་ཡོད་པ་དེ་རུ་ཁོ་དང་ནུ་བོ་ཚོར་ཞྭ་མོ་དང་ལྷམ་སོགས་ཉོས་པ་དེ་རེད།
ད་ལྟའི་བར་དུ་ལོ་ངོ་རེ་གསུམ་འདས་ཟིན་པས་སྐབས་དེའི་གནས་སྤོར་གྱི་ལམ་ཐིག་དེ་ཀུན་འགྲུབ་ཀྱི་ཡིད་ལ་གསལ་བོར་མི་ཡོང་ནའང་། ཕལ་ཆེར་ཆུ་ཁོལ་ནས་ལྷམ་དང་ཞྭ་མོ་སོགས་ཉོས་བའི་རྗེས་སུ་རྐང་ཚ་རྫོང་ཧ་དགེ་གྲོང་རྡལ་གྱི་དགོན་གོང་མ་སྡེ་བ་བརྒྱུད་ནས་ཆུ་ཁོལ་གྱི་གཏེར་ཁུལ་དུ་ཐོན་པ་དང་། དེ་ནས་མུ་མཐུད་དུ་རི་དང་ལུང་པ་འགའ་བརྒལ་ནས་སོང་བ་ཡིན་མོད། ས་གནས་དེ་དག་གི་མིང་ད་ལྟ་ཡིད་ལ་དྲན་གྱི་མི་འདུག་ཟེར།
ཀུན་འགྲུབ་ཀྱི་སྣང་ངོ་ཞིག་ལ་སྐབས་དེར་ཉིན་རྒྱུན་དུ་ལམ་ལ་འགྲོ་དགོས་ཀྱི་ཡོད་པ་དང་ངལ་གསོ་ཞིག་གཏན་ནས་བྱས་མ་མྱོང་བ་འདྲ། ཁོའི་སེམས་སུ་ད་ལྟ་ཡང་རབ་རུབ་ཅིག་དྲན་གྱི་ཡོད་པ་ནི་ཐོ་ལེ་ཕྱུགས་རར་ཐོན་ལ་ཉེ་བའི་སྐབས་སུ། མཚན་མོ་ཞིག་ལ་བུད་མེད་ཅིག་གིས་བྱིས་པ་ཞིག་བཙས་ནའང་ཕྱི་ཉིན་སྔར་བཞིན་ལམ་དུ་བསྐྱོད་པའི་གནས་ཚུལ་དེ་རེད།
ཁོ་ཚོའི་གནས་སྤོར་དེ་ནི་ཏག་ཏག་ལམ་དུ་བསྐྱོད་པ་ཙམ་མ་ཡིན་པར་ཕྱོགས་གཅིག་ནས་ནོར་ལུག་ལ་རྩྭ་ཁ་བྱེད་དགོས་པ་དང་ཕྱོགས་གཅིག་ནས་མུ་མཐུད་དུ་ལམ་དུ་བསྐྱོད་དགོས་ཀྱི་ཡོད་པས། ཉིན་གཅིག་ལའང་ལམ་ཐག་དེ་འདྲ་རིང་བོ་ཞིག་ལ་འགྲོ་ཐུབ་ཀྱི་མེད།
ཀུན་འགྲུབ་ཀྱིས་དེ་ལྟར་རྒྱས་བཤད་བྱེད་པའི་ཁྲོད་དུ་ང་ཚོས་ཀྱང་སྐབས་དེའི་གནས་སྤོར་ལམ་གྱི་དཀའ་སྡུག་གསལ་བོར་རྟོགས་ཐུབ། བྱིས་པ་དང་རྒན་པ་རྣམས་ཕར་ཞོག ཐ་ན་ན་གཞོན་རྣམས་ཀྱིས་ཀྱང་ཤིན་ཏུ་དཀའ་སྟེ། ཀུན་འགྲུབ་ཀྱི་མཐོང་ལམ་ནས་ན་གཞོན་ཞིག་ཚེ་ལས་འདས་པའི་རྣམ་པ་དེ་ད་ལྟ་འང་ཁོས་གསལ་བོར་དྲན་བཞིན་འདུག
གནས་སྤོར་གྱི་ལམ་དུ་མི་རྣམས་ཀྱིས་ཀྱང་དཀའ་སྡུག་དེ་བཟོད་བསྲན་བྱེད་མི་ཐུབ་ན་ཕྱུགས་ཟོག་རྣམས་ནི་དེ་བས་ཀྱང་བཤད་མ་དགོས་པ་ཞིག་རེད། ཐོ་ལེ་ཕྱུགས་རར་ཐོན་པའི་རྗེས་སུ་ཀུན་འགྲུབ་ཀྱི་ཕ་རྒན་གྱིས་མ་ཁྱུ་ཞིག་འཚོ་སྐྱོང་བྱེད་པའི་འགན་ཁུར་ཡོད། མ་ཁྱུ་དེར་བསྡོམས་པས་མ་མོ་བཞི་བརྒྱ་དང་ལྔ་བཅུ་ཡོད་ནའང་། ཁོའི་ཕ་རྒན་ལས་ཐོས་པ་ལྟར་ན་ལོ་གཅིག་ལ་ལུ་གུ་བརྒྱ་མ་གཏོགས་གསོན་ཐུབ་ཀྱི་མེད་ཟེར།
ཁོ་ཚོ་གནས་སྤོར་བྱེད་པའི་དུས་དེ་ནི་ལུ་གུ་རྩེབ་པའི་སྐབས་དང་འཁེལ་ཡོད་པས་ལམ་ཐག་རིང་བོ་བརྒྱུད་ནས་འགྲོ་བ་དེ་ཤིན་ཏུ་དཀའ་བའི་ལས་ཤིག་རེད།
ཕྱུགས་ཟོག་མང་པོ་ཞིག་ལམ་ནས་ཤི་བ་ཙམ་དུ་མ་ཟད་ཐོ་ལེ་ཕྱུགས་རར་ཐོན་རྗེས་སུ་ཡང་ཕྱུགས་ཟོག་མང་པོ་ཞིག་རྒྱུན་ཆད་མེད་པར་ཤི་བ་དང་དེ་དག་གི་ཁྲོད་དུ་རྟའི་ཤི་གྲངས་ཆེས་མང་པ་རེད། རྟ་ནི་ས་ཆུ་དང་འབྲེལ་བ་དམ་པོ་ཡོད་པའི་སྲོག་ཆགས་ཤིག་ཡིན་པ་དང་། ས་གནས་གསར་བ་ཞིག་ཏུ་ཐོན་པ་ན་ས་ཆུ་མི་འཕྲོད་པའི་གནས་ཚུལ་མང་དུ་བྱུང་བའི་ཁར་གནས་སྤོར་གྱི་ལམ་དུ་བཀོལ་སྤྱོད་མང་དུ་བྱས་པས་དབྱར་དུས་སུ་གསོག་པའི་ཤ་ཤེད་ཡོད་ཚད་ལྷུང་བ་རེད།
གཅིག་སྟོང་དགུ་བརྒྱ་ང་དགུ་ལོར། ཐོ་ལེ་ཕྱུགས་རར་རྟ་འཚོ་སྐྱོང་བྱེད་པའི་གུ་རུ་སྐྱབས་ཀྱིས་རྒྱུན་དུ་ཀུན་འགྲུབ་ཀྱི་ཕ་རྒན་བཙལ་ནས་སར་འགྱེལ་ཡོད་པའི་རྟ་དེ་དག་ཡར་སློང་རོགས་བྱེད་དུ་འཇུག་བཞིན་ཡོད། སྐབས་རེར་ཀུན་འགྲུབ་ཀྱང་ཕ་རྒན་གྱི་རྗེས་སུ་འབྲངས་ནས་འགྲོ་བཞིན་ཡོད། སར་འགྱེལ་བའི་རྟ་དེ་དག་ནི་ཤིན་ཏུ་སྐམ་རུད་དུ་གྱུར་ཡོད་པ་དང་ས་ཐོག་ནས་འགུལ་ཙམ་ཡང་མི་བྱེད་པར་ཉལ་ནས་འདུག་ ཀུན་འགྲུབ་ཀྱི་ཕ་རྒན་དང་གུ་རུ་སྐྱབས་གཉིས་ཀྱིས་སར་འགྱེལ་བའི་རྟ་དེ་དག་ཡར་བསླངས་པ་ན་རྐང་ལག་བཞི་འདར་ལྕུག་ལྕུག་བྱེད་ཅིང་རང་ཚུགས་མི་ཟིན་པར་གྱུར་འདུག ཀུན་འགྲུབ་ཀྱིས་རང་གི་ཕ་རྒན་ལས་ཐོས་པ་ལྟར་ན་ལོ་དེར་གུ་རུ་སྐྱབས་ཀྱིས་འཚོ་སྐྱོང་བྱེད་པའི་རྟ་ཁྱུ་དེ་ལས་རྟ་སུམ་ཅུ་ལྷག་ཅིག་ཤི་སོང་ཟེར།
ཀུན་འགྲུབ་ཀྱི་རྒྱས་བཤད་དང་ཐོ་འགོད་བྱས་པའི་རྒྱུ་ཆའི་ཁྲོད་དུ་ང་ཚོས་འདི་འདྲའི་ཞིབ་འབྲི་ཞིག་ཀྱང་མཐོང་སྟེ། རྩྭ་ཐང་ཧྲིལ་བོ་ཁ་བས་གཡོགས་པས་ཨོང་བ་སོགས་འཐུ་མི་ཐུབ་ལ་འབྲོག་པ་རྣམས་ཀྱིས་སྦྲའི་ཕུར་བ་དང་སྒའི་སྔ་རུ་དང་ཕྱི་རུ་སོགས་བླངས་ནས་མེ་ལ་འབུད་དགོས་བྱུང་བ་དང་། ཁ་བའི་ནང་དུ་འདུག་ཡུན་རིང་བའི་སྟབས་ཀྱིས་མི་མང་པོ་ཞིག་གི་རྐང་ལག་ཕྱིད་འདུག་པར་མ་ཟད། ནད་ཀྱི་དབང་གིས་ཀྱང་མི་སྐོར་ཞིག་ཚེ་ལས་འདས། རྩྭ་ཆུ་དཀོན་པར་གྱུར་བས་ནོར་ལུག་མང་པོ་ཞིག་ཀྱང་ལྟོགས་ཤི་ཐེབས་པས་ཟླ་ངོ་གཉིས་ཀྱི་རྗེས་སུ་ཐོ་ལེ་ཕྱུགས་རར་ཐོན་དུས་མི་མང་པོ་ཞིག་ལ་སྒོ་ཕྱུགས་སོགས་ཅི་ཡང་མི་འདུག
ཕྱིས་སུ། གནས་སྤར་འབྲོག་དམངས་རྣམས་ཀྱིས་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས། ཐོ་ལེ་ཕྱུགས་ར་དེ་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་གཉེར་ཕྱུགས་ར་བཟང་ཤོས་དང་ཡ་གླིང་གི་གཞི་ཁྱོན་ཆེས་ཆེ་བའི་ཕྱུགས་རར་གྱུར། གཅིག་སྟོང་དགུ་བརྒྱ་རེ་དགུ་ལོར། མཚོ་སྔོན་ཞིང་ཆེན་ཕྱུགས་ལས་ཐིན་གྱིས་ཐོ་ལེ་ཕྱུགས་ར་ཆི་ལེན་རྫོང་གི་མངའ་ཁོངས་སུ་སྤྲད། གཅིག་སྟོང་དགུ་བརྒྱ་དོན་གཉིས་ལོར། སླར་ཡང་མཚོ་བྱང་ཁུལ་སྲིད་གཞུང་གི་མངའ་ཁོངས་སུ་སྤྲད། ཉིས་སྟོང་གཉིས་ལོའི་ཟླ་བཅུ་གཉིས་པའི་ཟླ་སྟོད་དུ། ཐོ་ལེ་ཕྱུགས་རཧྲིལ་བོ་ཆི་ལེན་རྫོང་ལ་སྤྲད་པ་དང་ཕྱུགས་ར་མེད་པར་བྱས་ནས་ཡུལ་ཚོ་འཛུགས་སྐྲུན་བྱས་པས་ད་ལྟའི་གཡང་ལུང་ཡུལ་ཚོ་དེ་རེད།
ལོ་ན་དོན་གསུམ་ལ་སོན་པའི་མ་ཡོང་ཁང་གི་ཕ་ཡུལ་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་དཔལ་དགེ་སོག་པོ་ཡུལ་ཚོ་ཡིན། ཁོ་ཚང་ལ་བཟའ་མི་བཅུ་ཁ་ཞིག་ཡོད་པ་དང་གཙོ་བོར་ཕྱུགས་འཚོ་བར་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་པ་རེད།
གཅིག་སྟོང་དགུ་བརྒྱ་ང་བརྒྱད་ལོའི་གནས་སྤོར་གྱི་སྐབས་སུ་ཁོ་རང་ལོ་བཅུ་ཐམ་པ་རེད། ཁྱིམ་དུ་བཟའ་མི་མང་ཞིང་སྐབས་དེར་གློ་བུར་དུ་ལམ་ལ་ཆས་པས་པགས་རྩག་རེ་གཉིས་དང་སྟབས་བདེའི་འཚོ་བའི་ཡོ་བྱད་སྐོར་ཞིག་ལས་ཐ་ན་མགོ་སྦྲ་ཡང་ཁྱེར་ཐུབ་མེད་པས་ལམ་སྐབས་ནས་འཁྱགས་གྲང་སོགས་ཀྱི་དཀའ་སྡུག་མང་པོ་མྱངས་ཟེར།
དགུན་ཁའི་ནངས་མོ་དེར། མ་ཡོང་ཁང་རང་གི་ཕ་མའི་རྗེ་སུ་འབྲངས་ནས་གནས་སྤོར་གྱི་ལམ་དུ་ཞུགས། ཁོ་ཚོ་དང་མཉམ་དུ་འགྲོ་མཁན་ལ་ཁོའི་ཕུ་ནུ་མིང་སྲིང་བརྒྱད་ཡོད་པ་ལས་གཞན་ད་དུང་ལོ་ན་ཆུང་བའི་ཚ་བོ་ཚ་མོ་ལྔ་ཡང་ཡོད། སྔོན་ཆད་རྔོན་པའི་ལས་བྱེད་མྱོང་བའི་མ་ཡོང་ཁང་གི་ཕུ་བོར་ཐོ་ལེ་ཕྱུགས་རར་འགྲོ་བའི་ལམ་ལ་བྱང་ཆ་ལྡན་པས་ཁོ་རང་སྐབས་དེར་རུ་ཁག་དེའི་སྣེ་ཁྲིད་པ་རེད། བྱིས་པ་རྣམས་རྐང་ཐང་དུ་འགྲོ་ཐུབ་པ་རྐང་ཐང་དུ་འགྲོ་བ་དང་རྐང་ཐང་དུ་འགྲོ་མི་ཐུབ་པ་དག་གཡག་རྒྱབ་ཀྱི་སླེ་བོའི་ནང་དུ་བཞག་ཡོད་པ་དང་། ཁངས་རླུང་ལ་གདོང་གཏད་ནས་འགྲོ་དགོས་ཕྱིར་ཉིན་གཅིག་ལ་སྤྱི་ལེ་རེ་འགའི་ལམ་ལ་མ་གཏོགས་འགྲོ་ཐུབ་ཀྱི་མེད།
ལམ་བར་གྱི་ཉིན་རེ་རེའི་ཟས་ཐུན་གསུམ་པོ་དེ་ཚང་མས་མཉམ་དུ་ཟ་དགོས་པ་དང་མང་ཆེ་ཤོས་ཤིག་གོ་རེ་དང་སྐམ་ཐུག་རེད་ཟེར། མུ་རི་རྩྭ་ཐང་དུ་ཐོན་པའི་མཚན་མོ་དེར་མ་ཡོང་ཁང་ཚང་ལ་ཡང་བསྐྱར་ཁྱིམ་མི་གཅིག་གིས་ཇེ་མང་དུ་བུད་སོང་། བྱིས་པ་དེ་བཙས་པར་བརྟེན་རུ་ཁག་ཧྲིལ་བོས་སྔར་སྲོལ་དོར་ནས་ཉིན་གཅིག་ལ་དེ་གར་ངལ་གསོ་མི་བྱེད་ཐབས་མེད་བྱུང་།
ཕྱི་ཉིན། སྲུ་མོ་གཉིས་པས་བྱིས་པ་བཟུང་ནས་རྟར་ཞོན་ཡོད་ལ། དགུན་དུས་གྲང་ངར་ཆེ་བ་དང་མོའི་ལུས་ཟུངས་ཤིན་ཞན་པས་ཆུལ་བརྒལ་བའི་སྐབས་སུ་མོ་མགོ་ཡོམ་འགོར་ནས་ཆུའི་ནང་དུ་ལྷུང་སོང་ཟེར།
དཀའ་སྡུག་མང་པོ་ཞིག་མྱངས་ཤིང་རི་ཆུ་མང་པོ་བརྒལ་ནས་ཆི་ལེན་རྫོང་གི་ནུབ་རྒྱུད་ཀྱི་ཐོ་ལེ་ཕྱུགས་རར་ཐོན་དུས། ཟླ་གཉིས་ཀྱི་དུས་ཚོད་འགོར་འདུག ས་གནས་དེར་ཐོན་མ་ཐག་ཏུ་མ་ཡོང་ཁང་ཚང་གིས་སྦྲ་གུར་གཉིས་བླངས་ནས་ཁྱིམ་གཞི་བཅོས། ཉིན་འགའི་རྗེས་སུ་རི་དྭགས་རྔོན་མཁན་གྱི་ཕུ་བོ་དེས་རྩ་འཛུགས་བྱས་ནས་ཕྱུགས་རའི་ཤྭ་གསོ་ར་བ་བཙུགས་པས་ཁོ་ཚང་གི་ཁྱིམ་གྱི་ལས་བྱེད་པ་གཅིག་པུར་གྱུར། དེའི་རྗེས་སུ་མ་ཡོང་ཁང་གི་ཕ་རྒན་དང་ཕུ་བོ་གཞན་པ་རྣམས་ཀྱང་སྔ་གཞུག་ཏུ་ཤྭ་གསོ་རུ་ཁག་གི་བྱ་བར་ཞུགས། མ་ཡོང་ཁང་རུ་ཁག་དེར་ཞུགས་པའི་སྐབས་སུ་རུ་ཁག་དེ་རིམ་བཞིན་གཞི་ཁྱོན་ཆེ་བའི་སྒོ་ནས་འཕེལ་རྒྱས་ཆེན་པོ་བྱུང་འདུག དེ་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་བསྟུན་ནས་ཁྱིམ་མི་རྣམས་ཀྱི་སྡོད་ཁང་ལའང་འགྱུར་ལྡོག་བྱུང་ནས་རིམ་བཞིན་ཁང་པའང་ཡོད་པར་གྱུར།
ཉིས་སྟོང་གཉིས་ལོར་མ་ཡོང་ཁང་ལས་འཁྱུར་ངལ་གསོ་བྱས་པ་དང་། ལོ་མཇུག་ཏུ་ཐོ་ལེ་ཕྱུགས་ར་དེ་ཆི་ལེན་རྫོང་ཁོངས་སུ་སྤྲད་ནས། ཕྱུགས་ར་མེད་པར་བྱས་ཏེ་ཡུལ་ཚོ་འཛུགས་སྐྲུན་བྱས་པ་དང་ཡུལ་ཚོ་དེ་ནི་ད་ལྟའི་གཡང་ལུང་ཡུལ་ཚོ་རེད།
ཡུལ་ཚོ་དེ་ནི་རྫོང་ཡོངས་སུ་ཅུང་མཐའ་འཁོབ་ཏུ་ཆགས་ཡོད་པའི་སྐོར་གླེང་སྐབས་གཡང་ལུང་ཡུལ་ཚོའི་དམངས་ཆེན་གྱི་ཀྲུའུ་ཞི་སངས་རྒྱས་དོན་འགྲུབ་ཀྱིས་བཤད་རྒྱུར། གཡང་ལུང་ཡུལ་ཚོ་ནི་རྫོང་མཁར་དང་སྤྱི་ལེ་ཉིས་བརྒྱ་བརྒྱད་ཀྱི་མཚམས་སུ་ཡོད་ཅིང་ཐོ་ལེ་དང་ཆུ་ཁོལ་སོགས་སྲིད་འཛིན་སྡེ་བ་བཞི་དང་སྡོད་ཁུལ་གཅིག་ཡོད་ལ་མི་གྲངས་སྟོང་ཚོ་གསུམ་ལ་ཉེ་བ་ཙམ་ཡོད་ཟེར། སངས་རྒྱས་དོན་འགྲུབ་ནི་སྤྱི་ལོ་གཅིག་སྟོང་དགུ་བརྒྱ་དོན་གཉིས་ལོར་གཡང་ལུང་ཡུལ་ཚོར་སྐྱེས་པ་དང་གཅིག་སྟོང་དགུ་བརྒྱ་གོ་ལྔ་ལོར་བྱ་བའི་ལས་གནས་སུ་ཞུགས། ཡུལ་ཚོ་ཡོངས་ཀྱི་གནས་ཚུལ་ཁོའི་སེམས་སུ་ཧ་ཅང་གསལ་བོ་རེད།
ཕྱུགས་ལས་རྐྱང་རྐྱང་གཉེར་བའི་ཡུལ་ཚོ་ཞིག་ཡིན་པའི་ངོས་ནས་གཡང་ལུང་ཡུལ་ཚོ་ནི་སྔོན་ཆད་ཡུལ་ཚོ་དང་གྲོང་རྡལ་གཞན་དང་བསྡུར་ན་རྗེས་ལུས་ཡིན། ཕྱིས་སུ། རྫོང་གིས་ཆེད་དུ་གཡང་ལུང་ཡུལ་ཚོར་དམིགས་པའི་འཕེལ་རྒྱས་ཀྱི་འཆར་འགོད་གཏན་འཁེལ་བྱས་ནས་འགྲིམ་འགྲུལ་དང་སྡོད་ཁང་སོགས་ཀྱི་ལས་གཞི་སྣ་ཚོགས་ལག་བསྟར་བྱས་པ་དེས་གཡང་ལུང་ཡུལ་ཚོའི་རྨང་གཞི་འཛུགས་སྐྲུན་སྐོར་ལ་འཕེལ་རྒྱས་མངོན་གསལ་བྱུང་།
2012ལོར་ཟི་ལིང་དུ་ལོ་ཁ་ཤས་རིང་བསྡད་པའི་མ་ཡོང་ཁང་ཡང་བསྐྱར་ཁོས་རྟག་ཏུ་དྲན་བཞིན་པའི་ཆི་ལེན་རྫོང་དུ་ལོག ད་ལྟ་ཁོ་རང་རྫོང་ཐོག་ཏུ་བུ་མོ་གཉིས་དང་མཉམ་དུ་འཚོ་བ་རོལ་བཞིན་ཡོད་ནའང་། གཡང་ལུང་ཡུལ་ཚོའི་ད་ལྟའི་འགྱུར་ལྡོག་ནི་ཁོའི་གཉེན་ཉེ་སྤུན་མཆེད་དག་གི་ཁ་ནས་གསལ་བོར་གོ་ཡོད་པ་ནི། “ད་ལྟ་ཡུལ་ཚོ་ཡོངས་སུ་གློག་དྲ་ཆེན་པོ་ཞིག་འཐེན་པས་འོད་ཤུགས་ལ་བརྟེན་ནས་གློག་བཀོལ་སྤྱོད་བྱེད་མི་དགོས།”
“སྡེ་བ་རེ་འགའ་ཡིས་དབུལ་ཞྭ་ཕུད་ཟིན་པ་དང་སྐྱེ་ཁམས་འབྲོག་ལས་མཉམ་ལས་ཁང་ཇི་ཙམ་གཉེར་བ་དེ་ཙམ་གྱིས་ཇེ་ལེགས་སུ་འགྲོ་བཞིན་ཡོད།”
“ཉེ་ཆར་ཡུལ་ཚོ་རུ་རྟེན་རྫས་བཤམས་སྟོན་ཁང་ཞིག་བཙུགས་ནས་ང་ཚོའི་གནས་སྤར་སྐོར་གྱི་ལོ་རྒྱུས་དུམ་བུ་དེ་ཉར་ཚགས་བྱེད་རྩིས་རེད།”ཅེས་པ་སོགས་རེད།
མ་ཡོང་ཁང་གི་ཁྱིམ་གྱི་འཚོ་བ་ཡང་ཐབས་ཆག་ཅིག་མིན་ཏེ། དེ་ནི་སྤུས་ལེགས་ཚོང་ཁང་དེ་ཕུད་རྗེས་ད་དུང་ཇ་ཁང་ཞིག་ཀྱང་ཡོད་པ་རེད། འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་ཡག་ཏུ་འགྲོ་བཞིན་ཡོད།མ་ཡོང་ཁང་གིས་ད་དུང་དུས་རྒྱུན་དུ་ཁྱིམ་གྱི་རྗེས་རབས་པ་ཚོར་སྐབས་དེ་དུས་ཀྱི་གཏམ་རྒྱུད་བཤད་ཀྱི་ཡོད། ཁོ་ལ་བག་ཆགས་ཆེས་གཏིང་ཟབ་པ་ཞིག་ནི་ཐོག་མར་གནས་སྤོར་བྱེད་པར་ཕ་ཡུལ་དང་ཁ་བྲལ་བའི་ཞོགས་པ་དེ་རེད། “སྐབས་དེ་དུས་འགྲོ་འདུག་བྲེལ་བ་ཆེ་བས་ཐག་རིང་ནས་ཕྱི་མིག་བལྟས་ཚེ་ད་དུང་ཐབ་ཀྱི་དུ་བའང་མཐོང་ཐུབ་ཀྱི་འདུག”ཟེར། ལོ་60ལྷག་ཙམ་རིང་གི་ལོ་རྒྱུས་ཀྱིས་ཕ་ཡུལ་གྱི་རྣམ་པ་རབ་རིབ་ཏུ་གྱུར་ཡོད་མོད། ཡིན་ནའང་འདས་ཟིན་ལ་ཕྱི་དྲན་བྱེད་ཞོར་མ་ཡོང་ཁང་གིས་འཛུམ་མདངས་དང་བཅས་ཏེ་ང་རང་ཆི་ལེན་དུ་བསྡད་ན་སྐྱིད་པོ་རེད་ཟེར།
ཡིག་སྒྱུར་བ། གཡང་འབུམ་རྒྱལ།